སྟོན་པའི་དུས་ཆེན་ཁག་དང་བླ་མ་རྣམས་ཀྱི་འཁྲུངས་འདས་ཀྱི་དུས་ཆེན་སྐོར།

༄༅། །སྟོན་པའི་དུས་ཆེན་ཁག་དང་བླ་མ་རྣམས་ཀྱི་འཁྲུངས་འདས་ཀྱི་དུས་ཆེན་སྐོར་བཞུགས་སོ།།

ཧོར་ཟླ་དང་པོའི་ཚེས་༡ནས་༡༥བར་བདག་ཅག་གི་སྟོན་པ་ཡོངས་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ཆེན་ཏེ་ཆོ་འཕྲུལ་ཟླ་བའི་དུས་མཆོད་དང་། བོད་ཀྱི་ལོ་གསར་གནམ་ལོ་གསར་བཞད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་འདས་མཆོད། ཚེས་༢ལ་དྲག་ཤུལ་ཕྲིན་ལས་རིན་ཆེན་འདས་མཆོད། ཚེས་༣ལ་སྨིན་གླིང་ཁྲི་ཆེན་འདས་མཆོད། ཚེས་༤ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་འདས་མཆོད། ཚེས་༥ལ་འབྲི་གུང་དཀོན་མཆོག་རིན་ཆེན་དང་། རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་འདས་མཆོད། ཚེས་༨ལ་ཀརྨ་པ་མཐོང་བ་དོན་ལྡན་གྱི་འདས་མཆོད། ཚེས་༡༠ལ་གུ་རུ་རིན་པོ་ཆེ་ཨོ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་བའི་དུས་ཆེན་དང་། ཡོངས་འཛིན་དཀོན་མཆོག་འཕེལ། ཨ་འཛོམ་འབྲུག་པ་སྐུ་ཕྲེང་གཉིས་པ་ཐུབ་བསྟན་པདྨ་ཕྲིན་ལས་ཀྱི་འདས་མཆོད། འབྲུག་ཆེན་སྐུ་ཕྲེང་བཅུ་གསུམ་པ་འཁྲུངས། ཚེས་༡༣ལ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་འདས་མཆོད། ཚེས་༡༤ལ་རྗེ་བཙུན་མི་ལ་རས་པ་དང་། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་འདས་མཆོད། ཚེས་༡༥ལ་ཆོ་འཕྲུལ་དུས་ཆེན། བཅོ་ལྔ་མཆོད་པ། རིག་འཛིན་དགའ་རབ་རྡོ་རྗེ་འཁྲུངས། གྲུབ་ཆེན་ནཱ་རོ་པ་དང་། མར་པ་ལོ་ཙཱ་བ། སྐྱེ་དགུ་ཀུན་དགའ་དཔལ་འབྱོར་བཅས་ཀྱི་འདས་མཆོད། གསོ་སྦྱོང་བཅོ་ལྔ་པ། ཚེས་༡༦ལ་གཟིམ་འོག་བསྟན་འཛིན་འཕྲིན་ལས་ཀྱི་འདས་མཆོད། ཚེས་༡༧ལ་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་འདས་མཆོད། ཚེས་༢༠ལ་ཐར་རྩེ་ནམ་མཁའ་འཆི་མེད་ཀྱི་འདས་མཆོད། ཚེས་༢༡ལ་ཀུན་མཁྱེན་གོ་རམ་པ་བསོད་ནམས་སེདྒེ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། ཤར་ཆེན་ཤེས་རབ་འབྱུང་གནས། པཎ་ཆེན་འབུམ་ཕྲག་གསུམ་པ། མངའ་རིས་པ་དཔལ་ལྡན་རྒྱལ་པོ་བཅས་ཀྱི་འདས་མཆོད། ཚེས་༢༤ལ་ཀརྨ་པ་བདུད་འདུལ་རྡོ་རྗེའི་འདས་མཆོད། ཚེས་༢༦ལ་ཆོས་རྗེ་ས་པཎ་སྐུ་བལྟམས། ཚེས་༢༨ལ་ཀརྨ་པ་དབང་ཕྱུག་རྡོ་རྗེའི་འདས་མཆོད། ཚེས་༢༩ལ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་འགྲུབ་ཀྱི་འདས་མཆོད་དང་། དགུ་གསོ་དང་། གསོ་སྦྱོང་བཅུ་བཞི་པ་བཅས་སོ། །

