ཉ་བྲག་དགོན་པའི་ལོ་རྒྱུས།

ཉ་བྲག་དགོན་པའི་ལོ་རྒྱུས།

དང་པོ། དགོན་པའི་སྔོན་བྱུང་གི་ལོ་རྒྱུས།
ཉ་བྲག་དགོན་པ་འདི་ནི་དཀར་མཛེས་རྫོང་གསེར་མཁར་ཞང་གི་འཁོར་དུ་ཆགས་ཡོད། ཉ་བྲག་ཞེས་ཐོག་དོན་ནི་རིའི་དབྱིབས་ཉ་དང་འདྲ་བའི་བྲག་གི་མགོ་ན་དགོན་འདི་ཆགས་ཡོད་པས་ཉ་བྲག་དགོན་ཞེས་ཟེར། དགོན་པ་འདི་ནི་བོད་རབ་བྱུང་ལྔ་པའི་ནང་འགྲོ་མགོན་འཕགས་པའི་ཐུགས་དགོངས་ལྟར་པཀྵི་རིན་ཆེན་དཔལ་བཟང་གིས་ཕྱག་བཏབ་པ་གནང་བའི་གྲུབ་མཐའ་ས་སྐྱ་བའི་དགོན་པ་ཞིག་ཡིན། ཡང་དམ་པ་འགའ་རེ་གསུང་ཚུལ་གཞན་ཞིག་ལ། དགོན་པ་འདི་ཐོག་མར་ཕྱག་འདེབས་མཁན་ནི། རྗེ་ཕག་མོ་གྲུབ་པའི་དངོས་སློབ་གྲུབ་ཐོབ་ཉག་སེ་པ་ཡིན་པར་གསུངས། གཙུག་ལག་ཁང་ལ་ཀ་བ་བརྒྱ་ཕྲག་གཅིག་གིས་བཏེགས་ཡོད། དེ་ནས་དུས་ཡུན་རིང་པོ་འདས་རྗེས་དགོན་པ་འདི་ཧ་ཅང་ཉམས་ཆག་བྱུང་བར། ཤངས་པ་བཀའ་བརྒྱུད་ཀྱི་མཁན་ཆེན་བྱང་ཆུབ་བླ་མས་གཙུག་ལག་ཁང་ཉམས་གསོ་མཛད། བླ་མ་འདི་དང་རྗེ་ཙོང་ཁ་པ་གཉིས་ཐུགས་ཡིད་ཤིན་ཏུ་འདྲིས་པས་ཁོང་གིས་རྗེ་ཙོང་ཁ་པ་ལ་དགོན་པ་འདིར་བྱིན་རླབས་ཀྱི་རྟེན་ཞིག་བསླངས་པར། རྗེ་ཙོང་ཁ་བ་ཆེན་པོས་ཉིད་ཀྱི་སྐུ་ཆིངས། སྟོད་འགག སྣམ་སྦྱར། གཞན་ཡང་བྱིན་རྟེན་མང་པོ་གནང་བ་རྣམས་མགོན་པོ་ཕྱག་དྲུག་པའི་གཟུངས་བཞུགས་སུ་ཕུལ་བར་དཀར་ཆག་རྙིང་བ་ལས་བཤད། བྱང་ཆུབ་བླ་མ་དགོན་འདིར་ཡུན་རིང་བཞུགས་པར་དེ་དུས་དགེ་འདུན་སྟོང་ཕྲག་ལས་བརྒལ་བར་བྱུང་བར་གྲགས། རབ་བྱུང་བཅུ་པའི་མཇུག་ཏུ་ས་སྐྱའི་བདག་ཆེན་ཨ་མྱེ་མཐུ་སྟོབས་གདན་ས་འདིར་བྱོན་ནས་རྟེན་རྙིང་རྣམས་ལ་ཉམས་གསོ་མཛད། དེ་ནས་རིམ་གྱིས་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་བཟང་པོ་དང་། སྡེ་དགེ་ལྷུན་གྲུབ་[page 169] སྟེང་གི་བླ་མ་ཤར་ཆེན་མི་འགྱུར་རྒྱལ་མཚན། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམས་ཀྱིས་ཀྱང་དགོན་འདིའི་འགན་འཁུར་ནས་གཙུག་ལག་ཁང་དང་ནང་རྟེན་སོགས་ལ་ཉམས་གསོ་མཛད། ཕྱིས་སུ་སྒ་བརྟན་རྡོ་རྗེ་འཆང་ངག་དབང་ལེགས་པ་དགོན་འདིར་བྱོན་ནས་དགེ་འདུན་མང་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་གནང་བ་དང་། རྟེན་བཞེངས་མཆོད་འདུལ་གནང་བ་སོགས་བཀའ་དྲིན་ལྷག་པར་ཆེ།

གཉིས་པ། དགོན་པའི་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་ཀྱི་སྐོར།
དེ་ཡང་དབུ་རྩེ་ཁང་དུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་སྐུ་བརྙན་ཁྱད་པར་ཅན་ཚར་བཅུ་བདུན། ཙན་དན་དཀར་པོ་ལས་གྲུབ་པའི་ཇོ་བོ་ལོ་ཀི་ཤྭ་ར། བྱང་ཆུབ་བླ་མའི་གདུང་རིལ་བོར་བཞུགས་པའི་གསེར་གདུང་ཆེན་མོ། བླ་མ་དེ་ཉིད་ཀྱི་སྐུ་བརྙན་ང་འདྲ་མ་བྱིན་ཅན། ཐུགས་དམ་གྱི་རྟེན་མགོན་པོ་ཕྱག་དྲུག་པ། ལྷག་པར་དུ་ཙན་དན་དམར་པོ་ལས་གྲུབ་པའི་ཐུབ་དབང་གི་སྐུ། རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་པ་གངས་ཅན་མཚོ་སྐུ་འདྲ་འདི་གཉིས་ལ་མཚན་མོ་མེ་འོད་འགྲོ་བ་དང་ཐུགས་ཀར་བྱིའུ་ཙམ་གྱི་དྲོད་ཡོད་པར་བཤད། ལི་སྐུ་ཀུན་རིག་རྩ་ལྷ་སོ་བདུན་སོགས་ལི་སྐུ་ཉིས་བརྒྱ་ཙམ་བཞུགས། མགོན་ཁང་དུ། ཐུབ་པ། གནས་བརྟན་བཅུ་དྲུག ཧ་ཤང་། རྒྱལ་ཆེན་བཞི། གུར་ལྷ་བརྒྱད། རུ་འདྲེན་སྡེ་བཞི། ཙན་དན་དམར་པོ་ལས་གྲུབ་པའི་གུར་ཞལ་གྱི་སྐུ། སྤོས་འདམ་ལས་གྲུབ་པའི་གུར་མགོན་བྱིན་ཅན། མ་གཅིག་ལབ་སྒྲོན་གྱི་ཕྱག་དྲིལ། བྲིས་ཐང་སྐོར་ལ། དཔག་བསམ་འཁྲི་ཤིང་། གྲུབ་ཆེན་བརྒྱད་ཅུ། རྒྱུད་སྡེ་དཀྱིལ་འཁོར་ཆ་ཚང་། ས་ཆེན་གོང་མ་ལྔ་སོགས་བྲིས་ཐང་ལྔ་བརྒྱ་ལྷག་བཞུགས། གཞན་ཡང་མགོན་དཀར། དུར་བདག་ཡབ་ཡུམ། མགོན་པོ་སྟག་ཞོན་སོགས་བཞུགས། གསེར་གདུང་ཁང་དུ་གྲུབ་ཆེན་བིར་པ་བའི་གཙོས་སྐུ་འདྲ་མང་པོ་དང་། ནུབ་ལྷ་ཁང་དུ་བཅུ་གཅིག་ཞལ། ཐང་སྟོང་རྒྱལ་པོ། མི་ལ་རས་པ་སོགས་སྐུ་འདྲ་བཞི་བཅུ་ལྷག་བཞུགས། ལྷ་ཆེན་ཁང་དུ་རྣམ་རྒྱལ་མཆོད་རྟེན་དང་དབྱེན་ཟླུམ་མཆོད་རྟེན་སོགས་དང་། གསུང་རྟེན་སྐོར་ལ་རྒྱལ་བའི་བཀའ་འགྱུར་གསེར་བྲིས་མ་ཚར་གཅིག