དཔལ་ས་སྐྱའི་སྐྱབས་མགོན་ཛྙཱ་ན་བཛྲ་རིན་པོ་ཆེའི་ཞབས་བརྟན་མོས་གུས་དད་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།


༅། །དཔལ་ས་སྐྱའི་སྐྱབས་མགོན་ཛྙཱ་ན་བཛྲ་རིན་པོ་ཆེའི་
ཞབས་བརྟན་མོས་གུས་དད་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །

རྩོམ་པ་པོ། རབ་བརྟན་དགེ་ལེགས་ཕུན་ཚོགས།

ཨོཾ་སྭ་སྟི།
ཀུ༵ན་དག༵འི་དཔལ་སྟེར་དཀོན་མཆོག་རི༵ན་ཆེ༵ན་དང་། །
མཁྱེ༵ན་བརྩེ༵་ནུས་པའི་རང་གཟུགས་རིགས་གསུམ་མགོན། །
དཔལ་ཆེན་རྡོ༵་རྗེ༵་གཞོན་ནུ་ལ་སོགས་པས། །
རྣམ་ཀུན་ཤིས་པའི་མེ་ཏོག་འཐོར་དུ་གསོལ། །

ང༵ག་དབ༵ང་ལྷ་ཡི་རིགས་སུ་སྐུ་འཁྲུངས་ནས། །
ཀུ༵ན་དག༵འ་སྙིང་པོའི་བསྟན་པ་རི༵ན་ཆེ༵ན་གཏེར། །
འཛིན་སྐྱོང་སྤེལ་བའི་མཁྱེ༵ན་བརྩེ༵་ནུས་སྟོབས་ལྡན། །
འཁོན་སྟོན་རྡོ༵་རྗེ༵་འཛིན་པ་ཞབས་བརྟན་གསོལ། །

ཐོས་བསམ་སྒོམ་པའི་རྩ་བ་རབ་ཏུ་བརྟན། །
འཆད་རྩོད་རྩོམ་པའི་འདབ་མ་ཕྱོགས་བརྒྱ་གྲོལ། །
མཁས་བཙུན་བཟང་པོའི་འབྲས་བུ་གཡུར་ཟ་བའི། །
བཤེས་གཉེན་དཔག་བསམ་ལྗོན་པ་ཞབས་བརྟན་གསོལ། །

སྐུ་ཡི་གཟི་བྱིན་བལྟ་བས་ཆོག་མི་ཤེས། །
གསུང་གི་བརྗོད་པ་སྙན་ཅིང་མཉེན་ལ་འཇམ། །
ཐུགས་ཀྱི་དགོངས་པ་སྟོང་ཉིད་སྙིང་རྗེའི་བདག །
གསང་གསུམ་རྡོ་རྗེའི་ངོ་བོར་འཚོ་གཞེས་གསོལ། །

འཁོར་འདས་དབྱེར་མེད་རྟོགས་པའི་ལྟ་བ་མཐོ། །
བསྐྱེད་རྫོགས་གདེངས་དང་ལྡན་པའི་སྒོམ་པ་ཟབ། །
མ་བཅོས་ལྷུན་གྱིས་གྲུབ་པའི་སྤྱོད་པ་ཅན། །
འཁོན་རིགས་གྲུབ་པའི་དབང་པོ་ཞབས་བརྟན་གསོལ། །

ཕྱི་ལྟར་དགེ་བསྙེན་རྡོ་རྗེ་འཛིན་པ་ཆེ། །
ནང་ལྟར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེ། །
གསང་བ་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ། །
སུམ་ལྡན་རྡོ་རྗེ་འཛིན་པ་ཞབས་བརྟན་གསོལ། །

མདོ་རྒྱུད་རྒྱ་མཚོར་གསན་བསམ་ཕུལ་དུ་བྱུང་། །
རྒྱུད་སྡེ་རྒྱ་མཚོའི་བསྙེན་སྒྲུབ་མཐའ་རུ་ཕྱིན། །
གདུལ་བྱ་རྒྱ་མཚོར་སྨིན་གྲོལ་ཆོས་ཆར་ཕབ། །
དཀྱིལ་འཁོར་རྒྱ་མཚོའི་ངོ་བོར་འཚོ་གཞེས་གསོལ། །

སྐྱབས་གསུམ་ངོ་བོ་རྩ་བའི་བླ་མ་ལ། །
དད་གསུམ་མོས་གུས་གདུང་བས་རྒྱུད་སྨིན་ཏེ། །
སྒོ་གསུམ་རྟག་ཏུ་བཀའ་བཞིན་སྒྲུབ་པས་མཆོད། །
དུས་གསུམ་རྒྱལ་བའི་གདུང་འཚོབ་ཞབས་བརྟན་གསོལ། །

མི་རིགས་མི་འདྲའི་སྐད་ཡིག་སྣ་ཚོགས་མཁྱེན། །
རིགས་དྲུག་འགྲོ་ལ་མ་གཅིག་བུ་བཞིན་བརྩེ། །
བསྟན་འགྲོ་རྒུད་པའི་མུན་པ་སེལ་བར་ནུས། །
སྔགས་འཆང་བླ་མ་ཆེན་པོ་ཞབས་བརྟན་གསོལ། །

འཇམ་མགོན་གོས་དཀར་ལྕང་ལོའི་སྐུར་སྤྲུལ་ནས། །
སྙིགས་དུས་དམུ་རྒོད་འགྲོ་རྣམས་ཐབས་ཀྱིས་འདུལ། །
རབ་བྱུང་འབུམ་སྡེའི་དབུས་ན་ཏོག་ལྟར་མཛེས། །
སྔགས་འཆང་ཐམས་ཅད་མཁྱེན་པ་ཞབས་བརྟན་གསོལ། །

རིགས་དང་ཆེན་པོའི་དཔལ་གྱིས་མངོན་མཐོ་ཡང་། །
ཆེ་མདོག་ཚུལ་འཆོས་སྤྲོས་པ་རྒྱང་བསྲིངས་ཏེ། །
ཁེངས་དང་དྲེགས་པའི་དྲི་མས་ཀུན་ནས་དབེན། །
སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་གསོལ། །

ས་སྟེང་འདི་ན་འགྲན་ཟླ་མེད་པ་ཡི། །
ས་གསུམ་སྐྱེ་དགུའི་སྤྱི་ནོར་ཆོས་ཀྱི་རྗེ། །
ས་སྐྱ་གོང་མའི་མཚན་གྱི་ཅོད་པན་ཅན། །
ས་སྐྱའི་སྐྱབས་མགོན་ཆེན་པོ་ཞབས་བརྟན་གསོལ། །

ང༵ག་ལ་དབ༵ང་འབྱོར་འགྲོ་ཀུ༵ན་དག༵འ་བའི་གཉེན། །
བསྟན་པ་རི༵ན་ཆེ༵ན་ཕྱོགས་བརྒྱར་སྤེལ་བའི་མགོན། །
མཁྱེ༵ན་བརྩེ༵་ནུས་པའི་མངའ་བདག་རྡོ༵་རྗེ༵་འཛིན། །
སྐུ་ཚེ་མཐར་ཕྱིན་མཛད་འཕྲིན་རྒྱས་གྱུར་ཅིག །

ཆེར་སྙིགས་དུས་ཀྱི་རྒུད་པའི་མར་གཤམ་འདིར། །
འཁོན་སྟོན་སྤྲུལ་པའི་གདུང་རྒྱུད་བརྒྱུད་མར་བྱོན། །
རྡོ་རྗེ་ཕུར་པའི་རིག་སྔགས་གྲུབ་པ་ཡིས། །
བསྟན་དང་འགྲོ་ལ་ཕན་བདེ་འབྱུང་བར་ཤོག །

བླ་མའི་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན། །
རྒྱ་ཆེན་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར། །
མཛད་པ་འཕྲིན་ལས་ནམ་མཁའི་མཐའ་དང་མཉམ། །
བསྟན་འགྲོའི་དོན་ཆེན་འགྲུབ་པའི་བཀྲ་ཤིས་ཤོག །

ཅེས་མགོན་པོ་གང་གི་ཞབས་པད་རྩིབས་སྟོང་གསེར་གྱི་འཁོར་ལོ་རབ་གནས་མེ་བྱ་ཟླ་བ་དྲུག་པའི་ཚེས་ཉེར་དྲུག་ཉིན་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་ལེགས་པར་བསྒྱུར་གྲུབ་ནས། དྲུག་པའི་གནམ་སྟོང་དང་བདུན་པའི་ཚེས་གཅིག་བཅས་ལ་སྡེ་དགེ་དྷརྨ་མདོའི་ལྔ་རིག་བཤད་གྲྭ་ཆེན་མོ་ནས་མཁན་སྤྲུལ་རྡོར་འཛིན་བརྒྱ་ཕྲག་མང་པོས་གཙོས་པའི་དགེ་འདུན་པ་བརྒྱད་སྟོང་དང་། མི་སྐྱ་ལྔ་ཁྲི་ལྷག་ཙམ་འདུས་པ་ལ་ལྷ་རིགས་འཁོན་ས་སྐྱ་པའི་ཡབ་ཆོས་འཁོན་ལུགས་རྡོ་རྗེ་ཕུར་པའི་སྨིན་དབང་ཟབ་མོ་བསྩལ་བར་མཛད་པའི་ཚེ། འདྲེན་པ་གང་གི་གསང་གསུམ་མཛད་པའི་ཡོན་ཏན་ཕྱོགས་ཙམ་མཇལ་བས་བཟོད་མེད་དད་སྤྲོའི་སྤུ་ལོང་ཆེས་ཆེར་གཡོ་བ་བྱུང་སྟེ།
གུས་འབངས་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་དེ་འཕྲལ་ཉིད་དུ་གསོལ་བ་བཏབ་པ་སརྦ་མངྒ་ལ

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*