༧ འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།


རྩོམ་པ་པོ།  རབ་བརྟན་དགེ་ལེགས་ཕུན་ཚོགས། 

བདག་ཆེན་ཤར་པའི་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་རྣམ་ཐར་བསྡུས་པ་བྱིན་རླབས་ཆར་འབེབས་ཞེས་བྱ་བ།ན་མོ་གུ་ར་ཝེ།རྒྱལ྄༵་སྲས྄༵་རྒྱལ་བའི་ཡེ་ཤེས་ཕུང་པོ་འཇམ྄༵་དབྱང྄༵ས་མཁྱེན་པའི་སྒྱུ་འཕྲུལ་གར།།སྲིད་ཞིའི་རྒུད་པའི་མུན་པ་འཕྲོག་པའི་ཐེག་གསུམ་ཆོས྄༵་ཀྱ྄ི༵་ཉ྄ི༵་མ྄༵་ཆེ།།མུ་མེད་འགྲོ་བའི་ཕན་བདེའི་གཞིར་གྱུར་ཐུབ྄༵་བསྟན྄༵་རྒྱལ྄༵་མཚ྄༵ན་འཛིན་པའི་དཔ྄༵ལ།།མཁས་བཙུན་བཟ྄༵ང་པ྄ོ༵འི་ནོར་གྱིས་ཕྱུག་པའི་འདྲེན་མཆོག་དམ་པ་རྒྱལ་གྱུར་ཅིག།ཅེས་ཤིས་བརྗོད་ཀྱིས་ལམ་ཡངས་པོར་བྱས་ཏེ།འདྲེན་མཆོག་རྒྱལ་སྲས་སེམས་དཔའ་ཆེན་པོ་འཇམ་དབྱངས་ཆོས་ཀྱི་ཉི་མ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་ནི།གང་གི་ཡོངས་འཛིན་དམ་པ་བྱང་ཆུབ་བཟང་པོས་མཛད་པའི་རྣམ་ཐར་གསོལ་འདེབས་དད་གསུམ་ཆུ་གཏེར་འཕེལ་བའི་ཟླ་འོད་ཅེས་པ་ལས།དུས་གསུམ་རྒྱལ་བ་སྲས་བཅས་ཡེ་ཤེས་སྐུ།།འཇམ྄༵་པའི་དབྱང྄༵ས་ཀྱིས་བྱིན་བརླབས་དགེ་བའི་བཤེས།།ཐེག་གསུམ་ཆོས྄༵་ཀྱ྄ི༵་མཛོད་འཛིན་འཁོར་ལོས་བསྒྱུར།།སྨྲ་བའི་ཉ྄ི༵་མ྄༵་མཆོག་ལ་གསོལ་བ་འདེབས།།མགོན་ཁྱོད་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས།།འཇམ་དཔལ་རྡོ་རྗེའི་རྣམ་རོལ་བྱང་ཆུབ་ཀྱང་།།འགྲོ་ལ་རྗེས་བརྩེའི་རྣམ་འཕྲུལ་བགྲང་ཡས་ཀྱིས།།གང་འདུལ་གདུལ་བྱ་སྐྱོངས་ལ་གསོལ་བ་འདེབས།།རྒྱལ་བའི་མདུན་ན་བཟང་སྐྱོང་ལྷ་ཡི་བུ།།ཚད་མ་རིག་པའི་སྒོ་འབྱེད་ཕྱོགས་གླང་ཞབས།།ཨ་ཏིའི་བཀའ་བབས་ཤྲཱི་སེངྷ་སོགས།།འཕགས་བོད་པཎ་གྲུབ་སྣང་ལ་གསོལ་བ་འདེབས།།པདྨའི་ཐུགས་སྲས་སྣ་ནམ་བདུད་འཇོམས་རྗེ།།རིག་འཛིན་རྒོད་ལྡེམ་རྒྱལ་མཆོག་རྫོང་དཀར་བ།།འཁོན་སྟོན་ཀུན་རྒྱལ་འཇམ་མགོན་ཕྱོགས་གླང་སོགས།།གངས་ཅན་བསྟན་འཛིན་སྤྲུལ་ལ་གསོལ་བ་འདེབས།།ཞེས་གསུངས་པ་དང་།གཞན་ཡང་ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་གསལ་བ་ལྟར།སྔོན་རིང་མོའི་དུས་ནས་སྲས་བཅས་རྒྱལ་བ་ཡོངས་ཀྱི་མཁྱེན་པའི་ཕུང་པོ་གཅིག་ཏུ་བསྡུས་པའི་རང་གཟུགས་རྗེ་བཙུན་འཇམ་དཔལ་རྡོ་རྗེའི་ངོ་བོར་མངོན་པར་རྫོགས་པར་བྱང་ཆུབ་སུ་ཟིན་ཀྱང་།དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་འགྲོ་ལ་རྗེས་སུ་ཆགས་པས་གང་འདུལ་སྤྲུལ་པའི་རོལ་གར་བསམ་གྱིས་མི་ཁྱབ་པ་རིམ་དང་གཅིག་ཆར་དུ་སྟོན་པ་མཛད་པ་ལས།པདྨ་ཐོད་ཕྲེང་རྩལ་གྱི་རྣམ་འཕྲུལ་བཟང་སྐྱོང་ལྷ་ཡི་བུ་དང་།ཕྱི་རབས་གཏན་ཚིགས་རིག་པའི་སྲོལ་འབྱེད་སློབ་དཔོན་ཆེན་པོ་དཔལ་ལྡན་ཕྱོགས་ཀྱི་གླང་པོ།མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བཀའ་བབས་རིག་འཛིན་ཆེན་པོ་ཤྲཱི་སེངྷ་།ཨོ་རྒྱན་པདྨའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་ནང་ཚན་སྣ་ནམ་རྡོ་རྗེ་བདུད་འཇོམས།ཉམས་རྟོགས་གྲུབ་པའི་དབང་ཕྱུག་ཆེན་པོ་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན།མཁས་དང་གྲུབ་པའི་འཁོར་ལོས་བསྒྱུར་བ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན།བསྟན་ཞབས་གཏེར་གྱིས་སྐྱོངས་བའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན།མཆོག་གི་རིག་པ་འཛིན་པ་ཆེན་པོ་ཆོས་རྗེ་བླ་མ་དམ་པ་གཟུངས་ཀྱི་དཔའ་བ།རྗེ་བཙུན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ལས་རྫོང་ལུགས་སུ་གྲགས་པའི་བསྟན་འཛིན་ཆེན་པོ་གོང་དཀར་བ་ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ།བདག་ཆེན་དབང་སྡུད་སྙིང་པོའི་རིགས་སྲས་མཐུ་སྟོབས་ནུས་པའི་དབང་ཕྱུག་ངག་དབང་ཀུན་དགའ་རྒྱལ་མཚན་རིན་ཆེན་ཚུལ་ཁྲིམས་དབང་ཕྱུག།རྗེ་བཙུན་བརྟན་པའི་འཁོར་ལོ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་དཔལ་ས་སྐྱ་པ་ཆེན་པོ་བྱམས་པ་ཕྱོགས་ཀྱི་གླང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་སོགས་འཕགས་བོད་ཀྱི་བསྟན་འཛིན་སྐྱེས་ཆེན་དུ་མའི་སྐྱེ་བའི་ཕྲེང་བ་ཟམ་མ་ཆད་པར་བཞེས་ཏེ་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་མཐར་བདག་ཆེན་ཤར་པའི་གདུང་རྒྱུད་ཕུན་སུམ་ཚོགས་པའི་ཁྱིམ་དུ་ཇི་ལྟར་བྱོན་པའི་ཚུལ་ཡང་།དཔལ་ས་སྐྱ་པ་བྱམས་པ་ཕྱོགས་ཀྱི་གླང་པོ་མཆོག་ས་གཞུང་གི་འབུལ་སྡུད་དུ་ཁམས་སུ་ཆིབས་ཁ་བསྒྱུར་ཏེ་ལོ་འགའ་ལ་བཞུགས་ནས་བསྟན་འགྲོའི་བདེ་ཐབས་ལ་བརྩོན་སྐབས།ཉག་རོང་དམག་ཟིང་གི་མགོ་ཚུགས་པས་བསྟན་དོན་ཞབས་རིམ་དམག་བཟློག་སོགས་མང་དུ་མཛད་པ་དང་།གཞུང་ས་དགའ་ལྡན་ཕོ་བྲང་ནས་དྲག་པོའི་དམག་གི་གཡུལ་བཤམས་པའི་སྟོབས་ཀྱིས་ནག་ཕྱོགས་པའི་གཡུལ་ལས་མངོན་པར་རྒྱལ་ཏེ།མདོ་སྨད་སྲིད་པ་བདེར་བཀོད་ཀྱི་རྣམ་ཐར་བསྐྱངས་གྲུབ་སྟེ་ཉག་རོང་ནས་ཧོར་ཁོག་ཏུ་ཕྱིར་ཕེབས་ཀྱང་།བདག་བས་གཞན་གཅེས་ཀྱི་དམ་བཅའ་འགོག་མེད་ལྟ་བུས་སྐུ་སྐྱེ་གོང་མ་འཁོན་སྟོན་ཀུན་དགའ་རྒྱལ་མཚན་གྱི་སྐུ་ཚེའི་ལྷག་མ་ལྟ་བུའི་མེ་སྟག་ཟླ་བ་གསུམ་པའི་ཚེས་ཤར་ལ་ཏྲེ་ཧོར་གླང་ནག་དགོན་དུ་བཞུགས་ཡོད་སྐབས།ཡིད་ལྷུང་ལྷ་རྒྱལ་དགོན་དུ་ཤར་ཆེན་ཀླུ་ལྡིང་པ་ཆེན་པོ་འཇམ་དབྱངས་ཤེས་རབ་རྒྱལ་མཚན་བཞུགས་པའི་དྲུང་དུ་བང་མི་ཆེད་གཏོང་ཐོག།ངོས་རང་ཚེའི་འདུ་བྱེད་ཡུན་རིང་གནས་པའི་ངེས་པ་མེད་ཅིང་།ཁྱེད་ཀྱིས་གསང་ཡུམ་ཚད་ལྡན་ཞིག་བཞེས་ན་དེའི་སྲས་སུ་ང་རང་འབྱོན་རྒྱུའི་བསམ་བློ་ཡོད་ན་དེ་ལུགས་དགོངས་པ་མངའ་བ་ཞུ་ཞེས་ཡོད་པ་འབྱོར།ཞབས་དྲུང་རིན་པོ་ཆེ་ཐུགས་སྔངས་འཚབ་ངང་ཞུ་རྟེན་རྒྱ་དངུལ་རྡིལ་ཚད་གཅིག་དང་།གཟིག་ལྤགས་སྤུས་ལྡན་བཅས་བསྐུར་ནས་བསྟན་འགྲོའི་དོན་དུ་གོང་མ་རིན་པོ་ཆེ་ཞིང་འདིར་ཞབས་པད་བསྐལ་བརྒྱར་འཚོ་ཞིང་བཞུགས་ཐུབ་པར་གསོལ་བ་སྙིང་ནས་འདེབས་པ་དང་།གུས་པའང་བགྲང་བྱ་སྨིན་ཤས་ཆེ་ཞིང་།རྟེན་རབ་བྱུང་།ད་བར་ངོར་པའི་མཁན་ཞབས་རིམ་ཅན་ལ་གསང་ཡུམ་བཞེས་པའི་ཕྱག་སྲོལ་ཡེ་ནས་མེད་པས་གང་གི་བཀའ་དགོངས་ཁྲོལ་ཐུབ་པའི་ཞུ་འབུལ་བང་གྲྭ་ཤར་བསྐྱོད་ཀྱིས་ཕྱི་ཉིན་སྡེ་དགེ་དང་ཏྲེ་ཧོར་བར་གྱི་འདམ་རྒྱངས་ལྷས་ནག་ལར་སླེབས་དུས་ས་གཡོ་ཆེན་པོ་ཞིག་བྱུང་ཡང་བང་མིར་སྐྱོན་མ་བྱུང་བར་སོང་བས་གླང་ནག་དགོན་དུ་འབྱོར་པའི་ཚེ།འཇམ་མགོན་ཕྱོགས་ཀྱི་གླང་པོ་མཆོག་ས་གཡོས་ཁང་པ་རྡིག་པའི་རྐྱེན་གྱིས་ཞིང་གཞན་དུ་བརྗེ་ཟིན་པས་ཞུ་འཕྲིན་རྟེན་བཅས་འབུལ་ཡུལ་བྲལ་ཏེ་ཕྱིར་ལོགས།དེས་ན་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ་དུ་རྗེ་ཉིད་དགུང་གྲངས་ཉེར་གསུམ་པ་ཤིང་བྱི་ལོར་གཤེགས་གསུངས་པ་རྩ་བ་ནས་ནོར་ཏེ།བདག་ཉིད་ཆེན་པོ་འདི་ནི་ཡབ་རྗེ་ཀུན་དགའ་རིན་ཆེན་ཤིང་སྟག་ལོ་པ་དགུང་ཕྲེང་ང་གཅིག་བཞེས་པ་ཤིང་འབྲུག་ལོར་༡༨༤༤སྐུ་བལྟམས་ཤིང་།དེ་ནས་དགུང་གྲངས་ཉེར་གསུམ་ཐོག་སླེབས་པ་ཏྲེ་ཧོར་སྟོད་སྨད་རྣམས་སུ་ས་གཡོམ་གྱི་འཚེ་བ་ཆེན་པོ་བྱུང་དུས་གཤེགས་པ་ཡོངས་གྲགས་ཡིན་པས།དེ་ལྟར་ན་དགུང་གྲངས་ཉེར་གསུམ་བཞེས་པའི་ལོ་དེ་རབ་བྱུང་བཅུ་བཞི་པའི་མེ་སྟག་ལོར་ཡིན་དགོས་ཤིང་།ཉིད་ཀྱི་ཐུགས་སྲས་དགེ་འཕེལ་མཆོག་སྤྲུལ་རིན་པོ་ཆེའི་རྣམ་ཐར་ལས་ཀྱང་།ལོ་དེར་གོང་མ་ཕྱོགས་ཀྱི་གླང་པོ་དགེ་འཕེལ་རི་ཁྲོད་དུ་བྱོན་ནས་རྡོ་རྗེ་ཕུར་པ་དང་།གུར་དྲག།བདེ་མཆོག།ཚེ་དཔག།འཇིགས་བྱེད།མགོན་པོ་རྣམས་ཀྱི་དབང་དང་།མན་ངག་གཙོར་གྱུར་པའི་ཟབ་ཆོས་རྣམས་ཕྱོགས་བསྒྲིགས་བྱས་པའི་གསེར་པོད་དུ་གྲགས་པ་བཅས་གསུངས་ཚུལ་ཞིབ་ཏུ་བྲིས་པའི་མཐར།དེ་ནས་མེ་སྟག་ཟླ་བ་གསུམ་པའི་ནང་ཧོར་སྟོད་སྨད་སོགས་ས་གཡོས་ཀྱི་ཉེར་འཚེས་མི་ཕྱུག་ཕལ་ཆེར་དང་རྗེ་འདིའི་ཁྱིམ་ཚང་རྣམས་ཀྱང་ལྔ་ལམ་དུ་གཤེགས་པས་ཞེས་སོགས་གསལ་པོར་ཡོད་དོ།།དེ་ནས་བདག་ཆེན་ཤར་པའི་ཞབས་དྲུང་རིན་པོ་ཆེ་མཆོག་ཐུགས་སྐྱོ་བའི་ངང་ནས་གོང་མའི་བཀའ་བཟློག་མ་ནུས་པར་སྡེ་དགེའི་ཆོས་རྒྱལ་ཆེན་པོ་ལ་མདུན་གཉེར་སོ་བརྒྱད་ཡོད་པའི་ནང་ཚན་ལོ་བརྒྱ་ཕྲག་མང་པོ་ནས་ཆགས་པ་ཧོ་ཆོ་ཚང་ཞེས་གྲགས་པའི་བུ་མོ་རིན་ཆེན་ཆོས་འཚོ་གསང་ཡུམ་དུ་བཞེས་ཏེ་བཞུགས་པས།ལྷ་ལྡན་དགའ་བཞིའི་འཕྲུལ་སྣང་སྐྱེད་ཚལ་ཆེན་མོ་རུ་རབ་བྱུང་བཅོ་ལྔ་པའི་ཨངྒི་ར་ཞེས་པ་ཆུ་ཕོ་སྤྲེལ་གྱི་ལོར་རྒྱལ་སྲས་རིན་པོ་ཆེ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས།གསུང་ཐོག་མར་བྱེ་དུས་རྒྱལ་བ་རྣམས་ཀྱི་གསང་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེ་འབྲུ་གསུམ་བཟླ་བཞིན་གསུངས་བྱེ།ཡུམ་གྱི་ལྷུམས་སུ་བཞུགས་དུས་དཔལ་ས་སྐྱ་པའི་ཁྲི་ཆེན་འཇིགས་མེད་དབང་གི་རྒྱལ་པོས་མ་འོངས་མངོན་གཟིགས་ཀྱིས་ཕྲུ་གུ་འདི་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་ཡོང་རྒྱུ་ཡིན་པས་གཙང་མ་གྱིས།མིང་ལ་རྒྱལ་སྲས་འཇིགས་མེད་བསོད་ནམས་དབང་གི་རྒྱལ་པོ་ཐོགས་གསུངས་ནས་སྐྱེས་བུ་དམ་པ་ཞིག་འབྱོན་པར་ལུང་བསྟན།སྐུ་ན་ཆུང་ངུའི་དུས་ནས་དམ་པའི་བག་ཆགས་ཡོངས་སུ་སད་པས་ཐ་མལ་བྱིས་པའི་སྤྱོད་པ་ལས་རིང་དུ་འདས་ཤིང་།དགུང་ལོ་གསུམ་པར་དབུས་ཕྱོགས་ཆོས་ཀྱི་ཞིང་ས་ཆེན་པོར་ཞབས་སོར་བཀོད་ནས་གནས་རྟེན་བྱིན་ཆེན་རྣམས་ལ་མཇལ་སྐོར་མཛད་པས་ཆོས་བརྒྱད་གསོག་གསོབ་རྫུན་གྱི་ཕུང་པོ་གཟིགས་ནས་བཅོས་མིན་གྱི་ངེས་འབྱུང་དག་པ་རྒྱུད་ལ་འཁྲུངས།ཐོག་མར་ཡི་གེ་འབྲི་ཀློག་ནས་བཟུང་ཐོས་བསམ་མཛད་པ་རྣམས་ཀྱང་དཀའ་ཚེགས་མ་དགོས་པར་མཁྱེན།སྐུ་ན་ཆུང་ངུའི་དུས་ནས་ཡུམ་དང་ལྷན་དུ་མདོ་ཁམས་སྡེ་དགེའི་ཕྱོགས་སུ་ཕེབས།ཚེ་རབས་ཕྲེང་བར་རིགས་དང་རིགས་བདག་ཏུ་འབྲེལ་བའི་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་གསེར་ཞལ་མཇལ་བས་སྔོན་གྱི་སྨོན་ལམ་གྱིས་ཡབ་སྲས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ་རྡོ་རྗེ་རྣལ་འབྱོར་མའི་སྨིན་གྲོལ་གྱི་རིམ་པ་སོགས་ཟབ་ཆོས་རྒྱ་མཚོ་ལྟ་བུར་གསན་བཞེས་གནང་སྟེ་ཐུགས་སྲས་ཀུན་གྱི་གཙོ་བོར་གྱུར།དེ་ནས་ཡབ་རྗེའི་དགོན་གནས་ཀྱི་གཙོ་བོ་ལྷ་རྒྱལ་སྲང་བདེ་ཆེན་མཁའ་སྤྱོད་གླིང་དུ་ཕལ་ཆེར་རྒྱུན་བཞུགས་མཛད་དེ།དགོན་དེའི་སྡོམ་བརྩོན་བཤེས་གཉེན་ཆེན་པོ་མཁས་བཙུན་བཟང་པོའི་ནོར་གྱིས་ཕྱུག་པ་བོ་དྷི་བྷ་དྲའམ་འཇམ་དབྱངས་ཆོས་ཀྱི་རྒྱ་མཚོ་སློབ་དཔོན་དུ་བསྟེན་གནང་གིས་རང་ལུགས་ཀྱི་འདོན་ཆ་ཆོས་སྤྱོད་ཆོ་གའི་ཆིངས་ཕྱག་ལེན་ཀུན་ལ་མཁས་པར་སྦྱངས་ཤིང་བཤེས་ཀྱིས་ཐུགས་བརྩེའི་གཟིགས་པ་བླ་ན་མེད་པས་བསྐྱངས།ངོར་ཕན་བདེ་བླ་བྲང་གི་མཁན་རིན་པོ་ཆེ་ད་པལ་ལྡན་བློ་གྲོས་རྒྱལ་མཚན་དང་།ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་གཉིས་ལས་སྔ་རྗེས་སུ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོས་མཚོན་པའི་སྡོམ་པ་གསུམ་དང་འབྲེལ་བའི་ཆོས་བཀའ་རྒྱ་མཚོ་ལྟ་བུའི་བཀའ་དྲིན་དང་།རྒྱལ་སྲས་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལས་དབུ་མ་དང་སེམས་ཙམ་ལུགས་ཀྱི་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ།ཨེ་ཝཾ་ཐར་པ་རྩེའི་མཁན་རིན་པོ་ཆེ་འཇམ་དབྱངས་རིན་ཆེན་རྡོ་རྗེ་སོགས་ལས་གསང་ཆེན་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་ཀྱི་བཀའ་དྲིན་རྒྱ་ཆེར་ནོད།དེ་རྗེས་ངོར་ཆེན་སྡོམ་རྒྱུན་དེ་ཉག་ཕྲ་བར་གཟིགས་ཏེ་སྒ་སྟོད་ཐར་ལམ་དགོན་པར་ཉེ་བའི་འཛིན་མདའ་རི་ཁྲོད་དུ་བཞུགས་པའི་སྒྲུབ་བརྩོན་དམ་པ་འཇམ་དབྱངས་བློ་གྲོས་ལས་ངོར་ཆེན་སྡོམ་རྒྱུན་བཞེས་གནང་གིས་བསླབ་བྱ་ཕྲ་མོ་ཚུན་ཆད་ལའང་སྲུང་སྡོམ་ཚུལ་བཞིན་མཛད་དེ་སྡོམ་བརྩོན་བྱེ་བའི་གཙུག་རྒྱན་དམ་པར་གྱུར།ཀུན་གཟིགས་ཐུགས་རྗེའི་བདག་ཉིད་དགེ་འཕེལ་མཆོག་སྤྲུལ་རིན་པོ་ཆེ་སྙན་གྲགས་བསྟན་པའི་དབང་ཕྱུག་གི་ཞབས་པད་ལོ་ངོ་གསུམ་དུ་བསྙེན་ཏེ་ཟབ་རྒྱས་གདམས་པ་རྒྱ་མཚོའི་བང་མཛོད་ཆེན་པོ་རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་སྨིན་བྱེད་དབང་གི་སྤྱི་བཀའ་ཟུར་བཀའ་རྣམས་དང་།ཁྲིད་རིམ།རྒྱུད་ཀྱི་བཤད་བཀའ་ལུང་དང་བཅས་པ་དང་།སྒྲུབ་ཐབས་རྒྱ་མཚོར་གྲགས་པའི་རྗེས་གནང་དང་ལུང་།ལྔ་རིག་སྨྲ་བ་ཡོན་ཏན་ཕུན་ཚོགས་ལས་རྩ་རྒྱུད་བརྟག་གཉིས་ཀྱི་རྒྱུད་བཤད་བཅས་ཤིན་ཏུ་རྒྱས་སྤྲོས་ཀྱིས་གོང་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་བསྩལ་བ་ཚུལ་བཞིན་གསན་ཏེ་མེ་བྱ་ལོའི་ཟླ་བ་དང་པོའི་ནང་གྲུབ་ཅིང་།ཕྱི་ལོར་ངོ་མཚར་བའི་ལྟས་དང་བཅས་ཞི་བར་གཤེགས་ཚེ་གདུང་རིན་པོ་ཆེར་ཁྲུས་དང་ཞུགས་འབུལ་སོགས་ཐ་མའི་བྱ་བ་རྣམས་དང་།དགུང་ཞག་མ་རྫོགས་ཀྱི་བར་དུ་ཀྱེ་རྡོར་དང་མཁའ་སྤྱོད་མའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་རྗེ་བཙུན་བླ་མ་དམ་པའི་ཐུགས་དགོངས་རྫོགས་པའི་ཐབས་ལ་བརྩོན་པ་དྲག་པོ་ལྷུར་ལེན་གནང་།གཞན་ཡང་འཇམ་དབྱངས་བློ་གཏེར་དབང་པོ་དང་།འཇམ་མགོན་བློ་གྲོས་མཐའ་ཡས།ཁང་སར་ཞབས་དྲུང་འཇམ་དབྱངས་ཆོས་ཀྱི་ཉི་མ།ས་སྐྱའི་རྗེ་བཙུན་མ་པདྨ་འཕྲིན་ལས་བདུད་འདུལ་དབང་མོ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ཏེ་མདོ་རྒྱུད།སྙན་བརྒྱུད་མན་ངག།རིག་གནས་དང་བཅས་པའི་གསན་བསམ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད།ཡེ་ཤེས་དང་འཇིག་རྟེན་པའི་རིགས་ཀྱི་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་བསྟི་གནས་མཛེས་ཤིང་ལྟ་ན་སྡུག་པའི་བདུད་རྩིའི་ཁྲུས་ཀྱི་རྫིང་བུས་སྐྱེ་རྒུའི་ཡིད་ཀྱི་བརྟན་པ་གཅིག་ཆར་འཕྲོག་པར་བྱེད་པ་ཡིད་ལྷུང་ལྷ་ཡི་མཚོ་མོ་ཞེས་གྲགས་པའི་དཀྱིལ་འཁོར་གྱི་ཉེ་འགྲམ་ཤར་ཆེན་ཆོས་ཀྱི་རྒྱལ་པོ་རིན་ཆེན་མི་འགྱུར་རྒྱལ་མཚན་དང་།བླ་མ་རབ་དཀར་ལྷུན་འགྲུབ།ཁང་སར་མཁན་ཆེན་ལྕེ་བཙུན་ངག་དབང་བློ་གྲོས་སྙིང་པོ།ཡབ་རྗེ་ཤར་པའི་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱལ་མཚན།ཤར་བླ་མ་ཀུན་དགའ་དཔལ་ལྡན་སོགས་དཔལ་ལྡན་ས་སྐྱ་པ་ཆེན་པོའི་སྐྱེས་ཆེན་དམ་པ་དུ་མས་སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་བདེ་ཆེན་ལོངས་སྐུའི་ཞིང་ཁམས་ཨེ་ཝཾ་རྡོ་རྗེའི་བྲག་རྫོང་དུ་གྲགས་པར་སྒྲུབ་ཁང་འཆི་མེད་བསམ་གཏན་གྲུབ་པའི་གཟིམས་ཆུང་བཞེངས་ཏེ་བགྲང་བྱ་བཅུ་ཕྲག་ལྷག་གཅིག་ལ་བཞུགས་ནས་ལྷག་ལྷ་རབ་འབྱམས་རྒྱ་མཚོའི་གྲངས་དང་མཚན་མའི་བསྙེན་སྒྲུབ་ལ་ཉམས་བཞེས་མཐར་སོན་པར་མཛད།དུས་དེར་གུང་ཚིག་གསོལ་ཟིན་རྗེས་རྡོ་ཡི་ཏིང་ཏིང་ཞིག་ཡོད་པ་བརྡུང་ཡོང་དུས་ཉེ་སྐོར་གྱི་སྒྲུབ་བརྩོན་པ་རྣམས་སྐུ་མདུན་དུ་ཕེབས་ནས་ཉིན་བསྟར་ཆོས་ཁྲིད་གསུངས་མཛད་པ་དང་།སྒྲུབ་ཁང་རྟེན་དང་བརྟེན་པར་བཅས་པ་ད་ལྟར་ཡང་མ་ཉམས་པར་བཞུགས་ཤིང་།ལོགས་རིས་ལ་རྒྱལ་སྲས་རིན་པོ་ཆེ་སྐུ་ངོ་མས་བྲིས་པར་གྲགས་པའི་ས་སྐྱའི་གོང་མ་རྣམ་ལྔ་དང་།བདེ་གཤེགས་སོ་ལྔ།གནས་བཅུ།འཇམ་དབྱངས།རྟ་ཕྱག།མི་གཡོ་བ།བཻཀྩེ་ལྕམ་དྲལ་སོགས་ཀྱི་བྲིས་སྐུ་མང་པོ་བཞུགས།གྲུབ་པའི་མཚན་མར་སྲ་ཞིང་མཁྲེགས་པའི་བྲག་ངོས་རྣམས་སུ་ཕྱག་ཞབས་ཀྱི་རྗེས་དང་།སྒྲུབ་ཁང་གི་སྒོ་ཁར་ཆུ་གཏེར་བཞེས་ཤིང་།དེ་ལས་ཆུ་མང་པོ་བླངས་ཀྱང་ཉུང་དུ་མི་འགྲོ་ཞིང་།མ་བླངས་ཀྱང་མང་དུ་མི་འགྲོ་བའི་ངོ་མཚར་དང་།སྐྱེ་བོ་གཅོང་ནད་ཅན་དག་གིས་ཆུ་དེ་འཐུང་བ་དང་།འཕྱར་བ་སོགས་བགྱིས་པས་ནད་ལས་ཐར་བའི་ལོ་རྒྱུས་མང་།ལྷ་མཚོ་ཆེན་མོར་འཁོར་ལོ་བདེ་མཆོག་གི་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་པ་སོགས་ལྷག་པའི་ལྷ་རབ་འབྱམས་ཀྱི་ཞལ་གཟིགས།ངོར་དུ་ཁྲི་འཛིན་ལ་ཕེབས་ཉེ་དུས་སློབ་མ་རྣམས་ཀྱིས་མྱ་ངན་བྱས་པར།སྒྲུབ་གནས་རབ་གསལ་གྱི་ཉེ་འགྲམ་བྲག་རིའི་ངོས་སུ་ཤིང་གི་ཕུར་པ་ཞིག་བཏབ་སྟེ།བཀའ་ལས།ཁྱོད་ཚོས་མྱ་ངན་མ་བགྱིད་དང་།ཤིང་ཕུར་འདི་ལས་མི་རིང་བར་ལྗོན་ཤིང་གི་སྡོང་པོ་ཞིག་སྐྱེ་ཡོང་ཞིང་།ཤིང་གི་རྩེ་མོ་ཁང་པའི་བད་དང་མཉམ་པར་གྱུར་དུས་ཕྱིར་སླེབ་ངེས་བྱེད་ཡོང་གསུངས།དེ་ནས་ངོར་དུ་ཁྲི་འཛིན་ལ་ཕེབས་ཏེ་ལོ་གཉིས་སོང་མཚམས་རྗེ་ཉིད་ཞིང་གཞན་དུ་བརྗེས་པར།ཞལ་སློབ་རྣམས་ཀྱིས་བླ་མའི་ལུང་བསྟན་ལ་ཐེ་ཚོམ་བྱས་ཀྱང་།ཡང་སྲིད་རིན་པོ་ཆེ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་དགུང་ལོ་ཉི་ཤུ་རྩ་གྲངས་ལ་ཕེབས་དུས་མདོ་སྨད་དུ་ཆིབས་ཁ་བསྒྱུར་ནས།གོང་མའི་སྒྲུབ་གནས་འཆི་མེད་བསམ་གཏན་གྲུབ་པའི་གཟིམས་ཁང་དུ་ཕེབས་དུས་ཤིང་ཕུར་ལས་ལྗོན་ཤིང་ཤིན་ཏུ་རྒྱས་པའི་རྩེ་མོ་སྒྲུབ་ཁང་གི་བད་དང་མཉམ་པ་བྱུང་བས་ཐམས་ཅད་ཀྱིས་བླ་མའི་ལུང་བསྟན་ལ་ནམ་ཡང་མི་བསླུ་བའི་ངེས་ཤེས་བརྟན་པོར་རྙེད་པ་དང་།རྗེ་ཉིད་ཀྱིས་རྫ་གླིང་ཡག་དགོན་གྱི་སྤྲུལ་སྐུ་འཇམ་དབྱངས་དགེ་ལེགས་ཆོས་འཕེལ་ལ་ཡིག་བརྒྱ་དུང་འཁོར་ཞིག་བཞེངས་དང་རབ་གནས་བྱེད་ལ་ང་སླེབ་ཡོང་གསུངས་ནས་བོད་དུ་ཕྱིར་ཕེབས།དུང་འཁོར་བཞེངས་གྲུབ་པ་དང་ཡང་སྤྲུལ་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་ཕེབས་གྲུབ་སྟེ་རབ་གནས་དང་དགོན་པར་མཆོད་འབུལ་གནང་བ་སོགས་དུས་གསུམ་ཐོགས་མེད་དུ་གཟིགས་པའི་མཁྱེན་པའི་ཡེ་ཤེས་མངའ་བའི་རྣམ་ཐར་དུ་མ་མཆིས།ཐ་ན་ཕྱག་གི་མདུད་པ་རེས་ཀྱང་མཚོན་ཆ་བསྲུང་བ་དང་།ཕྱག་ཞབས་དབང་ཙམ་གྱིས་ནད་གདོན་ལས་གྲོལ་བ་སོགས་མཐུ་སྟོབས་ནུས་པའི་ཡོན་ཏན་ཚད་ལས་འདས།བཀའ་སྲུང་དམ་ཅན་རྒྱ་མཚོ་བྲན་བཞིན་དུ་འཁོལ་ཏེ་མ་བཅོལ་འཕྲིན་ལས་བསྒྲུབས་པའི་ཚུལ་མང་ཞིང་།དམ་པ་མཆོག་ལ་དཔལ་ལྡན་ལྷ་མོས་ཕུལ་བའི་རོལ་མོ་ཨ་ཙན་སྒྲ་དབྱངས་རྒྱ་མཚོ་ཟེར་བ་ད་ལྟར་ལྷ་རྒྱལ་དགོན་དུ་བཞུགས།སྐུ་ཚེའི་སྨད་དུ་ཤ་ཁྲག་ཞལ་ལ་མི་རེག་པས་མཚོན་ཐུགས་དམ་ཀུན་སྤྱོད་བཙུན་ཞིང་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་དྲི་བཟང་གིས་ཕྱི་ནང་ཀུན་ཏུ་ཁྱབ།ལྷ་དགོན་དུ་ཀུན་རིག་སྒྲུབ་མཆོད་ཀྱི་ཉེར་མཁོའི་ཡོ་བྱད་སྤྱི་དང་།སེར་སྦྲེང་སྐབས་ཀྱི་ཡོ་བྱད།ལས་བཞིའི་ཆས་གོས་དང་དགང་བླུགས་སོགས་ཚུལ་བཞིན་བསྒྲུབས་ཏེ་ཀུན་རིག་དང་དབྱར་གནས་ཀྱི་རྟེན་ཐེབས་སྦྱོར་འཇགས་གནང་སྟེ་ཆོ་འཕྲུལ་ཟླ་བའི་ནང་ཀུན་རིག་སྒྲུབ་མཆོད་ཉིན་དགུ་རེ་དང་།དབྱར་ཀར་དགེ་ཚུལ་སློང་ལྔ་བཅུ་ལས་མི་ཉུང་བ་དབྱར་གནས་ལ་བཞུགས་རྒྱུ་མཛད།སྒ་འཛོམ་ཉག་མཆོད་རྟེན་མཇལ་སྐོར་སྐབས་མཛད་པའི་པཎ་ཆེན་སྨྲྀ་ཏི་ཛྙཱ་ནའི་རྣམ་ཐར་དོན་བསྡུས་གསོལ་འདེབས་དད་པའི་མེ་ཏོག་དང་།དཔལ་ས་སྐྱ་པ་ཆེན་པོའི་གསུང་ངག་ལམ་འབྲས་སོགས་ལས་ལྟ་བའི་བཞེད་ཚུལ་སྙིང་པོར་དྲིལ་བ།འཛིང་རྣམ་རྒྱལ་མགོན་ཁང་གི་ཡེ་ཤེས་མགོན་པོའི་སྐུ་མདུན་དུ་མཛད་པའི་ཆོས་སྐྱོང་སྤྱིའི་ཚོགས་མཆོད་ཨ་མྲྀ་ཏའི་སྤྲིན་ཕུང་།ཆོས་སྐྱོང་སྤྱིའི་ཕུད་མཆོད་འཕྲིན་ལས་མྱུར་འགྲུབ།དམག་ཟོར་བསྐང་བ་ཁྲི་ཚར་གསོག་སྐབས་ཀྱི་ཉེར་མཁོ་རྒྱལ་བའི་བསྟན་སྲུང་མ་དང་།ཀ་ལི་དེ་བའི་མ།ས་ལུགས་བསྐང་བ་བསྟན་སྲུང་མའི་ཁ་སྐོང་རྡོ་རྗེ་རྣལ་འབྱོར་མའི་ཚོགས་མགུར་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་ལེགས་གསུང་བསྟན་བཅོས་ཀྱི་སྐོར་ཡང་མང་བར་བཞུགས།དགུང་གྲངས་ལྔ་བཅུ་ང་གསུམ་བཞེས་པ་ཤིང་ཕོ་བྱི་བའི་ལོར་ངོར་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོར་རྒྱལ་བས་ལུང་གིས་བསྔགས་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྒྱལ་ཚབ་ཏུ་མཁན་རབས་རེ་དྲུག་པའི་ཁྲི་ལ་བཞུགས་ཏེ།ངོར་པའི་དུས་ཆོས་ཆེན་མོར་གྲགས་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་ལྟར་གྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་གདམས་པ་ཟབ་མོ་དང་།བྱང་སེམས་དང་།སོ་ཐར་གྱི་སྡོམ་པ།རྒྱུད་སྡེ་རབ་འབྱམས་རྒྱ་མཚོའི་དབང་བསྐུར་སོགས་ཟབ་རྒྱས་ཆོས་ཀྱི་གྲུ་ཆར་མང་དུ་བསྙིལ་ཏེ་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད།ངོར་གྱི་དབང་ཁང་ཆེན་མོའི་ནང་གི་ལྡེབ་རིས་ཡོངས་རྫོགས་ཉམས་གསོ་དང་།གཙུག་ལག་ཁང་གི་སྦུག་ཏུ་གསེར་ཟངས་ཀྱི་བླ་མ་རིན་ཆེན་འབྱུང་ལྡན་མི་ཚད་ལས་ལྷག་པར་འཁོར་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་ཤིན་ཏུ་སྤུས་ལྡན་བྱིན་རླབས་ཀྱི་གཟི་འོད་ཕྱོགས་བརྒྱར་འཕྲོ་བ་བཞེངས་གནང་མཛད་པ་སོགས་ཆོས་དང་ཟང་ཟིང་གི་འཕྲིན་ལས་མཐའ་ཡས་པར་བསྐྱངས།ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེ་ངག་དབང་མཐུ་སྟོབས་དབང་ཕྱུག་གིས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་སྤྱན་དྲངས་ནས་མཁའ་སྤྱོད་མའི་དབང་ལུང་ཁྲིད་གསུམ་ཆ་ཚང་གསན་ཅིང་།དེ་དུས་མེ་ཏོག་དཀར་པོ་ཆུང་ཆུང་མང་པོ་སིནྡྷུ་རའི་དཀྱིལ་འཁོར་ལ་བབས་པ་བླངས་ནས་ཤོག་ཆག་ཏུ་བསྒྲིལ་བ་ཕུན་ཕོའི་རྟེན་སྒམ་དུ་བཞུགས་ཡོད་འདུག།ཕེབས་ཁར་ཕུན་ཕོའི་བདག་མོ་བདེ་ཆེན་སྒྲོལ་མ་ལ་ཕུན་ཕོ་ནས་ཕུལ་བའི་ཤིང་འབྲས་སྤ་རློམ་ཆུང་ཆུང་གང་དང་།རྒྱུན་དུ་གསོལ་ཇ་མཆོད་སའི་གསོལ་ཞལ་དེ་བཅས་གནང་ནས་འདི་ཐུགས་ཉར་གནང་།ང་འདི་རུ་མགྱོགས་པོ་ཡོང་གི་ཡིན་ཞེས་གསུངས་ནས་ཕྱི་མཐའ་གཟིགས་པའི་ལུང་བསྟན་གནང་།དེ་ནས་ལོ་གཅིག་ལྷག་ཙམ་སོང་བ་རྗེ་ཉིད་དགུང་གྲངས་ལྔ་བཅུ་ང་ལྔ་བཞེས་པ་མེ་ཕོ་སྟག་གི་ལོའི་དགུན་ཁར་སྔར་ལྟར་དུས་ཆོས་ཆེན་མོའི་དབུ་བཙུགས་ནས་སྣང་གསུམ་གསུངས་ཤིང་།དེ་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་མཁའ་སྤྱོད་ཆེན་མོར་ཕེབས་པའི་དུས་ཁྱད་པར་ཅན་ལ་སྐྱེ་འཆི་ལ་རང་དབང་འབྱོར་པའི་མཚན་མ་སྣ་ཚོགས་པ་དང་བཅས་ཏེ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་བདེ་བ་ཆེན་པོའི་ངང་དུ་བསྡུ་བའི་ཚུལ་བསྟན་ཏོ།།དེ་ནས་གསུང་ཆོས་ལམ་འབྲས་ཀྱི་འཕྲོས་རྣམས་ཁང་སར་མཁན་ཆེན་དམ་པ་རིན་པོ་ཆེ་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་ནས་བསྩལ་ཅིང་།སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་སོགས་གདུང་མཆོད་གཤེགས་རྫོང་གི་བྱ་བ་རྣམས་མཁན་ཆེན་དམ་པ་རྡོ་རྗེ་འཆང་དབུས་ངོར་དགོན་འདུས་ཚོགས་ནས་གནང་།སྐུ་གདུང་ལ་རིང་བསྲེལ་སྣ་ལྔ་བྱོན་པ་སོགས་ངོ་མཚར་བསམ་བརྗོད་ཀྱི་ཡུལ་ལས་འདས།སྐུ་དབོན་ཞབས་དྲུང་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་དང་།ཕྱག་མཛོད་འཇམ་དབྱངས་བསམ་གཏན་སོགས་ཀྱིས་ས་ངོར་གཉིས་སོགས་དབུས་གཙང་གི་བླ་མ་དགོན་སྡེ་ཁག་ལ་མཆོད་འབུལ་དགོངས་རྫོགས་ཀྱི་རིམ་པ་ཤིན་ཏུ་རྒྱ་ཆེར་དང་།ལྷ་རྒྱལ་དགོན་གྱི་གཙུག་ལག་ཁང་དུ་གཙང་གྲུམ་མི་འདུག་བརྒྱ་དང་།ཁང་སྟེང་དུ་གསེར་ཟངས་ཀྱི་གནྫི་ར་དང་།རྒྱལ་མཚན་བཞི།རྨ་བྱ་ཆོས་འཁོར་བཅས་དང་།མགོ་ཟླའི་ཚེས་བཅུ་གཅིག་ནས་ཉིན་བདུན་ལ་ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད་ཀྱི་ཐེབས་རྩ་བཅས་བསྩལ་ཏེ་ད་ལྟའི་བར་སྒྲུབ་མཆོད་རྒྱུན་འཇགས་སུ་བྱུང་བ་ཡིན་ནོ།།གསུང་གི་བདུད་རྩི་བཞེས་པའི་སློབ་མ་ལ་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་པ་ཆེན་པོ་འཇམ་དབྱངས་ཐུབ་བསྟན་བཟང་པོ།ཕུན་ཕོའི་བདག་ཆེན་རིན་པོ་ཆེ་ངག་དབང་མཐུ་སྟོབས་དབང་ཕྱུག།སྐུའི་གཅུང་ཤར་པ་མཁན་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་རྒྱལ་མཚན།བྲག་ར་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་ཉི་མ་སོགས་དེ་དུས་ཀྱི་ས་ངོར་གྱི་བླ་ཆེན་རྣམ་པ་ཕལ་ཆེར་དང་།རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས།མཁན་ཆེན་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་བསམ་གཏན་བློ་གྲོས།གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་སྒ་པ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན།ས་སྐྱ་བླ་མ་ཡོན་ཏན་གྲགས་པ།རྩིས་རིག་སྨྲ་བ་ཡོན་ཏན་ཕུན་ཚོགས་སམ་འཇམ་དབྱངས་ལེགས་བཤད་སྨྲ་བའི་ཟླ་བ།གནུབས་ཟོག་བླ་མ་ཡེ་ཤེས་བཟང་པོ།མགོན་བླ་ཡེ་ཤེས་ཆོས་བཟང་།ཨ་འཛི་པཎ་ཆེན་ནོར་བུ་དབང་རྒྱལ་སོགས་ཁྱད་པར་འཕགས་པ་དུ་མ་དང་།སྡེ་དགེའི་རྒྱལ་སྲས་བཙུན་བློན་སྤྱི་དང་།ལྷ་རུ་བྱ་རྒོད་དཔོན་ཚང་།ཧོར་ས་འདུ་ཚང་།གཞི་སྡེ་རྒྱ་དཔོན་སོགས་དཔོན་ཆེན་ཡང་མང་བར་བཞུགས་སོ།།དེ་ནས་དམ་པ་གང་ཉིད་དགོངས་པ་གཞན་དོན་དུ་གཤེགས་ཏེ་ལོ་གཉིས་ཙམ་སོང་བ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ལོར་བདག་མོ་བདེ་ཆེན་སྒྲོལ་མར་མཆོག་གི་ཡང་སྲིད་སྤྲུལ་པའི་སྐུ་རིན་པོ་ཆེ་བདག་ཆེན་འཇིགས་བྲལ་ངག་དབང་ཀུན་དགའ་བསོད་ནམས་དཔལ་བཟང་པོ་མཆོག་ཉི་མ་སེར་དེང་ངེར་ཤར་བ་དང་།འཇའ་ཚོན་མང་པོ་ཟུག་པ་སོགས་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་དུ་མ་དང་བཅས་བྱོན་ཏེ་ད་ལྟར་འཛམ་གླིང་ཤར་ནུབ་ཀྱི་གདུལ་བྱ་རྣམས་ཀྱི་དཔལ་མགོན་དམ་པར་ཞབས་པད་འཆི་མེད་ཚེ་ལྷའི་ངོ་བོར་བརྟན་བཞིན་དུ་བཞུགས་པ་འདི་ཡིན་ནོ།།འཇམ་དབྱངས་ངུར་སྨྲིག་གར་གྱིས་རོལ་པའི་རྒྱལ་སྲས་སེམས་དཔའི་རྣམ་པར་ཐར།།ཚུལ་བཞིན་བསྙད་པའི་མཐུ་ལས་ཐོབ་པའི་མི་གནག་དཀར་བའི་ཕུང་པོ་དག།སྐྱེ་ནས་སྐྱེ་བའི་ཚེ་རབས་ཕྲེང་བར་བླ་མ་ལྷ་དང་མི་འབྲལ་བར།།བརྩེ་ཆེན་རྒྱལ་བའི་བསྟན་པ་རིན་ཆེན་ཕྱོགས་མཐར་རྒྱས་པའི་རྒྱུར་གྱུར་ཅིག།
ཅེས་ཤར་ཆེན་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མའི་རྣམ་ཐར་མདོར་བསྡུས་སུ་སྨྲོས་པ་བྱིན་རླབས་ཆར་འབེབས་ཞེས་པ་འདིའང་།རྒྱལ་སྲས་ཀུན་སྤངས་ཆེན་པོ་འཇམ་དབྱངས་ཆོས་ཀྱི་ཉི་མའི་རྣམ་ཐར་གསོལ་འདེབས་སྨོན་ལམ་དང་བཅས་པ་དད་གསུམ་ཆུ་གཏེར་འཕེལ་བའི་ཟླ་འོད་ཅེས་བྱ་བ་དང་།ངོར་པའི་གདན་རབས་ཡང་སྐོང་ནོར་བུའི་ཕྲེང་རྒྱན།བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱི་རང་རྣམ་སོགས་ལ་བརྟེན་ནས་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ས་བྱི་ལོའི་ཟླ་ཚེས་དགེ་བར་བྲིས་པ་ཤུ་བྷཾ།།།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*