ཧོར་ཟླ་གཉིས་པའི་ཚེས་༡ལ་གྲུབ་དབང་པདྨ་ནོར་བུའི་འདས་མཆོད། ཚེས་༢ལ་ཨོ་རྒྱན་གཏེར་བདག་གླིང་པའི་འདས་མཆོད། ཚེས་༦ལ་འཇམ་དབྱངས་བཞད་པའི་འདས་མཆོད། ཚེས་༨ལ་ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན་འདས་མཆོད། ཚེས་༡༠ལ་གུ་རུ་རིན་པོ་ཆེའི་རྒྱལ་སྲིད་སྤངས་ནས་མཁའ་འགྲོའི་ཚོགས་དཔོན་དུ་ཕེབས་པའི་དུས་ཆེན། ཚེས་༡༢ལ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་འདས་མཆོད། ཚེས་༡༣ལ་སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱི་འདས་མཆོད། ཚེས་༡༤ལ་འཇམ་དབྱངས་བློ་གཏེར་དབང་པོ་དང་། ངོར་ཁང་སར་བྱམས་པ་བསོད་ནམས་བཟང་པོའི་འདས་མཆོད། དྲག་ཤུལ་ཕྲིན་ལས་རིན་ཆེན་འཁྲུངས་སྐར། ཚེས་༡༥ལ་རྒྱལ་སྟོན་རིན་པོ་ཆེའི་འདས་མཆོད། གསོ་སྦྱོང་བཅོ་ལྔ་པ། ཚེས༡༨ཉིན་ཨ་འཛི་བླ་མ་ནོར་བུ་དབང་རྒྱལ་གྱི་འདས་མཆོད། ཚེས་༢༠ལ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་འདས་མཆོད། ཚེས་༢༣ལ་མཁན་ཆེན་འཇམ་དཔལ་བཟང་པོའི་འདས་མཆོད། ཚེས་༢༤ལ་བསོད་ནམས་དཔལ་ལྡན་དང་། ངག་དབང་བློ་གསལ་ཕུན་ཚོགས། ཀོང་སྤྲུལ་ཆོས་ཀྱི་སེང་གེ་བཅས་ཀྱི་འདས་མཆོད། ཚེས་༢༥ལ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་འདས་མཆོད། ཚེས་༢༦ལ་ཁུ་བོ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་དང་། ཇོ་ནང་ཏཱ་ར་ནཱ་ཐའི་འདས་མཆོད། ཚེས་༢༩ལ་དགུ་གསོ། ཚེས་༣༠ལ་བསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་འདས་མཆོད། གསོ་སྦྱོང་བཅོ་ལྔ་པ་བཅས་སོ། །
ཧོར་ཟླ་གསུམ་པའི་ཚེས་༢ལ་རིན་ཆེན་རྒྱལ་མཚན་གྱི་འདས་མཆོད། ཚེས་༨ལ་བདག་ཆེན་ཆོས་ཀྱི་རྒྱལ་མཚན་དང་། ཀར་ལུ་རིན་པོ་ཆེའི་འདས་མཆོད། ཚེས་༩ལ་ངོར་ཁང་སར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོའི་འདས་མཆོད། ཚེས་༡༠ལ་གུ་རུ་རིན་པོ་ཆེ་བྲག་དམར་བྱ་ཁྱུང་ཚལ་དུ་རྡོ་རྗེ་དབྱིངས་ཀྱི་ལྷ་ཞལ་གཟིགས་པའི་དུས་ཆེན་དང་། བློ་གྲོས་བརྟན་པའི་དུས་ཆེན། ཚེས་༡༥ལ་སྟོན་པས་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས། ཕན་བདེ་མཁན་ངག་དབང་མཁས་གྲུབ་རྒྱ་མཚོའི་དུས་ཆེན། གསོ་སྦྱོང་བཅོ་ལྔ་པ། ཚེས་༡༦ལ་མུས་ཆེན་ནམ་མཁའི་རྣལ་འབྱོར་དང་། གཏེར་སྟོན་མི་འགྱུར་རྡོ་རྗེའི་འདས་མཆོད། ཚེས་༡༧ལ་ངོར་ཐར་བརྩེ་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་འདས་མཆོད། ཚེས་༡༨ལ་སྡེ་གཞུང་བྱམས་པ་ཀུན་དགའ་བསྟན་པའི་ཉི་མ་དང་། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་བཅས་ཀྱི་འདས་མཆོད། ཚེས་༢༣ལ་ཕྱ་པ་ཆོས་ཀྱི་སེངྒེའི་འདས་མཆོད། ཚེས་༢༥ལ་རྒྱལ་མཆོག་ལྔ་པ་ཆེན་པོ་དང་། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་འདས་མཆོད། ཚེས་༢༦ལ་ཞང་དཀོན་མཆོག་དཔལ་གྱི་འདས་མཆོད། ཚེས་༢༩ལ་སྒ་སྟོན་ངག་དབང་ལེགས་པ་དང་། ཐར་ལམ་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་རྒྱལ་མཚན་བཅས་ཀྱི་འདས་མཆོད། དགུ་གསོ། གསོ་སྦྱོང་བཅུ་བཞི་པ། ཚེས་༣༠ལ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་འདས་མཆོད་བཅས་སོ། །
