གླང་སྣ་དགོན་པའི་ལོ་རྒྱུས།

གླང་སྣ་དགོན་པའི་ལོ་རྒྱུས།

གླང་སྣ་དགོན་ནང་རྒྱས་མིང་དུ་ཐུབ་བསྟན་བསམ་གྲུབ་མཐོང་གྲོལ་གླིང་བྱ་བ་དེ་ཁམས་དཀར་མཛེས་རྫོང་གི་རོང་པ་ཚའི་ལྷོ་ཕྱོགས་ཀྱི་རི་འདབས་སུ་ཆགས་ཡོད། དགོན་པ་འདི་ཆགས་སའི་རི་རྒྱུད་དེ་གླང་ཆེན་ཉལ་བའི་སྣ་དང་འདྲ་བས་གླང་སྣ་དགོན་ནོ། གྲུབ་མཐའ་ས་སྐྱ་བའི་དགོན་པ་དེའི་ལོ་རྒྱུས་སྐོར་གྱི་ཡིག་ཆ་རྙིང་བ་མ་མཐོང་མོད། དགོན་པ་རང་ནས་ད་སྐབས་བྲིས་པའི་ལོ་རྒྱུས་བསྡུས་པ་གཉིས་ལྟར་ན། བོད་རབ་བྱུང་བཅུ་གཉིས་པ་ལ་འཕན་པོའི་ན་ལཎྜའི་ཁྲི་ཐོག་བཅུ་བ་རྗེ་བཙུན་མཁྱེན་བརྩེ་རབ་བརྟན་རྒྱ་ནག་ཏུ་ཕེབས་པའི་ལམ་ཏུ་བཏབ་པ་ཡིན་ཟེར། བཏབ་ནས་རིང་བོར་མ་ཐོག་པར་ན་ལེཎྜའི་ཁྲི་ཐོག་བཅུ་གཅིག་པ་བཅོ་བརྒྱད་ཁྲི་བ་དགའ་ཆེན་ཁྱབ་བདག་སྙིང་བོ་དང་གཟིམ་འོག་རྡོ་རྗེ་འཆར་བསྟན་འཛིན་འཕྲིན་ལས་དཔལ་བཟང་བོ་གཉིས་ཀྱི་དངོས་སློབ་མཁྱེན་རབ་དགེ་འཕེལ་བྱ་བ་དཀར་མཛེས་ཀྱི་རོང་པ་ཚ་ནས་སྐུ་འཁྲུངས་ཤིང་ན་ལེཎྜ་ནས་སློབ་གཉེར་ལོ་དྲུག་ལ་གནང་རྗེས་གཞུང་བརྒྱར་གཟིགས་རྒྱ་ཡངས་པའི་མཁས་པ་ཆེན་པོར་གྱུར། དགེ་འཕེལ་རི་ཁྲོད་གསར་དུ་བཏབ་ཅིང་གྲུབ་མཐའི་རྣམ་བཞག་དང་། འདུལ་བའི་སྡོམ་ཚིག་ལམ་འབྲས་ཟིན་བྲིས། དབུ་མའི་དཀའ་འགྲེལ་བཅས་ལྗགས་རྩོམ་གང་མང་གནང་། དགུང་ལོ་དོན་བདུན་ལ་སྐུ་གཤེགས། སྐུ་ཕྲེང་གཉིས་པ་ཀུན་དགའ་རྒྱལ་མཚན་ཏྲེ་ཧོར་ཉི་ཁོག་ཏུ་འཁྲུངས། གཟིམ་འོག་བསྟན་འཛིན་སྙན་གྲགས་དང་ངོར་མཁན་ཆེན་གྱི་ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། ས་སྐྱ་གོང་མ་འཇམ་མགོན་ཀུན་དགའ་རྒྱལ་མཚན་སོགས་ཀྱི་ཞབས་པད་བསྟེན་ནས་མདོ་སྔགས་ཀྱི་གཞུང་དང་རྩིས་དཀར་ནག་དང་བཅས་པའི་རིག་གནས་གང་མང་གསན། ས་སྐྱའི་འཇམ་མགོན་རྡོ་རྗེ་འཆང་ཉིད་ཀྱི་དབུ་ཞྭ་སྐུ་ཆོས་སོགས་གནང་སྦྱིན་དང་མཆོག་གི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། དགུང་ལོ་སོ་གསུམ་ལ་སྐུ་གཤེགས། དགེ་འཕེལ་སྐུ་ཕྲེང་[page 