༸སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་གི་སྐོར་རྫོང་གསར་༸མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་བཀའ་འདྲི།

ཁྱེད་རྣམ་པའི་དྲི་བ་དང་པོ་དེ།

ང་དང་༸སྐྱབས་མགོན་གོང་མ་རིན་པོ་ཆེའི་བར་དུ་འབྲེལ་བ་གང་ཞིག་ཡོད་དམ་ཞེས་དྲིས་གནང་འདུག

 ༸སྐྱབས་མགོན་གོང་མ་རིན་པོ་ཆེ་དང་འབྲེལ་བ་གཙོ་བོ་དེ་ཆོས་ཕྱོགས་ཀྱི་འབྲེལ་བ་རེད་ལ་དེ་ཡང་བླ་མ་དང་སློབ་མའི་འབྲེལ་བ་ཡོད་པ་ཞིག་རེད། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་མང་པོའ་ིདབང་ལུང་ཁྲིད་གསུམ་ཞུ་ཡུལ་གྱི་རྩ་བའི་བླ་མ་གཙུག་གི་ནོར་བུ་ཞིག་ཡིན་སྟབས་ངའི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ཀྱང་ལྷག་པའི་བཀའ་དྲིན་ཅན་ཞིག་ཆགས་ཡོད། དེ་བཞིན་ང་རང་ཉིད་ཀྱི་མི་ཚེའི་གནས་སྟངས་ཀྱི་ཐོག་ནས་ཡིན་ནའང་འཇམ་དབྱངས་མཁྱེན་བརྩེའི་ཡང་སྲིད་དུ་ངོས་འཛིན་བྱེད་མཁན་དེའང་ཁོང་ཡིན་དུས་ཕྱོགས་གང་ཐད་ནས་འབྲེལ་བ་ཟབ་མོ་ཡོད་པ་ཞིག་རེད།

དྲི་བ་གཉིས་པ་དེ་ངའི་ངོས་ནས།

ཁོང་གི་ཡོན་ཏན་དང་མཛད་རྗེས་གཙོ་བོ་དེ་གང་མཐོང་གི་འདུག་གམ་ཞེས་དྲིས་གནང་འདུག

སྤྱིར་བཏང་ཁོང་གི་མཛད་རྗེས་དང་ཡོན་ཏན་དེ་དག་ང་ཚོ་སོ་སོ་སྐྱེ་བོས་བསམ་གྱིས་མི་ཁྱབ་པ་ཞིག་ཏེ་བློ་ཡུལ་དུ་ཤོང་མི་ཐུབ་པ་ཞིག་རེད། མཁས་པ་དང་། བཙུན་པ། བཟང་པོའ་ིཡོན་ཏན་ཡོད་པར་བཤད་མ་དགོས་པ་ཞིག་རེད་ལ། དེ་བཞིན་དེང་སྐབས་ཀྱི་མི་དང་སྒོ་བསྟུན་ནས་བཤད་ན་ང་ཚོའི་༸སྐྱབས་མགོན་རིན་པོ་ཆེ་འདི་ཉིད་ཞེ་ས་མ་ཞུས་པའི་ཐོག་ནས་ཁ་ཐུག་ཞུས་པ་ཡིན་ན། མིའི་རྒྱུ་དག་དེ་ཧང་སང་དགོས་པའི་མི་གཞི་བཟང་པོ་ཞིག་རེད། འདི་གནད་འགག་ཆེན་པོ་ཞིག་རེད་དྲན་གྱི་ཡོད། འོན་ཏེ་སྐད་ཆ་བཤད་ཕྱོགས་ཀྱི་ངོས་ནས་མི་ཁ་ཤས་ཀྱི་གོ་བ་ལེན་གྱི་ཡོད་མེད་ཧ་མི་གོ། དཔེར་ན་བླ་མ་ཁ་ཤས་བླ་མ་ཡག་པོ་ཡིན་པར་མ་ཟད་མཁས་བཙུན་གྱི་ཡོན་ཏན་ལྡན་ཡང་། མི་གཞི་དེ་ཉིད་གཤིས་རྒྱུད་གྱོང་པོས་སུ་ལའང་མི་བསྟུན་པ་དང་། དེང་སང་གི་དུས་རབས་དང་ཡང་བསྟུན་མི་ཐུབ་པའི་ཐུགས་གཤིས་གྱོང་པོ་ཅན་ཞིག་ཡིན་ན་བླ་མ་རང་གི་ངོས་ནས་ཁྱད་པ་གང་མེད་ནའང་། ང་ཚོ་ལྟ་བུར་རང་རྒྱུད་ཉོན་མོངས་པའི་འཆིང་བ་ཀུན་ལྡན་གྱི་སློབ་མ་རྣམས་ལ་དཀའ་ལས་ཁག་པོ་བཟོ་རྒྱུ་རེད། ༸སྐྱབས་མགོན་གོང་མ་རིན་པོ་ཆེ་ནི་མིའི་སྐུ་གཞི་དེ་ཧ་ཅང་ཡག་པོ་ཞིག་རེད། ༸སྐྱབས་མགོན་གོང་མ་རིན་པོ་ཆེའི་མི་གཞི་བཟང་པོ་དེས་ཡིད་དབང་འདྲ་བོ་འཕྲོག་སྟེ་ང་རང་གི་ངོས་ནས་ཆོས་ཕྱོགས་ཙམ་མིན་པར་འཇིག་རྟེན་གྱི་ཐོག་ནས་ཀྱང་བློ་འདྲི་ཡུལ་དང་། སྐྱིད་སྡུག་ཀྱི་སྐད་ཆ་ཞུ་ཡུལ། ཡིད་ཆེས་བྱེད་ཡུལ་ཞིག་ཏུ་ཆགས་ཡོད།

