༄༅། །དབྱངས་གསལ་སོ་བཞིའི་དགེ་མཚན།

 ཀཱ་ལི་སུམ་ཅུ་དབྱངས་ཡིག་བཞི་ཡི་སྦྱོར་བས། །
ཁ་བ་ཅན་སོགས་མི་རིགས་མང་པོའི་སྐད་གདངས། །
ག་ས་གང་ནས་བརྗོད་ལ་ཐོགས་རྡུག་མེད་པ། །
ང་ཡིས་སྐད་གསེང་མཐོན་པོས་ཀུན་ལ་བསྒྲག་ཕོད། །
 
ཅ་ཅོའི་གཏམ་གྱིས་ཅུང་ཟད་དོན་སྙིང་མེད་པ། །
ཆ་རྒྱུས་ཡོད་མེད་རེ་འགས་སྨྲ་ན་ཐང་མོད། །
ཇ་ཆང་སྐྱིད་འདོད་དོར་ནས་སྦྱང་བ་བྱོས་དང། །
ཉ་ཉོག་མ་ཡིན་བདེན་གཏམ་ངོ་མ་འདི་ཡིན། །
 
ཏ་ཐཱ་ག་ཏ་ཞེས་ན་ཧ་ཅང་དཀའ་མོད། །
ཐ་སྙད་དུ་མའི་ནང་དོན་སླ་མོར་རྟོགས་ནས། །
ད་གཟོད་སེམས་ལ་ཤར་བའི་སྐད་ཆའི་སྙིང་བོ། །
ན་ཟླའི་གྲས་ནས་འབྲི་བར་རང་གིས་ནུས་ཡོང་། །
 
པ་སངས་ལྟ་བུའི་སེམས་དཀར་ཡར་རྒྱས་བྱུང་སྟེ། །
ཕ་མ་སེམས་ཅན་ཀུན་ལ་ངན་སེམས་བཀག་ནས། །
བ་ལང་སྒོ་ཕྱུགས་སོགས་ཀྱི་སྐྱིད་སྡུག་རིག་ན། །
མ་གྱུར་ཞེས་ཀྱང་མ་ཞེས་དམ་ཆོས་འདི་ཡིན། །
 
ཙ་རི་གནས་སྐོར་སོགས་ཀྱང་འགྲིམས་ཀྱང་མ་འགྲིམས། །
ཚ་གྲང་དཀའ་བ་དངོས་སུ་སྤྱད་ཀྱང་མ་སྤྱད། །
ཛ་ལང་དྲག་པོའི་རང་སེམས་ཅུང་ཟད་བཟུང་ནས། །
ཝ་མོའི་གཡོ་སྒྱུ་སྤང་ན་འདི་ལས་ལྷག་མེད། །
 
ཞྭ་ཡི་ཁ་དོག་བརྩད་ཀྱང་མ་བརྩད་མེད་ཀི། །
ཟ་མའི་བཟང་ངན་འགྲན་ཡང་མ་འགྲན་མེད་ཀི། །
འ་ཅག་ཁོ་ན་མ་ཡིན་འགྲོ་ཀུན་བསམ་ཕོད། །
ཡ་མཚན་དེ་ལས་མེད་པའི་བྱ་དཀའི་སྤྱོད་པ། །
 
ར་བ་དཀར་པོ་འདི་ཡི་སྣོད་བཅུད་དོན་ལ། །
ལ་ལུང་ཀུན་ནས་ཐུགས་བསམ་དུས་རྒྱུན་གནང་བའི། །
ཤ་ཚ་སྙིང་ཉེ་ཅན་གྱི་ངེས་དོན་དམ་པ། །
ས་བཅུའི་སེམས་དཔའ་ཞེས་ཀྱང་འབྱོར་སྙམ་རེད་འདོད། །
 
ཧ་ཅང་འདི་ནས་མང་མང་བཤད་པའི་དོན་རྩ། །
ཨ་མདོ་ལ་སོགས་ཆོལ་གསུམ་རླབས་ཆེན་སྐྱེས་བུའི། །
ཟླ་མེད་བསམ་བློ་རིན་ཐང་བྲལ་བ་དེ་ཚོ། །
དབྱངས་གསལ་སོ་བཞིས་བསྐྱེད་པ་ཡིན་ཞེས་དེའོ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*