174] གསུམ་པ་སྙན་གྲགས་བསྟན་པའི་དབང་ཕྱུག་ནི་བོད་རབ་བྱུང་བཅུ་བཞི་བའི་ཤིང་ཕོ་སྟག་སྟེ་སྤྱི་ལོ་༡༩༨༤ལོ་ཟླ་༦པའི་ཚེས་༡༤ཉིན་སྐུ་འཁྲུངས། དབུས་གཙང་དུ་ཕེབས། ས་སྐྱ་ནས་བདག་ཁྲི་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པའི་རྒྱལ་མཚན་གྱི་ཞལ་མཇལ་ཞིང་མདོ་སྔགས་ཀྱི་རིག་གནས་ཀུན་ལ་བརྩོན་པ་ལྷོད་མེད་བསྐྱངས། དེ་ནས་ན་ལེཎྜར་ཕེབས་ནས་མཁན་རིན་པོ་ཆེ་འཇམ་མགོན་ངག་དབང་བསྟན་འཛིན་སྙན་གྲགས་སོགས་ལས་སེམས་བསྐྱེད་དང་རྒྱུད་སྡེའི་དབང་ཁྲིད་ལུང་མང་དུ་གསན། རང་ཡུལ་ལ་ཕེབས་ཏེ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་བླ་མར་བསྟེན། གཞུང་བརྒྱའི་ཚིག་དོན་མཐའ་དག་གི་ཆ་རྣམས་མ་འདྲེས་པར་ཐུགས་སུ་ཆུད། སྒོས་ཀྱི་དོན་རྣམས་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་མཁས་པ་ཆེན་པོར་གྱུར། གསུང་ལས་སྐྱེས་པའི་ཞལ་སློབ་ཡང་ས་སྐྱའི་རྗེ་བཙུན་མ་པད་མ་འཕྲིན་ལས་བདུད་འདུལ་དབང་མོ་དང་ཤར་བའི་རྒྱལ་སྲས་འཇམ་དབྱངས་ཆོས་ཉི། ཁང་གསར་ཞབས་དྲུང་ངག་དབང་ཤེར་རྒྱམ། ཉ་བྲག་སྤྲུལ་སྐུ། ས་སྐྱ་ཡོན་ཏན་གྲགས་པ། སི་ཏུའི་དབོན་བླ་མ་ཚུལ་རྒྱམ་སོགས་མང་དུ་བྱོན། མཐར་བོད་རབ་བྱུང་བཅོ་ལྔ་པའི་ས་ཁྱི་སྟེ་༡༨༩༨ལོ་ལ་དགུང་གྲངས་ཞེ་ལྔའི་སྟེང་དགོངས་པ་རྫོགས། དགེ་འཕེལ་སྐུ་ཕྲེང་བཞི་བ་འཇམ་དབྱངས་ཀུན་བཟང་ཆོས་ཀྱི་ཉི་མ་ནི་བོད་རབ་བྱུང་བཅོ་ལྔ་བའི་ནང་ཚན་ཞིག་ཏུ་ར་སྟོད་ཝ་དཀར་གྲོང་དུ་སྐུ་འཁྲུངས། བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་དང་ས་སྐྱ་གོང་མ་ཀུན་དགའ་རིན་ཆེན། བཅོ་བརྒྱད་ཁྲི་ཆེན་དང་བཅས་པའི་གྲུབ་མཐའ་རིས་མེད་ཀྱི་མཁས་ཆེན་དམ་པ་དུ་མ་བསྟེན་ཞིང་ཞལ་སློབ་ཀྱང་གང་མང་བྱོན། དགུང་ལོ་དོན་བརྒྱད་ལ་ལྷ་ལྡན་དུ་སྐུ་གཤེགས། དགེ་འཕེལ་སྐུ་ཕྲེང་ལྔ་བ་ཀུན་དགའ་འཇམ་དབྱངས་སྙན་གྲགས་བསྟན་པའི་རྒྱལ་མཚན་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ་༡༩༥༢ལོ་སྡེ་དགེའི་དཔལ་སྤུངས་དགོན་གྱི་ཉེ་འདབས་སུ་སྐུ་འཁྲུངས། དགུང་ལོ་བཞིའི་སྟེང་དུ་གླང་སྣའི་གདན་ཁྲིའི་བདག་པོར་མངའ་གསོལ་ནས་གླང་སྣ་དགོན་དུ་བཞུགས། ང་དགུ་ལོ་ཕ་ཡུལ་དུ་ལོག་ནས་ལོ་སོ་གཅིག་བར་དུ་བཞུགས། དེ་ནས་ཡིད་ལྷུང་ལྷ་རྒྱལ་དགོན་དུ་བླ་མ་དགེ་འདུན་ཆོས་འཕེལ་གྱི་དྲུང་དུ་དཔལ་ཀྱེེ་རྡོར་སོགས་གསན། རྫོགས་ཆེན་བཤད་གྲྭར་ཞུགས། དགུང་ལོ་སོ་བདུན་ལ་སྐུ་གཤེགས། དགེ་འཕེལ་སྐུ་ཕྲེང་དྲུག་པ་འཇམ་དབྱངས་ཀུན་དགའ་སྙན་གྲགས་ནི་དཀར་མཛེས་རྫོང་ཟླ་ཐང་མའི་དགེ་རྩེ་ཚོ་བར་འཁྲུངས། ད་ལྟ་ལོ་དྲུག་ཡིན། གཞན་ཡང་བླ་བྲང་ཁག་བཞི་ལས་བླ་མ་རྡོ་རྗེ་མགོན་པོ་དང་ཀར་ལི། ནོར་བུ། ཡ་རྡོ་ཚེ་དཔག ཀརྨ་རྡོ་རྗེ། རིན་ཆེན་བཀྲ་ཤིས། བཀྲ་ཤིས་ནོར་བུ། བསམ་གཏན་སོགས་ཀྱིས་ཀྱང་མཁན་པོ་དང་ཁྲི་བ་མཛད་དེ་དགོན་པ་བསྐྱངས། ད་སྐབས་བླ་མ་བསོད་ནམས་དབང་འདུས་ནི་རྫོང་གསར་བཤད་གྲྭར་ལོ་ཕྱེད་དྲུག་དང་དེ་ནས་བྲག་ཡབ་བློ་གྲོས་བསྟེན་ནས་མདོ་སྔགས་ཀྱི་བཤད་ཁྲིད་རྒྱ་ཆེར་[page 175] གསན། བླ་གྲྭ་རྣམས་ལ་སྤྱོད་འཇུག་དབུ་མ་པ་སོགས་འཆད་སྤེལ་མུ་མཐུད་གནང་བ་སོགས་བཀའ་དྲིན་ཆེ། ཁོང་དང་བདག་གཉེར་ཚོ་ཆུང་གིས་དགོན་པའི་འགན་ཁུར་ཡོད། དགོན་པ་འདི་སྔོན་མཁྱེན་རབ་དགེ་འཕེལ་གྱིས་བདག་པོ་མཛད་ཅིང་ཕྱིས་སུ་དུས་ངེས་མེད་ཅིག་ལ་དཔལ་ས་སྐྱ་ནས་བླ་མ་མངགས་ཏེ་དགོན་པའི་བདག་པོ་བྱས། འགན་ཡུན་ལོ་ལྔ་རེར་འབུལ་བ་ཡོང་སྒོ་ས་སྐྱར་ཕུལ་ནས་བླ་མ་གསར་བ་བརྗེ་བའི་སྲོལ་བཙུགས། དེར་ཡང་བླ་མ་འགའ་རེ་དགོན་པ་དང་འབྲེལ་བ་ཟབ་ཚེ་འབུལ་ཡོང་སྒོ་རྣམས་ས་སྐྱར་ཕུལ་ཏེ་སླར་ཡང་ལོ་ལྔ་ཚན་རེ་ཟུང་བཞུགས་པའི་ལོ་རྒྱུས་ཡོད། བླ་མ་དེ་རྣམས་ཀྱི་མཚན་ཐམས་ཅད་མ་ངེས་མོད། ཕྱིས་སུ་ཕེབས་པ་ནི་ཀུན་དགའ་རིན་ཆེན་དང་། སློབ་དཔོན་རིན་པོ་ཆེ། ཤཱཀྱ་ཞུ་བ་ཞིག