ཧོར་ཟླ་བཞི་པའི་ཚེས་༤ལ་ཡབ་རྗེ་ངག་དབང་མཐུ་སྟོབས་དབང་ཕྱུག་འདས་མཆོད། ཚེས་༧ལ་རྒྱལ་བ་ཡོངས་དག་པར་རྫོགས་པའི་སངས་རྒྱས་སྟོན་མཆོག་ཤཱཀྱའི་ཏོག་སྐུ་བསྟམས་པའི་དུས་ཆེན་དང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་འདས་མཆོད། གཟིམ་འོག་བསྟན་འཛིན་སྙན་གྲགས་འདས་མཆོད། ཚེས་༨ལ་པཎ་ཆེན་ངག་དབང་ཆོས་གྲགས་འདས་མཆོད། ཚེས་༡༠ལ་གུ་རུ་རིན་པོ་ཆེ་ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་པས་མེ་དཔུང་མཚོ་རུ་བསྒྱུར་པའི་དུས་ཆེན། ཚེས་༡༢ལ་ངོར་ཁང་སར་མཁན་དམ་པ་རིན་པོ་ཆེའི་འདས་མཆོད། ཚེས་༡༥ལ་ས་ཟླའི་དུས་ཆེན་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུམས་སུ་ཞུགས་པ་དང་། སྐྱ་རེངས་འཆར་ཀར་སངས་རྒྱས། སྲོད་ལ་མྱ་ངན་ལས་འདས་པའི་དུས་ཆེན་སུམ་འཛོམས་དང་། གསོ་སྦྱོང་བཅོ་ལྔ་པ། ཚེས་༡༧ལ་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་འདས་མཆོད། ཚེས་༡༨ལ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་འདས་མཆོད། ཚེས་༢༠ལ་རི་ཤུལ་མཁན་པོ་ཐུབ་བསྟན་མཁས་གྲུབ་མཁའ་སྤྱོད་དུ་གཤེགས། ཚེས་༢༣ལ་བིཪྭ་པ་གྲུབ་པ་བརྙེས། ཚེས་༢༥ལ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟངཔོ་དང་། འགྲོ་མགོན་རས་ཆེན་པའི་འདས་མཆོད། ཚེས་༢༩ལ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་འདས་མཆོད་དང་དགུ་གསོ་། ཚེས་༣༠ལ་ཉག་བླ་པདྨ་བདུད་འདུལ་འཇའ་ལུས་སུ་གཤེགས། གསོ་སྦྱོང་བཅོ་ལྔ་པ་བཅས་སོ། །
ཧོར་ཟླ་ལྔ་པའི་ཚེས་༡ལ་ཀུན་མཁྱེན་སངས་རྒྱས་འཕེལ་དང་། གཏེར་ཆེན་མཆོག་གླིང་འདས་མཆོད། ཚེས་༤ལ་ཞྭ་དམར་ཆོས་དཔལ་ཡེ་ཤེས་ཀྱི་འདས་མཆོད། ཚེས་༥ལ་ཀུན་གཟིགས་རྫོང་སར་མཁྱེན་བརྩེ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་འདས་མཆོད། ཚེས་༧ལ་སི་ཏུ་པདྨ་ཉིན་བྱེད་ཀྱི་འདས་མཆོད། ཚེས་༡༠ལ་གུ་རུ་རིན་པོ་ཆེ་ཨོ་རྒྱན་རྒྱལ་པོས་ཏིལ་མར་གྱི་མེ་དཔུང་དུ་བསྲེག་པས་ཏིལ་མར་ཆུ་མཚོར་བསྒྱུར་ཞིང་སོལ་བའི་གུར་ཆེན་དུ་པད་སྡོང་སྐྱེས་པ་བཞུགས་པའི་དུས་ཆེན་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་ཚེས་བཅུ། ཚེས་༡༥ལ་འཛམ་གླིང་སྤྱི་བསང་དང་། རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་འདས་མཆོད། གསོ་སྦྱོང་བཅོ་ལྔ་པ། ཚེས་༡༧ལ་སྨྱོ་ཤུལ་ལུང་རྟོགས་ཀྱི་འདས་མཆོད། ཚེས་༡༨ལ་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་དང་། མཁན་པོ་ངག་ཆུང་གི་འདས་མཆོད། ཚེས་༢༠ལ་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་འདས་མཆོད། ཚེས་༢༡ལ་འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། ལུང་རྟོགས་བཤད་སྒྲུབ་བསྟན་པའི་ཉི་མ་བཅས་ཀྱི་འདས་མཆོད། ཚེས་༢༩ལ་དགུ་གསོ། གསོ་སྦྱོང་བཅུ་བཞི་པ། ཚེས་༣༠ལ་མཁྱེན་རབ་བྱམས་པའི་འདས་མཆོད་བཅས་སོ། །
