ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག

རྩོམ་པ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། 

བོད་ཆེན་སྡེ་དགེའི་མངའ་འོག་བྱང་འབྲོག་གི་སའི་ཆ་ཡིད་ལྷུང་ཞེས་ཡུལ་གྱི་དགེ་མཚན་ཚང་བ་དེར། ཡབ་དཔའ་རྩལ་གེ་སར་ལ་འགྲན་བཟོད་ཅིང་། སྐུ་ལྷ་གེ་མཛོ་གཉན་པོའི་སྲས་སུ་གྲགས་པ་ལྷ་མི་དར་རྒྱས་དང་། ཡུམ་སོག་མོའི་སྲས་སུ་མེ་སྤྲེལ་དབྱར་ཟླ་དང་པོའི་ཚེས་གཅིག་ལ་སྐུ་འཁྲུངས། ཆུང་ངུ་ནས་ཆོས་ལ་མོས་པའི་བག་ཆགས་སད། དགུང་ལོ་བཅོ་ལྔ་པར་ཕྱོགས་དེའི་ངོར་ལུགས་ཀྱི་དགོན་སྡེ་ལྷ་རྒྱལ་སྲང་སྲིད་གསུམ་དགེ་ལེགས་ཡོངས་འདུས་སུ་ཕེབས། མཚུངས་བྲལ་ཆོས་རྗེ་བླ་མ་རིན་པོ་ཆེའི་ཞབས་ཕྱིར་གཅར་བཞུགས་ངོས་བསླབ་གཉེར་ལ་བརྩོན་པར་མཛད། དགུང་ལོ་ཉེར་ལྔ་པར་དབུས་གཙང་དུ་ཕེབས། ངོར་ཨེ་ཝྃ་ཆོས་ལྡན་གྱི་ཆོས་གྲར་མཁས་གྲུབ་ཆེན་པོ་ངག་དབང་དམ་ཆོས་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་གསན་པ་ནས་བཟུང་བསླབ་བྱ་ལ་གཅེས་སྤྲས་སུ་མཛདཅིང་དཔལ་ཀྱེ་རྡོ་རྗེའི་ལམ་དུས་ཀྱི་རྣལ་འབྱོར་ཆགས་མེད་ཀྱི་ཉམས་གཞེས་གནང་། གཞན་ཡང་ས་ངོར་གྱི་དམ་པ་རྣམས་ལས་ཆོས་འབྲེལ་ཅི་རིགས་པ་གསན། ཕྱིར་ཕེབས་འཕྲལ་དབེན་པའི་རི་ཁྲོད་དུ་ཟབ་མོའི་ཉམས་བཞེས་ལ་བརྩོན་པར་དགོངས་ནའང་། རེ་ཞིག་ཆོས་རྗེ་བླ་མའི་ཞབས་འགྱུར་དང་། དེ་རྗེས་ཡབ་ཀྱིས་སྐུ་དབང་བཙན་པོས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་འབྱོན་དགོས་བྱུང་། སླར་མི་རིང་བར་དབེན་གནས་དྲྭ་མ་སྒང་དུ་གྲུབ་ཆེན་ཀུན་དགའ་བློ་ལྡན་པའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན། གསུང་ངག་རིན་པོ་ཆེ་ཚོགས་བཤད་ཀྱི་ཁྲིད་ཡིག་འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་མཛེས་རྒྱན་རྣམ་གཉིས་ཐུགས་སུ་ཆུད་པ་དང་བསྟུན་ཞིབ་བཤད་ཀྱིས་མཚོན་སྨིན་གྲོལ་གྱི་གདམས་པ་མང་དུ་གསན།