སྦྱིན་པ་ཆོས་འཕེལ་བཅས་སོ། དགོན་པ་འདི་ཤིན་ཏུ་རྒྱས་པའི་དུས་སུ་གྲྭ་བ་སུམ་བརྒྱ་ཙམ་དང་རྒྱུན་དུ་བརྒྱ་དང་ལྔ་བཅུ་ཙམ་ཡོད་པར་གྲགས། གྲྭ་བའི་ཡོང་ཁུངས་ལ་སྔོན་སྡེ་དགེ་རྒྱལ་བོས་ཨ་ཐུབ་དཔོན་གྱི་ཞབས་དུད་རེ་ནས་གྲྭ་ཁྲལ་བགོས་ཚུལ་གྱི་བཀའ་ཤོག་དགོན་དུ་ཡོད་ལ། རི་ཕུག་དགོན་དེ་ཉག་སྐེད་པས་གཏོར་རྗེས་བཀའ་ཤོག་དེ་གླང་སྣ་ལ་སྤྲད་ནའང་ཇི་བཞིན་མ་འགྲུབ། ཚོ་ཁག་དེ་རྣམས་ནི། ཡེ་རྩག མ་དར། རྡོ་རི། གླིང་ལ། ཝྭ་དཀར། དགེ་ཐོག་བཅས་ཡིན་ལ་གྲྭ་རྩ་དུད་ཉིས་བརྒྱ་ཙམ་ཡོད་སྐད། དགོན་པའི་རྟེན་གྱི་སྐོར་ལ། གསེར་སྐུ་དང་ཐང་སྐུ། འདམ་སྐུ་ལ་སོགས་པ་མང་པོ་བཞུགས་ཀྱང་། ཀུན་ལས་བྱིན་གྲགས་ཅན་ཇོ་བོའི་སྐུ་བརྙན་ཞིག་བཞུགས་པའི་ལོ་རྒྱུས་ནི། དར་དགོན་གྱི་གྲྭ་བ་རྡོ་རྗེ་ཆོས་འཕེལ་བྱ་བ་ཕྱོགས་ཀུན་ལ་འཁྱམས་པའི་མཐར་འབྲི་གུང་གདན་ས་མཐིལ་དུ་ཞུགས་ནས་དཀོར་གཉེར་དུ་གྱུར། ནམ་ཞིག་ཝ་དཀར་ཚང་གི་ཚོང་བ་ཞིག་ཀྱང་དེར་སླེབས་པ་ན་དེ་དང་མཉམ་དུ་འབྲི་གུང་གི་རྟེན་གཙོའི་ཇོ་བོའི་སྐུ་རྟེན་གཉིས་བརྐུས་ཏེ་རང་ཡུལ་དུ་འབྱོར། ཇོ་སྐུ་གཅིག་དར་དགོན་ལ་ཕུལ་ཞིང་གཞན་ཞིག་ཝ་དཀར་ཚང་ལ་སྤྲད་པ་ན་ཝ་དཀར་ཚང་གིས་གླང་དགོན་ལ་ཕུལ་བ་དེའོ། །གསུང་རྟེན་ལ་རྒྱལ་བའི་བཀའ་བསྟན་དང་། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས་སོགས་པོ་ཏི་གྲངས་མེད་པ་བཞུགས་པ་ལས་རྟེན་བྱིན་ཅན་གྱི་གཙོ་བོ་ནི། སྡ་དགེ་བཀའ་འགྱུར་གྱི་ཤིང་པར་གསར་དུ་བསྐྲུན་ནས་ཐོག་མར་པར་བའི་བཀའ་འགྱུར་གྱི་ཕུད་དེ་ཉ་བྲག་སྤྲུལ་སྐུས་དགོན་པ་འདིར་གདན་དྲངས་པ་བཞུགས། ཐུགས་ཀྱི་རྟེན་ལ་ས་སྐྱ་བྱམས་པ་ཕྱོགས་ཀྱི་གླང་པོའི་གདུང་རྫས་གཙོ་བོར་གྱུར་པའི་གཟུངས་གཞུག་རྩ་ཆེན་མང་དུ་བཞུགས་པའི་མཆོད་རྟེན། དེ་དང་གསེར་སྐུ་དང་ཐང་སྐུ། འདམ་སྐུ་ལ་སོགས་པའང་གང་མང་བཞུགས། ཡིན་ནའང་གཙུག་ལག་ཁང་དང་རྟེན་བྱིན་ཅན་ཕལ་ཆེར་བ་རྗེས་སུ་འཇིག