གསེར་དངུལ་འདྲེས་མའི་བྲིས་པ་ཚར་གཉིས། འབུམ་དངུལ་བྲིས་ཚར་གཉིས། སྣག་པར་བཀའ་འགྱུར་དང་བསྟན་འགྱུར། ས་ཆེན་གོང་མ་ལྔའི་བཀའ་འབུམ། ལམ་འབྲས། སྒྲུབ་ཐབས་དང་རིན་ཆེན་གཏེར་མཛོད་སོགས་མང་ངོ་། མཆོད་ཆས་སྐོར་ལ། དུང་མཚོ་རས་པས་གཏེར་ནས་བཏོན་པའི་ཆོས་དུང་དཀར་པོ་སྐབས་སྐབས་སུ་རང་སྐད་གྲགས་པ་དང་། རྐུན་མས་ཁྱེར་ནས་བུས་ཀྱང་སྒྲ་མ་གྲགས་པ་སོགས་དང་། སྟག་དུང་ཕྲ་བོ་ཆ་བཅུ་སོགས་ཡོད།

གསུམ་པ། དགོན་པའི་མཛད་སྒོ་དུས་ཆེན་གྱི་སྐོར།
[page 170] དགོན་པ་འདིར་སྔོན་ལ་མཁན་པོ་གཅིག་མ་གཏོགས་མེད། མཁན་པོ་ནི་ལོ་གསུམ་རེ་ནས་བསྐོ་བ་ཡིན། ཕྱིས་སུ་བེ་རུ་དཔོན་པོ་ཁྲོམ་དགེ་ལ་སྤྲུལ་སྐུ་ཞིག་དགོས་པར་ཞུས་པར། ཀུན་དགའ་བསྟན་པའི་རྒྱལ་མཚན་ཉིད་སྤྲུལ་སྐུ་དང་པོར་ངོས་འཛིན་བྱས་ཏེ་ད་ལྟའི་བར་སྐུ་ཕྲེང་བཞི་ཕེབས་ཡོད། དགོན་པ་འདིའི་བཤད་སྒྲུབ་གཉིས་ཀྱི་ནང་ནས་སྒྲུབ་པ་གཙོ་བོར་བྱེད་པ་ཡིན། དེ་ཡང་གཙོ་བོ་ཀྱེ་རྡོར་ལ་ཉམས་ལེན་བྱེད་པ་ཡིན། རྒྱུན་གྱི་སྒྲུབ་མཆོད་ནི། ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔ་བར་ཀུན་རིག་སྒྲུབ་མཆོད། ཚེས་ཉེར་དྲུག་ནས་ཀྱེེ་རྡོར་གྲུབ་མཆོད་ཉིན་བདུན། ཟླ་གཉིས་པའི་ཚེས་བཅུ་གཉིས་ནས་བདེ་མཆོག་ནག་པོའི་སྒྲུབ་མཆོད་ཉིན་བདུན། ཟླ་གསུམ་པའི་ནང་ཀུན་རིག་སྒྲུབ་མཆོད་ཉིན་ཉི་ཤུ། ཟླ་བཞི་པའི་ཚེས་བདུན་ནས་ཀྱེེ་རྡོར་སྒྲུབ་མཆོད་ཉིན་བདུན། ཚེས་ཉེར་གསུམ་ནས་ཀྱེེ་རྡོར་གྲུབ་མཆོད་ཉིན་བདུན། ཟླ་ལྔ་བའི་ཚེས་དྲུག་ནས་རྣམ་རྒྱལ་སྒྲུབ་མཆོད་ཉིན་དགུ། ཚེས་བཅོ་ལྔ་ནས་དབྱར་གནས་ཟླ་གཅིག་དང་ཕྱེད། ཟླ་བདུན་པའི་ནང་ཀྱེེ་རྡོར་སྒྲུབ་མཆོད་ཉིན་བཅུ་བཞི། ཟླ་བརྒྱད་པའི་ནང་འཇིགས་བྱེད་བདག་འཇུག་ཉིན་ལྔ། དྲུག་བཅུ་པའི་གཏོར་བཟློག་ཉིན་གསུམ། ཚེས་བཅོ་ལྔ་ནས་ཡི་དམ་སེང་གདོང་མ། ཕྱག་རྡོར་འབྱུང་པོ་འདུལ་བྱེད། གུར་མགོན་བཅས་ལ་བསྙེན་ཚད་ཉིན་བདུན། ཟླ་དགུ་པའི་ནང་གསང་འདུས་འཇམ་རྡོར་དང་མི་བསྐྱོད་པ་གཉིས་ཀྱི་དངོས་རྟ་ཉིན་བཅུ་བཞི། ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བདེ་མཆོག་ལི་ཧཱུ་བ་དང་མཁའ་སྤྱོད་སྒྲུབ་མཆོད་བཅས་ཉིན་བཅོ་ལྔ། ཚེས་ཉེར་གཅིག་ནས་གུར་གྱི་མགོན་པའི་དྲུག་བའི་གཏོར་བཟློག་ཉིན་བཞི་དང་འཆམ་ཉིན་གསུམ། ཚེས་སུམ་ཅུ་ནས་ཟླ་བཅུ་གཉིས་པའི་ཚེས་བཞི་བར་ཆོས་སྐྱོང་སྤྱི་ལ་གཏང་རག་ཉིན་ལྔ། ཚེས་དགུ་ནས་ཕུར་བའི་སྒྲུབ་མཆོད་ཉིན་བདུན། ཚེས་ཉེར་གཅིག་ནས་མགོན་པོ་ཁྲོ་བཅུའི་གཏོར་བཟློག་ཉིན་དགུ་བཅས་སོ། །

བཅིངས་འགྲོལ་སྔོན་དགོན་པ་འདི་ཧ་ཅང་རྒྱས་པའི་དུས་སུ་སེར་མོ་བ་རྒྱུན་བཞུགས་ཉིས་བརྒྱ་དོན་བརྒྱད་ཙམ་ཡོད། དགོན་པའི་ཆོས་སྐྱོང་གཙོ་བོ་ནི་དཔལ་ལྡན་གུར་གྱི་མགོན་པོ་དང་། འཇིག་རྟེན་པའི་ལྷ་གཞི་བདག་ནུས་མཐུ་ཅན་འབུ་ཆུང་སྟག་སྤྲུལ་སོགས་བསྟེན། དམངས་གཙོའི་བཅོས་བསྒྱུར་སྐབས་སུ་གྲྭ་བ་རྣམས་རང་རང་སོ་སོའི་ཁྱིམ་ལ་ཕྱིན་ནས་སྤྱི་ཚོགས་ཐོན་སྐྱེད་ལ་ཞུགས། རི་གནས་གསར་བརྗེའི་སྐབས་གཙུག་ལག་ཁང་ནི་ཉེ་འདབ་ཀྱི་གྲོང་བའི་འབྲུ་རིགས་འཇོག་ས་བྱས། དགོན་པའི་ནང་རྟེན་གྱི་སྐོར་རེ་གཉིས་ཙམ་མ་གཏོགས་ཕལ་ཆེར་འཇིག་ཟིན།

བཞི་པ། དགོན་པ་ཡང་བསྐྱར་སླར་གསོའི་སྐབས།
[page 171] ༡༩༨༣ལོའི་ཟླ་བདུན་པའི་ཚེས་སུམ་ཅུ་ལ་རྫོང་སྲིད་གཞུང་ནས་དགོན་པ་ཡང་བསྐྱར་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་བར་གཙུག་ལག་ཁང་གྲོང་པའི་ལག་ནས་ཕྱིར་བླངས་ཏེ་ཉམས་གསོ་དང་། ནང་རྟེན་གྱི་སྐོར་རྣམས་ཀྱང་རིམ་གྱིས་བཞེངས་ཏེ་ད་ལྟ་ཕལ་ཆེར་ཉམས་གསོ་གྲུབ། སྔོན་གྱི་རྟེན་རྙིང་སྐོར་ལྷག་ཡོད་པ་ནི། དགོན་པའི་རྟེན་གཙོ་ཙན་དན་དམར་པོ་ལས་གྲུབ་པའི་ཐུབ་དབང་གི་སྐུ། རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་པ་གངས་ཅན་མཚོ་གཉིས་ལ་སྐབས་འགར་འོད་འཕྲོ་བ་དང་ཐུགས་ཀར་བྱིའུ་དྲོད་ཙམ་ཡོད་པ་གཉིས་ཀྱིས་གཙོས་དཔག་བསམ་འཁྲི་ཤིང་། རྒྱུད་སྡེ་དཀྱིལ་འཁོར། དུང་མཚོ་རས་པའི་གཏེར་ནས་བཏོན་པའི་ཆོས་དུང་དཀར་པོ་རང་གྲགས་མ་སོགས་འགའ་རེ་ལྷག་ཡོད། ད་ལྟ་རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་པའི་སེར་མོ་བ་ལྔ་བཅུ་ཡིན་ནའང་དོན་དངོས་སུ་རྒྱུན་བཞུགས་པ་དྲུག་ཅུ་རེ་ལྔ་ཙམ་ཡོད།

ལྔ་པ། དགོན་པའི་དཔལ་འབྱོར་གྱི་འཚོ་རྟེན་སྐོར།
དམངས་གཙོའི་བཅོས་བསྒྱུར་ཡར་སྔོན་དུ་དགོན་པ་གཞུང་ལ་ས་ཞིང་མུའུ་ཉིས་བརྒྱ་ལྷག་ཡོད། ས་ཞིང་དེ་རྣམས་གྲོང་བ་ཚོ་ལ་འདེབས་སུ་བཅུག་སྟེ་ལོ་མཇུག་ཏུ་ས་ཞིང་མུའུ་རེ་ནས་འབྲུ་རིགས་རྒྱ་མ་སུ་ཅུ་ལྷག་དགོན་པ་ལ་སྤྲོད་དགོས། ལྷག་མ་རྣམས་གྲོང་པ་རང་ལ་དབང་བ་ཡིན། གཞན་དགོན་པའི་གྲྭ་སྐོར་གསུམ་ཚོང་ལས་ལ་གཏོང་བ་ཡིན། ལོ་མཇུག་ཏུ་ཚོང་ལས་ཀྱི་མ་རྩ་དང་དེའི་བསྐྱེད་ཀ་རྣམས་དགོན་པ་གཞུང་ལ་འབུལ་དགོས། ཡོང་སྒོ་དེ་དག་གིས་དགོན་པའི་སྒྲུབ་མཆོད་དང་གྲྭ་བ་རྣམས་ཀྱི་འཚོ་བའི་རྨང་གཞི་བྱེད་པ་ཡིན། སྤྱི་ལོ་1983ལོར་དགོན་པ་ཡང་སྐྱར་ཆོས་སྒོ་ཕྱེ་རྗེས། ད་ལྟ་དགོན་པ་ལ་ས་ཞིང་སོགས་གང་ཡང་མེད། ༡༩༩༡ལོར་རྒྱལ་ཁབ་ཀྱིས་སྔོན་དགོན་པ་གཏོར་སྐྱོན་ཕོག་པའི་ཀྱོང་ཚབ་ཏུ་སྒོར་ཆིག་ཁྲི་ཉིས་སྟོང་གནང་བ་ཡིན། ད་ལྟ་དགོན་པའི་རང་ཁ་རང་གསོ་ཆེད་གྲྭ་བ་རྣམས་ཀྱི་ཞིང་ལས་དང་རྡོ་ཐལ་གློག་སྒྲོན་བཅས་ཀྱི་ལས་ཀ་བྱེད་བཞིན་ཡོད། ཞེས་ཉ་བྲག་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་ནི་དགོན་པའི་ལོ་རྒྱུས་རྙིང་བ་དང་། ད་ཡོད་གྲྭ་བ་རྒན་པ་དག་གི་ངག་རྒྱུན་བཅས་ལ་བརྟེན་ནས་སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཟླ་གསུམ་པར་པེ་ཅིན་དུ་སྦྱར་བ་དགེའོ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*