དྲི་བ་གསུམ་པ་དེ་༸སྐྱབས་མགོན་གོང་མ་རིན་པོ་ཆེ་རྟེན་སྔགས་འཆང་དུ་བཞུགས་པ་དེ་ལ་ངའི་ངོས་ནས་མཐོང་ཚུལ་གང་ཡོད་ཅེས་གསུངས་འདུག

སྤྱིར་བཏང་བོད་གངས་ཅན་ལྗོངས་སུ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་ཞེས་པའི་ལུགས་སྲོལ་ཞིག་ཡོད་པ་རེད། དེས་ན་མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་སུ་དབུ་ཡི་རལ་པ་ས་ལ་བཏིང་ནས་དེའི་ཐོག་ཏུ་འགྲོ་ཆོག་པའི་རིགས་གཉིས་ཡོད་ཅེས་གསུངས་ཡོད། དང་པོ་དེ་འཕགས་པའི་དགེ་འདུན་པ་སྟེ་གྲྭ་པ་རྣམས་དང་། གཉིས་པ་དེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་དེ་རེད། བོད་པའི་བསམ་བློ་བཏང་ཚུལ་ནང་དུ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་འདི་གནད་འགག་ཆེན་པོ་ཞིག་ཆགས་ཡོད། ད་དུང་ང་རང་ཉིད་ཀྱི་བསམ་པ་དེང་གི་དུས་སུ་ནང་པ་སངས་རྒྱས་པའི་ཆོས་འདི་བོད་པའི་སྤྱི་ཚོགས་ཙམ་དུ་མ་ཟད་ཕྱོགས་གང་སར་ཁྱབ་སྤེལ་འགྲོ་དང་འགྲོ་བཞིན་པའི་སྐབས་སུ་ཆོས་ལ་ཐོས་བསམ་གྱི་དོ་སྣང་ཡོད་མཁན་དང་། ཡང་ཉམས་ལེན་བྱེད་འདོད་ཀྱང་ཡོད་མཁན་གྱི་དུས་ཚོད་ཅིག་ལ་སླེབས་ཡོད་སྟབས། ཚང་མ་གྲྭ་པ་བྱེད་མི་དགོས་པར་ཞེ་ས་མ་ཞུས་ན་མི་སྐྱ་ཞིག་ཡིན་ནའང་ཆོས་བྱས་ནས་ཐར་པ་ཐོབ་རྒྱུ་ཡོད་པའི་གནས་སྟངས་ཤིག་ཡིན་དུས། ༸སྐྱབས་མགོན་གོང་མ་རིན་པོ་ཆེ་རྟེན་སྔགས་འཆང་དུ་བཞུགས་པ་དེས་མི་མང་པོ་ཞིག་ལ་སེམས་ཤུགས་བསྐྱེད་ཐུབ་པའི་རྒྱུ་རྐྱེན་དང་མཛད་རྗེས་དམིགས་བསལ་ཅན་ཞིག་ཏུ་ཆགས་ཡོད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད།