གཞན་ཡང་ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་དང་། མཐུ་སྟོབས་ཀྱི་དབང་ཕྱུག་ཨ་ཛི་ངག་དབང་ཆོས་འབྱོར་སོགས་ལས་ཀྱང་དབང་ཁྲིད་མན་ངག་ཅི་རིགས་པ་བཞེས། གཙོ་བོར་དབེན་གནས་དེ་ཉིད་དུ་ཐོག་མར་རེ་གུར་ལ་བརྟེན་ཅིང་། ཕྱིས་ཚེ་མདོའི་སྒྲུབ་ཁང་དུ་བཞུགས་ནས། ཤ་ཆང་ཤ་གོས་སོགས་སྡིག་ཟས་དང་ལོག་འཚོའི་ཚོགས་རིང་དུ་བསྲིངས། གཞི་འདུལ་བའི་ཀུན་སྤྱོད་ཤིན་ཏུ་དག་པ་ལ་གནས་ནས་དཔལ་ཀྱེ་རྡོ་རྗེ་གཙོ་བོར་གྱུར་པའི་ལམ་ཟབ་མོའི་རྣལ་འབྱོར་ལ་བརྩོན་པ་དྲག་པོ་ལྷུར་བཞེས་པས་གེགས་སྐྱོན་རྣམས་གྲོལ། ཉམས་རྟོགས་ཀྱི་ཡོན་ཏན་སྒོ་དུ་མ་འཁྲུངས། ཞག་འགར་ཏིང་ངེ་འཛིན་གྱི་ངང་དུ་འབྱམས་པ་བྱུང་། དེ་སྐབས་ཤིག་རང་ཡུལ་དུ་ཕེབས་ནས་ཡིད་ལྷུང་ལྷ་རྒྱལ་སྲང་གི་དགོན་སྡེར་ཆོས་རྗེ་རྒན་པོས་སྤྱན་དྲངས་ཤིང་ཡིད་ལྷུང་དགོན་སྡེའི་གཙུག་གི་ནོར་བུར་བཀུར། རིགས་གསུམ་སྤྱི་དང་། གདུགས་དཀར་གྱི་དབང་། དཔལ་གུར་གྱི་མགོན་པོའི་དབང་རྗེས་ལུང་ཁྲིད་སོགས་ཟབ་ཆོས་ཀྱི་བདུད་རྩི་སྩལ། འདི་དུས་མཁས་དབང་སྡེ་དགེའི་ཤར་བླ་མ་མཁས་གྲུབ་ཀུན་དགའ་དཔལ་ལྡན་ཀྱང་ཐོག་མར་རྗེས་སུ་བཟུང་ཞིང་། རྨི་ལམ་གྱི་རྟགས་མཚན་དགེ་བས་སླར་ཐུགས་ཀྱི་སྲས་སུ་འགྱུར་བའི་རྟེན་འབྲེལ་འགྲིགས། བཀའ་ཆོས་སྩལ་སྐབས་ཆོས་སྲུང་དགྱེས་པའི་མཚན་མར་དར་ལྕོག་གི་རྩེ་ནས་མེ་ལྕེ་འབར་བ་དང་། ཤོ་རོང་རྡོ་རྗེ་རྩེ་རྒྱལ་གྱི་བླ་མཚོ་ནས་ནོར་བུ་དབྱིག་ཏུ་གྲགས་པའི་རྡོ་གཏེར་དང་། ཡུལ་ལྷ་གེ་མཛོ་གཉེན་པོའི་མདུན་ནས་ཐུབ་དབང་གི་སྐུ་ཀླུ་འཇིམ་ལས་གྲུབ་པ་སོགས་རྫས་གཏེར་གྱི་རྣམ་པའང་ཕྱག་ཏུ་སོན། དེ་ནས་དཔལ་སའི་ཚངས་པ་སྡེ་དགེ་ཆོས་རྒྱལ་ཆེན་པོ་རིགས་ལྡན་ཚེ་དབང་རྡོ་རྗེས་དབུའི་མཆོད་གནས་སུ་བཞེས་ཤིང་། མཆོད་ཡོན་གཉིས་ཀ་དབུས་གཙང་དུ་ཆིབས་བསྐྱོད་གནང་། ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་རྟེན་གསུམ་རྣམས་ལ་ཕྱག་མཆོད་བསྙེན་བཀུར་དཔག་མེད་མཛད། ཁྱད་པར་སྙན་བརྒྱུད་བསྟན་པའི་འབྱུང་གནས་ཡར་ཀླུང་བཀྲ་ཤིས་ཆོས་སྡེར་གནས་གསར་དབོན་རིན་པོ་ཆེའི་མཆོག་སྤྲུལ་ནམ་མཁའ་ལེགས་པ་ལྷུན་གྲུབ་དང་མཇལ། གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྨིན་གྲོལ་ཆ་ལག་དང་བཅས་པ་རྫོགས་པར་གསན་པས་སྙན་བརྒྱུད་བཞིའི་རྟེན་འབྲེལ་རང་ཤུགས་ལ་འགྲིགས། རྗེ་དེ་ཉིད་ཀྱིས་གྲུབ་པའི་དབང་ཕྱུག་སྤྲོ་ལུང་པ་བསོད་ནམས་ཆོས་འཕེལ་གྱི་རྣམ་འཕྲུལ་དུ་ལུང་བསྟན་པས་མཚོན་ཏེ། དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། གྲུབ་པའི་དབང་པོ་ཐང་སྟོང་རྒྱལ་པོ་སོགས་ཀྱི་སྤྲུལ་པར་གྲགས་པའི་ཡི་གེས་མཛེས། ངོར་ཨེ་ཝྃ་ཆོས་ལྡན་དུ་ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཀྱང་ཟབ་ཆོས་ཀྱི་བདུད་རྩི་ཇི་སྙེད་པ་དང་དཔལ་ས་སྐྱར་གངས་ཅན་བསྟན་པའི་བདག་པོ་འཇམ་མགོན་ཀུན་དགའ་བཀྲ་ཤིས་མཆེད་ཞལ་རྣམས་ནས་ཀྱང་དགྱེས་པ་ཆེན་པོས་རྗེས་སུ་བཟུང་། དབང་ལུང་མན་ངག་ཅི་རིགས་པ་གསན། ལྷག་པར་ཁྱབ་བདག་རྡོ་རྗེ་བཙུན་མོའི་རྣམ་འཕྲུལ་རྗེ་བཙུན་རིན་པོ་ཆེ་མཁའ་སྤྱོད་དབང་མོ་འཆི་མེད་བསྟན་པའི་ཉི་མ་ལས་གྲུབ་ཆེན་ནཱ་རོ་ཏཱ་པའི་ཐུགས་བཅུད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྨིན་གྲོལ་། ཆ་ལག་དང་བཅས་པ་ཉམས་ཁྲིད་དུ་གསན། དེ་སྐབས་རྗེ་བཙུན་རིན་པོ་ཆེ་ཉིད་སྐུ་ན་སྨིན་པས་སྤྱན་ཅུང་ཟད་མི་གསལ་བའི་ཚུལ་སྟོན་ཀྱང་། རྗེ་འདི་ལ་བཀའ་ཆོས་སྩལ་བ་ནས་སྤྱན་ཇེ་གསལ་དུ་སོང་བས་སྣོད་ལྡན་གྱི་སློབ་མའི་མཆོག་ཏུ་བསྔགས་ཤིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། བྱིན་རླབས་གནང་བའི་ཚེ་ནང་མཆོད་ཀྱི་བདུད་རྩི་སྦུ་བ་དང་བཅས་ཁོལ་བའི་རྒྱུན་ལས་རྗེ་འདི་ཉིད་ཀྱིས་ཡང་ཡང་བཞེས་པས་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པས་མཚོན་བླ་སློབ་གཉིས་ཀས་གྲུབ་པའི་རྟགས་མཚན་མངོན་སུམ་དུ་སྣང་བར་མཛད། སླར་ཡང་མཆོད་ཡོན་ཕེབས་ལམ་བདེ་བར་སྡེ་དགེ་ལྷུན་འགྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་ཞབས་པད་བཀོད་ཅིང་དབུ་བླ་སྔར་རྒྱུན་ལྟར་གནང་། ལུགས་གཉིས་ཀྱི་མངའ་ཐང་ལྷག་པར་འཕེལ། ཐོག་མར་མཁན་ཆེན་རྡོ་རྗེ་འཆང་སངས་རྒྱས་ཕུན་ཚོགས་མྱ་ངན་ལས་འདས་པའི་སྐབས་གདུང་རུས་ཀྱི་སཱ་ཙྪ་རྣམས་ཕྱོགས་དེར་འཇོག་དགོས་པར་བཀས་གནང་ནས་མ་འོངས་པ་ན་སྒྲུབ་གྲྭ་འབྱུང་བར་དོན་གྱིས་ལུང་བསྟན། བར་དུ་གྲུབ་ཆེན་ཀུན་དགའ་བློ་ལྡན་གྱིས་སྒྲུབ་པའི་རྒྱལ་མཚན་བཟུང་ཞིང་སྣོད་ལྡན་གྱི་སློབ་མའང་ཅི་རིགས་པར་འདུས། མཐར་དམ་པ་འདི་ཉིད་ཀྱིས་མནལ་ལམ་གྱི་རྟགས་མཚན་དགེ་བ་ལ་བརྟེན་ནས་ས་དབང་ཆོས་རྒྱལ་ཆེན་པོར་སྙན་བསྐུལ་ཞུས་པ་བཞིན་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ། ལོ་གསུམ་གྱི་ཁོངས་སུ་དབེན་རི་གྲྭ་མ་སྒང་གི་སྒྲུབ་སྡེ་སློབ་བཤད་སྨིན་གྲོལ་རབ་འཕེལ་གླིང་གི་རྟེན་དང་བརྟེན་པར་བཅས་པ་གེགས་མེད་དུ་གྲུབ། ཕྱི་ཉན་ཐོས་འདུལ་བའི་ཀུན་སྤྱོད་ཤིན་ཏུ་དག་པ་ལྷུར་ལེན་ཅིང་། ནང་དུ་དཔལ་ཀྱེ་རྡོ་རྗེའི་རིམ་གཉིས་ཀྱི་རྣལ་འབྱོར་ལ་ཉམས་བཞེས་རྩེ་གཅིག་ཏུ་མཛད་པའི་སྤོང་བ་པ་ཉི་ཤུ་རྩ་བདུན་ལ་ཆོས་ཀྱི་རྒྱལ་པོས་འཚོ་བ་བླ་ནས་སྦྱར། རྗེ་འདིས་གསུང་ངག་རིན་པོ་ཆེ་སློབ་བཤད་གཙོ་བོར་གྱུར་པའི་སྨིན་གྲོལ་གདམས་ཟབ་ལྷུག་པར་སྩལ་ཏེ་ཟབ་དོན་སྙིང་པོའི་བསྟན་པ་ཉིན་མོ་ལྟར་མཛད། དེ་སྐབས་སྒྲུབ་གྲྭའི་མཆོད་ཐེབས་བསྟན་དགྲ་གཟུར་པས་བཅོམ་པ་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པའི་སྒོ་ནས་ལས་སྦྱོར་མཛད་པས་འཕྲལ་དུ་རྟགས་མཚན་ཐོན་ཅིང་། ས་དབང་ཆེན་པོས་ཀྱང་གཏང་རག་གི་ཚུལ་དུ་སྒྲུབ་དུས་ཀྱི་མགོན་པོའི་སྐུ་རིན་ཆེན་གཉིས་པ་ལས་གྲུབ་པའི་ངོ་མཚར་ཅན་བཞེངས་པར་གནང་། དེ་ནས་སྔར་རྗེ་བཙུན་རིན་པོ་ཆེ་འཆི་མེད་བསྟན་པའི་ཉི་མའི་སྤྱན་སྔར་དམ་བཅས་མཛད་པ་བཞིན་དབེན་རི་གྲྭ་མ་སྒང་དུ་བྱོན། སྔོན་ཆད་སུས་ཀྱང་མཐོང་ཐོས་སུ་མ་བྱུང་ཞིང་། ཕལ་གྱིས་ཤིན་ཏུ་བགྲོད་དཀའ་བའི་ཡང་དབེན། གངས་ཅན་བྲག་དཀར་དུ་གྲགས་པའི་སྐེད་པར་ཐོགས་མེད་དུ་བྱོན་ནས་རྗེ་ཉིད་གཅིག་པུར་ཟླ་བ་བཅོ་ལྔའི་བར་རྡོ་རྗེ་རྣལ་འབྱོར་མའི་ལམ་ཟབ་མོ་ལ་རྩེ་གཅིག་ཏུ་གཞོལ་བས། དང་པོར་གནས་བདག་གི་ཆོ་འཕྲུལ་དང་སློང་ཚད་ཅི་རིགས་པ་བྱུང་ནའང་། བྱང་ཆུབ་སེམས་གཉིས་ཀྱི་ཐུགས་དམ་རྩལ་དུ་བཏོན་པས་ཆོ་འཕྲུལ་ཐམས་ཅད་རང་ཞིར་གྱུར་ཏེ་འབྱུང་པོ་རྣམས་བྲན་བཞིན་དུ་བཀའ་མཉན། ཉམས་རྟོགས་ཀྱི་ཡོན་ཏན་དབྱར་མཚོ་ལྟར་རྒྱས། གྲུབ་པའི་གྲགས་སྙན་ཆེས་ཆེར་གསལ། དམ་བཅའ་མཐར་ཕྱིན་ནས་སླར་ཡང་ཆོས་རྒྱལ་ཆེན་པོས་སྤྱན་དྲངས། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་རྗེ་བཙུན་རྡོརྗེ་རྣལ་འབྱོར་མའི་སྨིན་གྲོལ་ཆ་ལག་དང་བཅས་པ་རྫོགས་པར་ཆིག་བརྒྱུད་དུ་ཕུལ་བས་ཟབ་དོན་གྱི་ཕྲིན་ལས་སྲིད་མཐར་རྒྱས་པའི་སྨན་ཡོན་དུ་གྱུར། དེས་མཚོན་སྣོད་ལྡན་རྣམས་ལ་སྨིན་གྲོལ་གྱི་གདམས་པ་དཔག་ཏུ་མེད་པས་རྗེས་སུ་བཟུང་། འདི་སྐབས་མགྲིན་པ་ཅུང་ཟད་བསྙུན་ཚུལ་བཞེས་པའི་མནལ་ལམ་དུ་སྐུ་གཅེར་བུ་རུས་རྒྱན་དང་བཅས་གྲུབ་པའི་བརྟུལ་ཞུགས་ལ་སྤྱོད་པའི་མཚན་མ་བྱུང་བ་ནི་སྐུ་ཚེ་ཕྱི་མར་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་ཞིག་ཏུ་འཁྲུངས་ནས་ས་ལམ་གྱི་ལྷག་མ་ཐམས་ཅད་བགྲོད་ནས་མཆོག་གི་དངོས་གྲུབ་མཐར་ཕྱིན་པའི་བརྡར་མངོན། དེ་བཞིན་དུ་གནོད་སྦྱིན་བེག་ཙེ་ཁྱི་དམར་གྱི་གཟུགས་སུ་སྤྲུལ་པ་ལ་ཆིབས་ནས་ནམ་མཁར་འཕུར་བ་སོགས་སྤྱན་ལྟས་ངོ་མཚར་ཅན་མང་དུ་བྱུང་ཚོད་སྣང་ནའང་ཡོན་ཏན་སྦས་པ་ལྟ་བུར་མཛད་པས་ཞིབ་པར་མ་འཚལ། སླར་ཡང་ཆོས་བརྒྱད་ཀྱི་འཆིང་བ་བཙན་ཐབས་སུ་བཅད་ནས་གངས་ཅན་བྲག་དཀར་གྱི་སྒྲུབ་ཕུག་ཏུ་གསང་བའི་ཚུལ་གྱིས་བྱོན། ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་མཉམ་པར་བཞག །སྐུ་ལ་བསྙུན་གྱི་རྣམ་པ་བཞེས་པར་འཚོ་བྱེད་མཁས་པར་གྲགས་པས་ཞག་བདུན་ཙམ་ལས་མི་བཞུགས་པར་ཐག་བཅད་པ་ན། རྗེ་ཉིད་ཀྱི་སྤྱན་ལྟས་དང་བསྟུན་ད་ལན་སྐྱོན་མེད་ཅེས་བཀའ་སྩལ་རུང་། ཞབས་གྲས་སོགས་ནས་བློས་མ་བཟོད་པར་ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་གདན་འདྲེན་ཞུས་པའི་སྟབས་ཀྱིས་ཡང་དབེན་ནས་ཕྱིར་ཕེབས། རྗེ་རྡོ་རྗེ་འཆང་དང་ཞལ་འཛོམ་གནང་། རྐྱེན་སེལ་གཙོ་བོར་གྱུར་པའི་དབང་བཀའི་རིགས་གསན་བཞེས་མཛད་པས་སྔོན་ཆད་བྱད་གཏད་ཀྱི་མཚན་ལྟས་མང་དུ་བྱུང་བ་ཀུན་དེ་ནས་བཟུང་སྟེ་མིང་ཙམ་ཡང་མ་བྱུང་གསུངས། དེ་ཚེ་སྦྱིན་བདག་དད་པ་ཅན་གྱིས་བསྙུན་འདྲིའི་མཚམས་ཞུ་གནང་བར། ད་ལྟ་བདག་ལ་འཆི་ལྟས་སོགས་ཆེར་མ་བྱུང་། སླར་དོགས་ཆ་ཆེ་བར་བྱུང་ཚེ་གསུང་འཕྲོས་གནང་ཆོག་ཚུལ་བཀའ་ཕེབས་པ་ལྟར། རེ་ཞིག་གི་ཚེ་སྙིགས་མའི་དུས་ཀྱི་སྤྱོད་པ་ལའང་ཅུང་ཟད་ཐུགས་སུན་པ་དང་། གཙོ་ཆེར་ཞིང་ཁམས་གཞན་དུ་འགྲོ་དོན་ཆེ་བར་དགོངས་ཏེ། དགུན་འབྲིང་མགོ་ཟླའི་དཀར་ཕྱོགས་ཀྱི་ཚེས་གསུམ་ལ། མ་འོངས་པ་ན་ཡར་ཀླུང་མཆོག་སྤྲུལ་རིན་པོ་ཆེ་འདིར་བྱོན་པའི་སྐལ་པ་ཡོད་པས་དེ་ལ་དངུལ་བུམ་བཟང་བ་ཆ་འདི་ཕུལ་ཞེས་ཕྱི་མཐའ་གཟིགས་པའི་ལུང་བསྟན་གྱི་རིགས་དང་། ས་དབང་ཆོས་རྒྱལ་ཆེན་པོར་དུང་དཀར་གཡས་འཁྱིལ་གྱིས་གཙོས་པའི་ཚན་གྲངས་ཤིག་ཕུལ་ནས་འོག་མིན་དག་པའི་ཞིང་དུ་མཇལ་ཞེས་བཀའི་སྤྲིང་ཡིག་གནང་བས་མཚོན། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ལ་དབང་འབྱོར་བཞིན་པས། བླ་ཆེན་དང་སྦྱིན་བདག་རྣམས་ལའང་འབུལ་མཚོན། གནང་སྦྱིན། འདི་ཕྱིར་ཕན་པའི་བསླབ་བྱ་སོགས་ཤིན་ཏུ་ཞིབ་པར་སྩལ་ཏེ། ཟླ་བ་དེའི་ཚེས་བདུན་གྱི་ཉི་ཤར་གྱི་དུས་ལ་བབས་པ་ན། ཐུགས་དམ་ཆགས་མེད་ཀྱི་རིམ་པ་རྣམས་སྔར་རྒྱུན་ལྟར་གྲུབ་པར་མཛད་ནས། བཞུགས་གདན་འདི་ཕར་སྤོས་ཤིག་ཅེས་བཀའ་གནང་བ་ལྟར་བསྒྲུབས་པ་ལ་ཞབས་སྐྱིལ་ཀྲུང་དུ་བཞུགས། སྐུ་དྲང་པོར་བསྲངས། དྲན་པ་མངོན་དུ་མཛད་དེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། དེའི་ཚེ་ནང་དུ་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་བརྙེས་པའི་བརྡར་ཚེས་བརྒྱད་ཀྱི་ཉིན་ཡང་སྐུ་གདུང་ཚ་དྲོད་དང་ལྡན་ཅིང་སྒྲུབ་ཁང་ལ་འཇའ་དཀར་པོ་མདུང་ཚུགས་སུ་ཟུག །ཞག་གསུམ་བར་དུ་འཁྱག་རོམ་རྣམས་ཆུར་ཞུ། སྐུ་གདུང་ཇེ་ཆུང་ལ་སོང་བ་བཅས་སོ་སྐྱེ་ཀུན་གྱི་མཐུན་སྣང་དུ་ཆུབ་པས་མཚོན་རྟགས་དང་ཆོ་འཕྲུལ་མངོན་པར་འདུ་མཛད་དེ་ཞག་བདུན་གྱི་བར་འོད་གསལ་དུ་བཞུགས་རྗེས་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་དུ་གཤེགས་པར་གྱུར་ཏེ། དེ་ནས་ཐུགས་དམ་ལས་གྲོལ་བའི་རྟགས་གསལ་བར་བྱུང་ནས། རྡོ་རྗེ་འཛིན་དབང་དཔལ་ལྡན་ཕྲིན་ལས་དང་། སྒྲུབ་སྡེའི་སློབ་དཔོན་ངག་དབང་བཟང་པོས་སྐུ་གདུང་ཆས་ཞུགས་གནང་ཞིང་། བཅོམ་ལྡན་འདས་ཐམས་ཅད་རིག་པའི་སྒོ་ནས་ཞུགས་འབུལ་མཛད་པས་དབུ་ཐོད་རིལ་པོར་བྱོན་ནའང་ལས་བྱེད་རྣམས་རྒྱུས་མེད་པས་སླར་ཞུགས་སུ་སྦྱངས་པར་གྲགས་ལ། ཞག་བདུན་གྱི་མཚམས་སྤུར་ཁང་ཞལ་དབྱེ་བས་གདུང་རུས་ལ་རིང་བསྲེལ་གྱི་ཚོགས་དང་། ཤེལ་ལྟར་དྭངས་ཤིང་བཻ་ཌཱུརྱ་མཐོན་ཀའི་མདོག་ལྟར་སྔོ་བའི་གདུང་གི་ཆ་ཤས་ངོ་མཚར་བའང་བྱོན། ཞལ་སློབ་རྣམས་ནས་དཔལ་ཀྱེ་རྡོ་རྗེའི་སྒྲུབ་མཆོད་སོགས་ཐུགས་དགོངས་རྫོགས་པའི་ཐབས་ལྷུར་བཞེས་ཤིང་། ཁྱད་པར་ཆོས་རྒྱལ་ཆེན་པོས་གདུང་རྟེན་རིན་ཆེན་གཉིས་པ་ལས་གྲུབ་པའི་ཐོག་ཚད་དང་། སྒྲུབ་སྡེར་ལོ་བསྟར་དཔལ་ཀྱེ་རྡོ་རྗེའི་སྒྲུབ་མཆོད་ཉིན་བདུན། རབ་གནས་ཉིན་གསུམ་། བཅས་ཀྱི་ཆ་རྐྱེན་སྦྱར་བ་སོགས་མཆོད་སྤྲིན་རྒྱ་ཆེར་སྤྲོས་སོ།།
གསུང་ལས་སྐྱེས་པའི་ཞལ་སློབ་ཀྱང་། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། ས་དབང་བླ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན། མཁས་དབང་ཀུན་དགའ་དོན་གྲུབ། རྣམ་འདྲེན་བླ་མ་དཔལ་ལྡན་ཕྲིན་ལས་དང་། དགེ་འདུན་རྒྱ་མཚོ། གྲྭ་སྒང་སློབ་དཔོན་ངག་དབང་བཟང་པོ་དང་། མཚུངས་བྲལ་ཆོས་ཀྱི་སྤྱན་མངའ་ཤར་བླ་མ་མཁས་གྲུབ་ཀུན་དགའ་དཔལ་ལྡན། སོགས་མཐའ་ཡས་པས་བཤད་སྒྲུབ་ལས་གསུམ་གྱིས་བླ་མ་དམ་པའི་ཕྲིན་ལས་རྒྱས་པར་མཛད་དོ།།
འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་ཡིད་ལྷུང་ལྷ་རྒྱལ་སྲང་གི་ཆོས་སྡེ་ཆེན་པོའི་བསྟན་པའི་མངའ་བདག་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག་གི་རྣམ་པར་ཐར་པ་མདོར་བསྡུས་འདི་ནི་མཁྱེན་བརྩེའི་དབང་པོས་བཀའ་འབུམ་ཛ༽པོད་ལས་དགོན་དེའི་གྲལ་མཐར་གནས་པ་གུས་དམན་འཁྱམ་པོ་བཤད་སྒྲུབ་བསྟན་འཛིན་གྱིས་བཏུས་ཏེ་ཟུར་དུ་བཀོད་པ་དགེ་ཞིང་བཀྲ་ཤིས། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*