དེ་ལས་སྟབས་ལེགས་པར་ལྷག་ཡོད་པ་ནི་གསེར་སྐུ་ཁ་ཤས་དང་། ཐང་སྐུ་བཞི་བཅུ་ཙམ། རོལ་ཆ་རྙིང་བ་འགའ། མཆོད་ཆ་སྐོར་ཞིག བཀའ་འགྱུར་ཚར་གཅིག་བཅས་སོ། སྐབས་བཅུ་གཅིག་པའི་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ཆོས་ལུགས་སྲིད་ཇུས་ཡང་[page 176] དག་པ་ལག་ཏུ་བསྟར་བས་ཆོས་སྒོ་ཕྱེ་ཞིང་དགོན་པ་གསར་དུ་བཞེངས། ད་སྐབས་ཚོགས་ཆེན་འདུ་ཁང་དང་། མགོན་ཁང་། བཤད་གྲྭ་ལྷ་ཁང་། སྤྱི་ཁང་། ཇ་ཁང་། འཆམ་ར། གྲྭ་ཁང་བཅོ་བརྒྱད་བཅས་གསར་དུ་བཞེངས་ཡོད། དེར་རྟེན་གྱི་གཙོ་བོ་དགེ་འཕེལ་གོང་མའི་སྐུ་གདུང་དང་། གཞན་དུས་གསུམ་སངས་རྒྱས། ས་སྐྱ་གོང་མ་རྣམ་ལྔ། པད་མ་འབྱུང་གནས། ཚེ་ལྷ་རྣམ་གསུམ་བཅས་ཀྱི་འདམ་སྐུ་དང་། མགོན་ཁང་དུ་ཆོས་སྐྱོང་ཆ་ཚང་གི་འདམ་སྐུ་དང་། བཀའ་བསྟན་གྱིས་གཙོས་པའི་གསུང་རབ་པོད་ལྔ་བརྒྱ་ལྷག་ཙམ་དང་། མཆོད་ཆ། འཆམ་གོས་དང་འབག་ཆ་ཚང་བཅས་ཡོད།

དགོན་པ་འདིའི་འཆད་ཉན་སློབ་གསོའི་སྐོར་ལ། དང་པོ་འབྲི་ཀློག་ནས་གཞུང་བཀའ་པོད་ལྔའི་བར་དང་གཞན་ཐུན་མོང་གི་རིག་གནས་བཅས་ལ་དགོན་པ་རང་ནས་སྦྱོང་རྒྱུ་མ་གཏོགས་གྲྭ་བ་ཚང་མ་ཨེ་ཝཾ་ཆོས་ལྡན་ནམ་གཙང་ངོ་རུ་དགོན་དུ་ཞུགས་ནས་སློབ་གཉེར་བྱེད་པའི་སྲོལ་ཡོད། དེར་ཞུགས་ནས་ལོ་གཅིག་ངེས་པར་དུ་འདུག་དགོས་ལ་དེ་ལས་ལྷག་རང་མོས་ལྟར་རོ། དགོན་པའི་དུས་མཆོད་སྐོར་ལ། ཟླ་དང་པོར་མ་ཎི་བུམ་སྒྲུབ་ཉིན་བརྒྱད། ཀུན་རིགས་ཉིན་བརྒྱད། མཐར་བཀའ་ཆོས་ཡོད། ཟླ་གཉིས་པར་ཚེ་དཔག་ལྷ་དགུའི་སྒྲུབ་མཆོད་ཉིན་ལྔ། ཟླ་གསུམ་པར་མི་འཁྲུགས་པའི་སྒྲུབ་མཆོད་ཉིན་ལྔ། ཟླ་བཞི་པར་ཀྱེེ་རྡོར་སྒྲུབ་མཆོད་ལ་ཉིན་བདུན་དང་བསྙུང་གནས་ཉིན་གཉིས། ཟླ་ལྔ་པའི་བཅོ་ལྔ་ནས་བདུན་པའི་ཚེས་འགོར་དབྱར་གནས། ཟླ་དགུ་བར་ས་སྐོར་ཞེས་པའི་ཀྱེེ་རྡོར་སྒྲུབ་མཆོད་ཉིན་ལྔ། ཟླ་བཅུ་བར་རྡོར་སེམས་ཉིན་ལྔ། ཟླ་བཅུ་གཅིག་པར་ས་པཎ་དུས་ཆེན་ཉིན་གཉིས། ཟླ་བཅུ་གཉིས་པར་མགོན་པོ་ཁྲོ་བཅུའི་གཏོར་ཆེན་ཉིན་བཅུ་དང་དེ་འབྲེལ་གྱི་གར་འཆམ་ཕྱག་ལེན་མ་འཁྲུལ་བ་དང་བསྐང་གསོ་དང་སྒྲོལ་ཆོག་རྒྱུན་ཚུགས་བཅས་སོ། །

དགོན་པའི་ལས་སྣེ་སྐོར་ལ། དགེ་འཕེལ་སྤྲུལ་སྐུ་ནི་བསྟན་པའི་བདག་པོ་ཡིན་མོད། བླ་ཁག་གཞན་པ་ཡོན་ཏན་ཅན་བྱོན་ན་དེས་ཀྱང་ཁུར་ཆོག དགེ་བསྐོས་གཅིག་དང་དབུ་མཛད་གཅིག་གི་འགན་ཡུན་ལོ་གཉིས་རེ། བསམ་གནས་གཉིས་ཀྱི་འགན་ཡུན་ལོ་ལྔ། མཁན་པོ་ལོ་བདུན། ད་རུང་སྤྱི་བ་གཉིས་དང་བུམ་སྒྲུབ་གཉེར་བ་བཅས་སོ། ད་སྐབས་བདག་གཉེར་ཚོ་ཆུང་གིས་དགོན་པའི་འགན་ཁུར་ཡོད། རྒྱལ་ཁབ་ཀྱིས་གཏན་དུ་འཁེལ་བའི་གྲྭ་གྲངས་ནི་ལྔ་བཅུ་དང་ད་ལྟ་ཐོར་བཀོད་པ་དགུ་བཅུ་ཙམ་དང་རྒྱུན་སྡོད་ལྔ་བཅུ་ཙམ་མོ། སྤྱི་ལོ་༡༩༩༤ལོའི་ཟླ་༨པར་དགོན་པ་འདིར་རྩད་གཅོད་དང་ཞིབ་འཇུག་ཏུ་ཕྱིན་དུས་བླ་གྲྭ་རྣམས་སྡེ་དགེར་བཀའ་ཆོས་གསན་དུ་ཕེབས་སོང་བས་ལོ་རྒྱུས་ཞིབ་ཏུ་བཀའ་འདྲི་ཞུ་མ་ཐུབ་པས་དགོན་པའི་དར་རྒུད་ཀྱི་ལོ་རྒྱུས་ཞིབ་ཆ་འབྲི་མ་ཐུབ་པ་དང་། དཔལ་འབྱོར་སྐོར་ཆད་པས་འཕངས། ད་ལམ་དཀར་མཛེས་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་འཚོལ་སྡུད་གནང་བའི་དཔལ་ལྡན་ས་སྐྱའི་རྒྱུད་འཛིན་གླང་སྣ་དགོན་གྱི་བྱུང་བ་མདོར་བསྡུས་བརྗོད་པ་ཞུ་བ་ཤོག་ལྡེབ་ཉེར་བཞི་ཅན་[page 177] དང་། དགོན་པ་རང་གིས་བྲིས་ནས་བསྐུར་བའི་དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་གླང་སྣ་དགོན་གྱི་ལོ་རྒྱུས་མདོར་བསྡུས་བྱ་བ་ལག་བྲིས་མ་ཤོག་ལྡེབ་ཉེར་གཅིག་ཅན་དེ་གཉིས་གཞིར་བྱས་ནས་གོ་ལྔ་ལོའི་ཟླ་གསུམ་པར་མདོ་སྨད་ཁྲི་ཀའི་སྐྱེ་མིང་བ་ཚེ་རིང་ཐར་གྱིས་པེ་ཅིན་ནས་སྦྱར་བའོ། །

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*