ཧོར་ཟླ་དྲུག་པའི་ཚེས་༤ལ་སྟོན་པ་སངས་རྒྱས་ཀྱི་ཐོག་མར་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན། ཚེས་༡༠ལ་ཨོ་རྒྱན་རིན་པོ་ཆེའི་མུ་སྟེགས་ངན་སྔགས་ཀྱི་བདག་པོ་ཐོག་གིས་བསྒྲལ་བའི་དུས་ཆེན་དང་། ས་སྐྱ་ལོ་ཙཱ་བ་ཀུན་དགའ་བསོད་ནམས་ཀྱི་འདས་མཆོད། ཚེས་༡༤ལ་ཀརྨ་པ་རང་བྱང་རྡོ་རྗེའི་འདས་མཆོད། ཚེས་༡༥ལ་རྗེ་སྒམ་པོ་པའི་འདས་མཆོད། གསོ་སྦྱོང་བཅོ་ལྔ་པ། ཚེས་༡༦ལ་གནས་གསར་བ་ཀུན་དགའ་ལེགས་འབྱུང་གི་འདས་མཆོད། ཚེས་༢༠ལ་བུ་སྟོན་རིན་པོ་ཆེའི་འདས་མཆོད། ཚེས་༢༥ལ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་འདས་མཆོད། ཚེས་༢༩ལ་ངོར་དཔོན་སློབ་ངག་དབང་ལེགས་གྲུབ་དང་། དགུ་གསོ། ཚེས་༣༠ལ་སྒོ་རུམ་པ་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་འདས་མཆོད། གསོ་སྦྱོང་བཅོ་ལྔ་པ་བཅས་སོ། །
ཧོར་ཟླ་བདུན་པའི་ཚེས་༡ལ་འགྲོ་མགོན་ཕྱག་ནའི་འདས་མཆོད། ཚེས་༤ལ་ཞ་ལུ་མཁན་ཆེན་བསོད་ལྷུན་འདས་མཆོད། ཚེས་༥ལ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་འདས་མཆོད། ས་སྐྱ་པ་ཐེག་ཆེན་ཆོས་རྗེའི་འདས་མཆོད། འཁྲུལ་ཞིག་ངག་དབང་ཆོས་བློའི་འདས་མཆོད། ཚེས༡༠ལ་ཨོ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་དུ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་རང་བྱུང་ཐོལ་སྐྱེས་ཀྱི་ཚུལ་དུ་ཨུ་དུམ་ཝ་རའི་གེ་སར་ལས་འཁྲུང་བའི་དུས་ཆེན། ཚེས་༡༡ལ་འཁོན་གདུང་ཨཱ་ནནྡ་བཛྲའི་འཁྲུངས་སྐར། ཚེས་༡༢ལ་སྔགས་འཆང་ཀུན་དགའ་རིན་ཆེན་འདས་མཆོད། ཚེས་༡༤ལ་ཐུགས་རྗེ་དཔལ་བཟང་འདས་མཆོད། ཚེས་༡༥ལ་ཚར་ཆེན་བློ་གསལ་རྒྱ་མཚོ་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཀུན་མཁྱེན་པད་དཀར། ཀརྨ་པ་རོལ་པའི་རྡོ་རྗེ་བཅས་ཀྱི་འདས་མཆོད། གསོ་སྦྱོང་བཅོ་ལྔ་པ། ཚེས་༢༥ལ་ཕག་མོ་གྲུབ་པའི་འདས་མཆོད། ཚེས་༢༩ལ་ཞྭ་དམར་མཁའ་སྤྱོད་དབང་པོའི་འདས་མཆོད། བཅོ་བརྒྱད་རིན་ཆེན་མཁྱེན་བརྩེའི་དབང་པོའི་འདས་མཆོད་དང་དགུ་གསོ། གསོ་སྦྱོང་བཅོ་ལྔ་པ་བཅས་སོ། །
ཧོར་ཟླ་བརྒྱད་པའི་ཚེས་༡ལ་སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་དབང་གི་རྒྱལ་པོའི་བོད་ལུགས་འཁྲུངས་སྐར་དུས་ཆེན། ཚེས་༡༠ལ་གུ་རུ་རིན་པོ་ཆེའི་རྫུ་འཕྲུལ་གྱི་མཛད་པས་ཆུ་བོ་གྱེན་ལ་བཟློགཉི་མ་རྟོད་ལ་མནན། ཆང་ཁལ་ལྔ་བརྒྱ་དུས་གཅིག་ལ་གསོལ། སྟག་ལ་ཆིབས་ནས་ནམ་མཁར་གཤེགས་པའི་དུས་ཆེན་དང་། མུས་ཆེན་སངས་རིམ་འདས་མཆོད། ཚེས་༡༤ལ་གསོ་སྦྱོང་བཅོ་ལྔ་པ། ཚེས་༡༥ལ་ཚེས་༡༥ལ་སྐྱེ་སྒོང་པ་ཆོས་ཀྱི་སེངྒེ་དང་། ཀརྨ་པ་དེ་བཞིན་གཤེགས་པའི་འདས་མཆོད། ཚེས་༡༧ལ་མཧཱགནྡྷིའི་འཁྲུངས་སྐར། ཚེས་༡༨ལ་ངོར་ཆེན་སངས་རྒྱས་ཕུན་ཚོགས་དང་། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རྣམ་གཉིས་ཀྱི་འདས་མཆོད། ཚེས་༢༠ལ་རྫོང་པ་ཀུན་དགའ་རྣམ་རྒྱལ་དང་། གྲུབ་ཆེན་ཨོ་རྒྱན་པའི་འདས་མཆོད། ཚེས་༢༣ལ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་འདས་མཆོད། ཚེས་༢༥ལ་རིག་འཛིན་ཚེ་དབང་ནོར་བུ་དང་། རིག་འཛིན་ཀུ་མ་རཱ་ཛ་རྣམ་གཉིས་ཀྱི་འདས་མཆོད། ཚེས་༢༧ལ་རིག་འཛིན་ཕྱོགས་ལས་རྣམ་རྒྱལ་གྱི་འདས་མཆོད། ཚེས་༢༩ལ་དགུ་གསོ། ཚེས་༣༠ལ་གསོ་སྦྱོང་བཅོ་ལྔ་པ་བཅས་སོ། །
ཧོར་ཟླ་དགུ་པའི་ཚེས་༣ལ་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད། ཚེས་༤ལ་བདག་ཆེན་བློ་གྲོས་རྒྱལ་མཚན་དང་། ཐར་རྩེ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་འདས་མཆོད། ཚེས་༨ལ་མཁས་བཙུན་ནམ་མཁའ་ལེགས་པའི་འདས་མཆོད། ཚེས་༩ལ་ཀརྨ་པ་རིག་པའི་རྡོ་རྗེའི་འདས་མཆོད། ཚེས་༡༠ལ་གུ་རུ་རིན་པོ་ཆེའི་མུ་སྟེགས་ཀྱི་སྡེ་བཏུལ་པའི་དུས་ཆེན་དང་། གཏེར་སྟོན་བསོད་རྒྱལ་གྱི་འདས་མཆོད། ཚེས་༡༢ལ་ངག་དབང་བློ་གྲོས་སྙིང་པོའི་འདས་མཆོད། ཚེས་༡༤ལ་བླ་མ་བ་རི་ལོ་ཙཱ་བ་དང་། འཁོན་དཀོན་མཆོག་རྒྱལ་པོ། བརྩེ་ཆེན་བསྟན་པའི་སྲོག་ཤིང་༧བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་བཅས་ཀྱི་འདས་མཆོད་ས་བསྐོར་ཆེན་མོ་དང་། ངོར་ཆེན་རྒྱལ་བའི་གདུང་འཚོབ་མཁན་ཆེན་རྡོ་རྗེ་འཆང་༧འཇམ་དབྱངས་བསྟན་པའི་ཉི་མ་ཞིང་འདིར་མཚན་དཔེའི་དཀྱིལ་འཁོར་གསར་དུ་བཞེད་པའི་དུས་ཆེན། ཚེས་༡༥ལ་ལྷ་བབས་ཞལ་བཞེས་ཀྱི་དུས་ཆེན་དང་གྲུབ་ཆེན་བུདྡྷཱ་ཤྲཱིའི་འདས་མཆོད། གསོ་སྦྱོང་བཅོ་ལྔ་པ། ཚེས༡༨ལ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡ་ཨ་ཏི་ཤའི་འདས་མཆོད། ཚེས་༢༡ལ་སྐྱ་མགོན་༧གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེའི་འཁྲུངས་སྐར་དང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་འདས་མཆོད། ཚེས་༢༢ལ་ལྷ་བབས་དངོས་ཀྱི་དུས་ཆེན་དང་། སྒ་ཐར་ལམ་ཉི་དགའ་རིན་པོ་ཆེ། དཔལ་ས་སྐྱའི་རྒྱལ་ཚབ་སྐྱབས་མཆོག་རྡོ་རྗེ་འཆང་བླ་མ་རིན་པོ་ཆེ་དགེ་འདུན་ཡར་འཕེལ་མཁའ་སྤྱོད་དུ་གཤེགས་པ་བཅས་ཀྱི་དུས་ཆེན། ཚེས་༢༤ཉིན་ཀླུ་ལྡིང་མཁན་ཆེན་མི་འགྱུར་རྒྱལ་མཚན་འདས་མཆོད། ཚེས་༢༥ལ་ཨ་འཛོམས་འབྲུག་ཆེན་སྣ་ཚོགས་རང་གྲོལ་གྱི་འདས་མཆོད། སྡེ་གཞུང་འཇམ་དབྱངས་རྒྱ་མཚོ་འཇའ་ལུས་སུ་གཤེགས། ཚེས་༢༩ལ་དགུ་གསོ། གསོ་སྦྱོང་བཅུ་བཞི་པ་བཅས་སོ། །
