སྡེ་དགེ་དགོན་ཆེན་དགོན་དཔལ་ལྡན་ལྷུན་འགྲུབ་སྟེང་།

རབ་བརྟན་དགེ་ལེགས་ཕུན་ཚོགས།

ཁམས་སྡེ་དགེ་དགོན་ཆེན་དཔལ་ལྡན་ལྷུན་འགྲུབ་སྟེང་གི་ཆོས་གྲྭ་ཞེས་པ་རབ་བྱུང་བརྒྱད་པའི་མེ་སྟག་སྤྱི་ལོ་༡༤༤༦ལོར། གངས་ཅན་བོད་ཀྱི་གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོ་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་དང་པོ་བོ་ཐར་བཀྲ་ཤིས་སེང་གེ་རྣམ་གཉིས་མཆོད་ཡོན་ཟུང་དུ་འབྲེལ་བས་ཕྱག་བཏབ། གྲུབ་ཆེན་ཐང་རྒྱལ་ས་སྐྱ་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དངོས་སློབ་ཡིན་པས་དགོན་པ་འདི་ཡང་ས་སྐྱའི་རིང་ལུགས་སྐྱོང་བའི་དགོན་སྡེ་ཞིག་ཏུ་གྱུར། ཆོས་གྲྭ་ཆེན་མོ་འདི་ཉིད་སྡེ་དགེ་ཆོས་ཀྱི་རྒྱལ་པོ་རིམ་པར་བྱོན་པ་རྣམས་ཀྱིས་རྩ་བའི་མཆོད་གནས་གདན་སར་མཛད་ནས། དབུ་བླའི་གཙོ་བོ་གདན་ས་ཆེན་པོ་ས་ངོར་གཉིས་ནས་རྒྱུན་མ་ཆད་པར་ཆེད་དུ་གདན་དྲངས་པ་དང་། གཞན་ཡང་མཁས་ཤིང་གྲུབ་པའི་སྐྱེས་ཆེན་བགྲང་ལས་འདས་པ་ཞིག་བྱོན་ཏེ། ཆོས་གྲྭ་འདི་ཉིད་དུ་མདོ་སྔགས་ཀྱི་བཤད་སྲོལ། སྒོམ་སྒྲུབ་ཀྱི་ཉམས་ལེན། ཆོ་གའི་ཕྱག་ལེན་ཚུན་དཔལ་ས་ངོར་ཚར་གསུམ་གྱི་རིང་ལུགས་དྲི་མ་མེད་པའི་རྒྱུན་བཙུགས། དགོན་པའི་ཚོགས་ཆེན་དང་། གཏོར་འཆམ་སོགས་ཀྱི་སྐབས་སུ་ཆོས་རྒྱལ་ཆེན་པོ་ཉིད་ཚོགས་པའི་དབུར་བཞུགས་སུ་ཕེབས་ནས་གྲྭ་ས་ཆེན་པོའི་སྲོལ་དང་རྒྱུན་གྱི་དགོན་པའི་སྒྲིག་སྲོལ་ཤིན་ཏུ་དམ་པར་མཛད། ཆོས་གྲྭ་འདི་ཉིད་དུ་སྡེ་དགེའི་མདུན་སྐོར་ཁག་ཡོངས་ནས་གྲྭ་ཁང་ཡོད་དགོས་པ་དང་། སྐུ་ངོ་རེ་གྲྭ་པ་བྱེད་དགོས་པ། གར་འཆམ་དང་གཏོར་བོག་འཕེན་སྐབས་མདུན་སྐོར་ཚང་མ་ལུགས་མཐུན་གྱི་མཛད་སྒོར་ཞུགས་དགོས་པ་དང་། དུས་མཆོད་མང་པོའི་སྤྱི་པ་མདུན་སྐོར་ཁག་ནས་ཁུར་དགོས་པ་སོགས་དགོན་པ་འདིས་སྡེ་དགེའི་མངའ་ཁོངས་ཡོངས་ལ་དབང་བསྒྱུར་བ་ཡིན། བླ་གྲྭ་མང་དུས་སྟོང་ཕྲག་ཕྱེད་གཉིས་ཙམ་དང་། ཉུང་དུས་བདུན་བརྒྱ་སྐོར་ཡོད། སྡེ་དགེའི་ཡབ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་གྱིས་མདོ་སྔགས་རིག་གནས་དང་བཅས་པའི་བཤད་གྲྭ་དང་། དྲྭ་མ་སྒང་དུ་སྙན་བརྒྱུད་འཛིན་པའི་སྒྲུབ་གྲྭ་གསར་དུ་བཙུག་པ་ནས་བཟུང་རྒྱལ་བསྟན་ལུང་རྟོགས་ཀྱི་རྩ་བ་བཤད་སྒྲུབ་ཀྱི་སྡེ་ཡང་དར་ཞིང་རྒྱས་པར་གྱུར། ཐང་རྒྱལ་ལྷ་ཁང་དང་། འདུ་ཁང་བསམ་འགྲུབ་མཐོང་གྲོལ་ཆེན་མོ། སྤར་ཁང་ཆོས་མཛོད་ཆེན་མོ་ངོ་མཚར་བཀྲ་ཤིས་སྒོ་མང་སོགས་ལྷ་ཁང་ཁག་སུམ་ཅུ་སོ་ལྔ་དང་། སྡེ་དགེ་ཁྲི་རབས་རིམ་བྱོན་གྱི་ཕོ་བྲང་ཆེན་མོ་རྣམ་རྒྱལ་ཁང་བཟང་ལ་འགྲན་པ་ལྟ་བུ་ཡོད། རྟེན་གྱི་གཙོ་བོ་ཐུབ་སྐུ་རྒྱབ་ལུང་མ་སོགས་སྐུ་རྟེན་དཀོན་ཞིང་རིན་ཆེ་བ་ཁྲིར་ལོངས་པ་དང་། གསེར་བྲིས་ཀྱི་བཀའ་འགྱུར་ཚར་གཉིས་དང་། དངུལ་བྲིས་ཀྱི་བསྟན་འགྱུར་ཚར་གཅིག་སོགས་གསེར་དངུལ་གྱིས་བྲིས་པ་དང་། སྐྱ་པོད་བགྲང་ལས་འདས་པ། སྡེ་དགེའི་པར་ཁང་དུ་བཀའ་བསྟན་འགྱུར་གྱིས་གཙོས་པའི་སྤར་ཤིང་ཁྲི་ཉི་ཤུ་རྩ་གྲངས་ཤིག་ཡོད། ཙནྡན་དཀར་དམར་སྤེལ་མ་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་ཆ་བརྒྱད་ཐོག་ཚད་ཅན་དང་། རྒྱལ་རབས་རིམ་བྱོན་དང་སྐྱེས་ཆེན་མང་པོའི་གདུང་རྟེན་ཤིན་ཏུ་ངོ་མཚར་ཆེ་བ་གྲངས་མང་བ་སོགས་རིག་གནས་ཀྱི་ཤུལ་བཞག་ཆེན་པོ་ཡོད་པ་བཅས་དཔལ་ལྡན་ས་སྐྱ་པའི་དགོན་པ་གྲགས་ཆེན་ཞིག་གོ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*