དྲི་བ་བཞི་པ་དེ་ང་ཚོ་དཔལ་ལྡན་ས་སྐྱ་པའི་སློབ་བརྒྱུད་རྣམས་ཀྱིས་ས་སྐྱའི་བསྟན་པ་སྤྱི་དང་བྱེ་བྲག་ལ་ཞབས་ཞུས་བྱེད་ཚུལ་གང་འདྲ་ཞིག་དགོས་རེད་ཅེས་དྲིས་གནང་འདུག

དེའི་སྙིང་དོན་མདོར་བསྡུས་ཏེ་ཞུས་པ་ཡིན་ན་གཙོ་བོ་༸སྐྱབས་མགོན་གོང་མ་རིན་པོ་ཆེའི་ཐུགས་དགོངས་བཞེད་ཕྱོགས་གང་ཞིག་ཡོད་པ་དེ་ཉིད་ང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་ཧ་གོ་བར་བྱས་ཏེ་དགོངས་པ་གང་ཡོད་པ་དེ་ཉིད་དང་མཐུན་པའི་སྒོ་ནས་ཞབས་ཞུ་བྱེད་རྒྱུ་དེ་གལ་ཆེ་ཤོས་སུ་མཐོང་གི་ཡོད། དེ་བཞིན་ང་རང་སྒེར་གྱི་བསམ་བློ་ཐོག་ནས་ཞུས་ན་ང་རང་ཚོ་ལ་ལེགས་ཆ་དང་ཉེས་ཆ་གཉིས་ཀ་ཡོད་ཀྱང་ང་རང་ཚོའི་ངོས་ནས་ཡག་ཤོས་དང་། ཕུན་སུམ་ཚོགས་ཤོས། གཙང་ཤོས། དེ་བཞིན་གཟི་བརྗིད་ཆེ་ཤོས་ཡིན་སྙམ་པའི་བསམ་བློ་ཞིག་ཁུར་ནས་དེ་ཉིད་ཁ་ཕོ་རུས་ལྟ་བུར་བརྩི་བཞིན་ཡོད་ན་ཡག་པོ་དང་གཟི་བརྗིད་ཅན་ཞིག་ལ་ཞབས་ཞུ་བྱེད་མི་དགོས་པ་ལྟ་བུར་རེད། དེ་ལྟར་མིན་ན་དངོས་དང་བརྒྱུད། སྤྱི་དང་བྱེ་བྲག་གང་ཐད་ནས་སློབ་སྦྱོང་དང་ཉམས་ལེན་ཕྱོགས་གང་ཐད་ནས་འཐུས་ཤོར་འགྲོ་བཞིན་ཡོད་ས་རེད་སྙམ་པའི་སྒོ་ནས་ང་རྒྱལ་མེད་ཅིང་ཁེངས་བསྐྱུངས་དང་ལྡན་པ་ཞིག་དང་། དེ་བཞིན་རང་སྐྱོན་ལའང་བལྟ་ཐུབ་པ་ཞིག་གི་སྒོ་ནས་ང་རང་ཚོ་ས་སྐྱ་པའི་སློབ་མ་རྣམས་ཀྱིས་བསྟན་པ་ལ་ཞབས་ཞུ་བྱེད་རྒྱུ་དེ་ཉིད་གནད་འགག་ཆེན་པོ་རེད་དྲན་གྱི་ཡོད།།

ཨ་རི་མི་ནི་སོ་ཀྲ་ལ་ཡོད་པའི་ས་སྐྱ་ཆོས་ཚོགས་ཐུབ་བསྟན་དར་རྒྱས་གླིང་གིས་བཅའ་འདྲི་ཞུས་པར་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་བཀའ་ལན་གནང་བ་འདི་ཉིད་མཁན་པོ་ཀུན་དགའ་འཕྲིན་ལས་ནས་བརྙན་ཐག་ལས་ཕབ་བཤུས་བྱས།

གསེར་ཐང་རྩོམ་རིག་དགའ་ཚལ་གྱི་སྤྱི་སྟེགས་ལས། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*