ཧོར་ཟླ་བཅུ་པའི་ཚེས་༢ལ་ཁྱབ་བདག་དབང་ཕྱུག་རབ་བརྟན་གྱི་འདས་མཆོད། ཚེས་༤ལ་མཁན་ཆེན་བསླབ་གསུམ་རྒྱལ་མཚན་འདས་མཆོད། ཚེས་༦ལ་དཔའ་བོ་གཙུག་ལག་ཕྲེང་བའི་འདས་མཆོད། ཚེས་༨ལ་མུས་ཆེན་སེམས་དཔའ་ཆེན་པོའི་འདས་མཆོད། ཚེས་༡༠ལ་གུ་རུ་རིན་པོ་ཆེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་དུས་ཆེན་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་འདས་མཆོད། ཚེས་༡༢ལ་དཔལ་ས་སྐྱའི་བདག་ཆེན་འཇིགས་བྲལ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་འཁྲུངས་སྐར། ཚེས་༡༥ལ་རྡོ་རིང་པ་ཀུན་སྤངས་ཆེན་པོ་དང་། སྒ་ཐར་ལམ་རབ་དཀར་ལྷུན་གྲུབ་ཀྱི་འདས་མཆོད། གསོ་སྦྱོང་བཅོ་ལྔ་པ། ཚེས་༢༠ལ་རྒྱལ་སྲས་ཐོགས་མེད་བཟང་པོའི་འདས་མཆོད། ཚེས་༢༡ལ་ཡོངས་འཛིན་གླིང་རིན་པོ་ཆེའི་འདས་མཆོད། ཚེས་༢༤བྱམས་ཆེན་ཆོས་རྗེའི་འདས་མཆོད། ཚེས་༢༥ལ་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་དགའ་ལྡན་ལྔ་མཆོད་ཆེན་མོ། ཚེས་༢༩ལ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་འདས་མཆོད་དང་དགུ་གསོ། ཚེས་༣༠ལ་ཀརྨ་པ་བྱང་ཆུབ་རྡོ་རྗེའི་འདས་མཆོད། གསོ་སྦྱོང་བཅོ་ལྔ་པ་བཅས་སོ། །
ཧོར་ཟླ་བཅུ་གཅིག་པའི་ཚེས་༣ལ་ཀརྨ་པ་དུས་གསུམ་མཁྱེན་པའི་འདས་མཆོད། ཚེས་༦ལ་ངན་པ་དགུ་འཛོམ། ཚེས་༧ལ་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཁའ་སྤྱོད་དུ་གཤེགས། ཚེས་༡༠ལ་གུ་རུ་རིན་པོ་ཆེ་གངས་ཅན་བོད་དུ་བྱོན་ཞིང་ལྷ་སྲིན་དམ་ལ་བཏགས་པའི་དུསཆེན་དང་། འཇམ་མགོན་ཨ་མེས་ཞབས་ཀྱི་འདས་མཆོད། བཟང་པོ་བཅུ་འཛོམ། ཚེས་༡༡ལ་སློབ་དཔོན་བསོད་ནམས་རྩེ་མོ་མཁའ་སྤྱོད་དུ་གཤེགས་པ་དང་། རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མའི་འདས་མཆོད། ཚེས་༡༤ལ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མངོན་དགའི་ཞིང་དུ་གཤེགས་པས་མངོན་དགའི་བཞི་མཆོད་ཆེན་མོ་དང་། མགོན་པོ་བསོད་ནམས་མཆོག་ལྡན་གྱི་འདས་མཆོད། ཚེས་༡༥ལ་ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་བདེ་བ་ཅན་དུ་གཤེགས། གསོ་སྦྱོང་བཅོ་ལྔ་པ། ཚེས་༡༨ལ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་འདས་མཆོད། ཚེས་༡༩ལ་སྟག་ལུང་ཐང་པའི་འདས་མཆོད། ཚེས་༢༢ལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་རྣམ་གཉིས་བདེ་བ་ཅན་དུ་གཤེགས། ཚེས་༢༦ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་འདས་མཆོད། ཚེས་༢༩ལ་དགུ་གསོ། གསོ་སྦྱོང་བཅུ་བཞི་པ་བཅས་སོ། །
ཧོར་ཟླ་བཅུ་གཉིས་པའི་ཚེས་༡ལ་ཀུན་མཁྱེན་རོང་སྟོན་ཆེན་པོའི་འདས་མཆོད། ཚེས་༤ལ་སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་འདས་མཆོད། ཚེས་༨ལ་ཀུན་དགའ་གྲོལ་མཆོག་འདས་མཆོད་དང་། ཐུབ་དབང་བྱུང་ཆུབ་ཤིང་དྲུང་དུ་༡༥བར་ཞག་བདུན་བཞུགས། ཚེས་༡༠ལ་གུ་རུ་རིན་པོ་ཆེ་སྲིན་པོའི་ཁ་གནོན་དུ་འབྱོན་པའི་དུས་ཆེན། ཚེས་༡༤ལ་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་འདས་མཆོད། ཚེས་༡༥ལ་གསོ་སྦྱོང་། ཚེས་༡༧ལ་ལོ་ཆེན་རིན་ཆེན་བཟང་པོ་དང་། ཚེས་༡༨ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་འདས་མཆོད། སྒ་ཐར་ལམ་འཇམ་དབྱངས་བློ་གསལ་གྱི་འདས་མཆོད། ཚེས་༢༢ལ་ཟངས་ཚ་བསོད་ནམས་རྒྱལ་མཚན་འདས་མཆོད། ཚེས་༢༥ལ་མཁན་ཆེན་བློ་གྲོས་འདས་མཆོད། ཚེས་༢༧ལ་འབྲི་གུང་རིན་ཆེན་ཆོས་གྲགས་ཀྱི་འདས་མཆོད། ཚེས་༢༩ལ་རེ་མདའ་བ་གཞོན་ནུ་བློ་གྲོས་འདས་མཆོད་དང་དགུ་གསོ། ཚེས་༣༠ལ་གསོ་སྦྱོང་བཅོ་ལྔ་པ་བཅས་སོ། །
གཞན་ཡང་ཚེས་༡ལ་སངས་རྒྱས་ཏིང་འཛིན་རྒྱལ་པོའི་དུས་ཆེན། ཚེས་༨ལ་སངས་རྒྱས་སྨན་བླ་དང་། སྒྲོལ་དཀར། ཚེ་རིང་མ། ཀུ་རུ་ཀུལླེ་ཞིང་སྐྱོང་བཅས་ཀྱི་དུས་ཆེན། ཚེས་༡༠དང་༢༥ལ་སངས་རྒྱས་སྟོང་དང་མཁའ་སྤྱོད་མ་གུ་རུ་བཅས་ཀྱི་དུས་ཆེན། ཚེས་༡༥ལ་འོད་དཔག་མེད་ཀྱི་དུས་ཆེན། ཚེས་༡༨ལ་སྤྱན་རས་གཟིགས་ཀྱི་དུས་ཆེན། ཚེས་༢༡ལ་ས་ཡི་སྙིང་པོའི་དུས་ཆེན། གནམ་སྟོང་ལ་ཤཱཀྱ་ཐུབ་པ་དང་བསྐལ་བཟང་སངས་རྒྱས་སྟོང་འབྱོན་པའི་དུས་ཆེན། དུས་ཆེན་དེ་རྣམས་ལ་དགེ་སྡིག་གང་བྱས་འབུམ་དུ་འགྱུར། ཟླ་བ་བྱུང་ངོ་ཅོག་གི་ཚེས་༨ལ་མགོན་པོའི་དུས་ཆེན། ཚེས་༡༤ལ་ཞལ་གྱི་དུས་ཆེན། ཚེས་༢༣ལ་ལྷ་མོའི་དུས་ཆེན། ཚེས་༢༩ལ་ཆོས་སྐྱོང་སྤྱིའི་དུས་ཆེན་ཏེ་དེ་རྣམས་ལ་ཆོས་སྐྱོང་གི་དུས་བཞིའོ། ཧོར་ཟླ་དང་པོའི་ཚེས་༡ནས་༡༥བར་རྒྱལ་བས་ཆོ་འཕྲུལ་སྟོན་པའི་དུས་ཆེན། ཧོར་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༧ལ་སྟོན་པ་སྐུ་བལྟམས་པ་དང་ཚེས་༡༥ལ་སངས་རྒྱས་པ་དང་། མྱ་ངན་ལས་འདས་པ་སྟེ་སྟོན་པའི་དུས་ཆེན་སུམ་འཛོམ་ཡིན། ཧོར་ཟླ་དྲུག་པའི་ཚེས་༤ལ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་པའི་དུས་ཆེན། ཧོར་ཟླ་དགུ་པའི་ཚེས་༡༥ལ་ལྷ་བབས་ཞལ་བཞེས་དང་། དེའི་ཚེས་༢༢ལ་ལྷ་བབས་དངོས་ཀྱི་དུས་ཆེན་ཡིན་པས་ཟླ་བ་དེ་རྣམས་ལ་དགེ་སྡིག་གང་བྱས་འབུམ་དུ་འགྱུར། ཟླ་བ་བྱུང་ངོ་ཅོག་གི་ཚེས་༡ལ་དགེ་སྡིག་གང་བྱས་བརྒྱ་འགྱུར། ཚེས་༨ལ་སྟོང་འགྱུར། ཚེས་༡༠ལ་འབུམ་འགྱུར། ཚེས་༡༥ལ་བྱེ་བར་འགྱུར། ཚེས་༡༨ལ་ས་ཡར་འགྱུར། ཚེས་༢༢ལ་དུང་འགྱུར། ཚེས་༢༥ལ་དུང་ཕྱུར་བདུན་འགྱུར། ཚེས་༣༠ལ་དུང་ཕྱུར་དགུ་འགྱུར། དེ་རྣམས་ལ་ཟླ་བའི་དུས་བརྒྱད་ཅེས་གྲགས། ཅེས་འདི་རྣམས་ལ་དགེ་བ་བྱས་པའི་འགྱུར་ཁྱད་ནི། འདུལ་པ་ལུང་རིགས་གཏེར་མཛོད་ལས། །དེ་ལྟར་དུས་ཆེན་རྣམ་བཞི་ལ། །དགེ་བ་ཅང་ཟད་བགྱིས་པ་རྣམས། །ས་ཡ་ཕྲག་རྒྱའི་འགྱུར་དུ་གསུངས། །དེ་དག་ཞིབ་ཏུ་བརྩིས་པ་ན། །ལྷག་བསམ་དག་པས་ནས་ཕུལ་གང་། །སྦྱིན་པ་བཏང་ན་ནས་ཕུལ་དེ། །ས་ཡ་ཕྲག་བརྒྱ་འགྱུར་བའི་ཕྱིར། །ནས་ཁལ་བརྒྱད་འབུམ་སུམ་ཁྲི་དང་། །སུམ་སྟོང་སུམ་བརྒྱ་སུམ་ཅུ་གསུམ། །བྲེ་དྲུག་ཕུལ་བཞིའི་འབྲས་བུ་ནི། །འགྱུར་བ་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་དང་།
གཞན་ཡང་ས་ཡི་སྙིང་པོའི་ཞུས་པའི་མདོ་ལས། ཚེས༡དང༨༡༤༡༥༡༨༢༡༢༣༢༥༢༨༢༩༣༠བཅས་དང་། ཉི་ཟླ་གཟའ་འཛིན་སྐབས་དགེ་སྡིག་གང་བྱས་ཀྱི་འགྱུར་ཁྱད་ནི། ལུང་ལས། །ཉི་མ་གཟའ་ཡི་ཟིན་པའི་དུས། །བྱེ་བ་ཕྲག་ནི་འབུམ་འགྱུར་དང་། ། ཟླ་བ་བྱེ་བ་བདུན་འགྱུར་ཏེ། །དུས་ཆེན་བཞི་དང་གཟའ་འཛིན་འཛོམས། །དེ་དུས་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་ཞིང་། འཕགས་བོད་ཤིང་རྟ་མཁས་གྲུབ་ཆེན་པོ་རྣམས་དང་དགོན་པ་སོ་སོའི་ཕྱག་འདེབས་མཁན་སོགས་བརྒྱུད་པའི་བླ་མ་རྣམས་དང་། ལྷག་པར་རང་རང་གི་རྩ་བའི་བླ་མ་དམ་པ་རྣམས་དགོངས་པ་ཞི་དབྱིངས་སུ་མནལ་བ་དང་སྐུ་བལྟམས་པ། མཛད་ཕྲིན་ཆེན་པོ་སྐྱོང་བའི་དུས་ཚོད་སོགས་དུས་ཆེན་ཁག་ཉེ་བར་བཟུང་ནས་སྒྲུབ་ཅིང་མཆོད་པ་སོགས་ཉན་སེམས་སྒོམ་པ་མདོ་སྔགས་ཀྱི་ཚོགས་རླབས་པོ་ཆེའི་བྱ་བ་སྒྲུབ་ན་ཁྱད་པར་དུ་འཕགས་ཏེ། དུས་འཁོར་ལས། བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་ནས། །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པ་བྱེ་བསགས་པའི་སྡིག་བཅོམ་ནས། །ཤིནྟུ་མི་ཟད་གཤིན་རྗེའི་གྲང་ལས་ཐར། །ཞེས་དང་། བླ་མ་ཉག་ཅིག་མཉེས་བྱས་ན། །བསྐལ་པ་བྱེ་བ་ཐེར་འབུམ་དུ། །བྱས་དང་བྱས་ཀུན་ཡི་རང་པའི། །སྡིག་ཆེན་བཅོམ་ནས་སངས་རྒྱས་འགྱུར། །ཞེས་དང་། བླ་མ་འཕགས་ཚུལ་ཡང་། །ས་སྐྱ་པཎྜི་ཏས། །ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་འགྱུར། །ཞེས་སོགས་གསུང་པར་ལྟར། ཡུལ་གཉན་པ་དེ་དག་ལ་དམིགས་ཏེ་དགེ་བ་བྱས་ན་བྱ་སླ་ཚེགས་ཆུང་གིས་ཚོགས་བསགས་པའི་ཐབས་བླ་ན་མེད་པ་ཡིན་པས། དེའི་དུས་སུ་དགེ་སྡིག་གང་བྱས་མང་དུ་འཕེལ་འགྲོ་བས་སྔོན་བྱོན་དམ་པ་མང་པོས་ཐུགས་གཙིགས་ཆེན་པོ་གནང་བའི་ཕྱག་བཞེས་ཡོད་ཀྱང་དེང་སང་ཇི་བཞིན་མེད་པ་མ་ཟད་དགེ་བ་མ་གཏོག་སྡིག་པ་འཕེལ་བ་མི་འདོད་པའང་སྣང་། དེས་ན་དགེ་སྡིག་འཕེལ་བ་ལ་འདྲ་མཉམ་ཡིན་ཏེ་མར་མེ་གཅིག་ཕུལ་ན་བརྒྱ་འགྱུར་བ་དང་སེམས་ཅན་གཅིག་བསད་ན་བརྒྱ་བསད་པ་དང་འདྲ་བ་སོགས་བསོད་ནམས་དང་ཉེས་དམིགས་འདྲ་ཞིང་། མནའ་གཅིག་ཟོས་པས་བརྒྱ་ཟོས་པ་སོགས་འདྲ་མཉམ་ཡིན་ནོ། དེས་ན་ངལ་བ་ཆེན་པོ་མ་དགོས་པའི་བསོད་ནམས་ཀྱི་ཚོགས་བརླབས་པོ་ཆེ་འགྲུབ་པ་སོགས་དགོས་པ་ཁྱད་པར་ཅན་དུ་དམིགས་ནས་ལྷ་རྒྱལ་དགོན་གྱི་གྲལ་མཐར་རུ་སྐྱེས་པ་ཀུན་ཏུ་རྒྱུ་བཤད་སྒྲུབ་བསྟན་འཛིན་དེས་ཟིན་བྲིས་ཞིག་ལ་གཞི་བྱིས་བརྟན་རྩིས་དང་རྒྱལ་སྲས་བློ་གྲོས་མཐའ་ཡས་སྨྱུང་གནས་ཕན་ཡོནསོགས་ལས་བཏུས། ལྷག་པར་སྐྱབས་རྗེ་བཀའ་དྲིན་མཚུངས་མེད་བླ་མ་རིན་པོ་ཆེ་དགེ་འདུན་ཡར་འཕེལ་མཆོག་གི་ཞལ་རྒྱུན་གྱིས་ཟུར་བརྒྱན་ཏེ་བལྟ་བདེའི་ཁྱེད་དུ་བཀོད་དེ་བྲིས་པས་དགེ་བས་མ་རྒན་འགྲོ་བ་རྣམས་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་གྱུར་ཅིག། དགེའོ། །
རྩོམ་ཁུངས།
འཕྲིན་སྟེགས།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་།
སྒྲིག་སྦྱོར།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*