༸སྐྱབས་རྗེ་༸གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེས་སྩལ་བའི་བཀའ་སློབ།

སྒྲ་ཕབ་པ། ཉི་མ་དབང་ཕྱུག་གམ་དྲ་མིང་དུ་མཐོ་སྒང་བུ་ཕྲུག

ད་དེ་རིང་ང་རང་ཚོ་ཚང་མ་མཇལ་རྒྱུ་བྱུང་བ་དེ་དཔེ་མི་སྲིད་པ་དགའ་པོ་ཞེ་དྲགས་བྱུང་སོང་། ང་རང་འདྲ་གཅིག་ཡིན་ན་ཆུང་དུས་སློབ་སྦྱོང་བྱེད་བཞིན་པའི་སྐབས་ནས་དཔལ་ལྡན་ས་སྐྱ་པའི་དངོས་བརྒྱུད་གཉིས་ཀྱི་ལོ་རྒྱུས་དང་། རྣམ་ཐར་དེ་ཚོ་ཡིག་ཐོག་ནས་མཇལ་ཡ་དང་། མི་རྒན་པ་རྣམས་ཀྱི་ངག་ལས་གོ་ཐོས་ཡོང་དུས་ང་རང་ལ་ཚོར་སྣང་དམིགས་གསལ་ཅན་བྱུང་མྱོང་ཡོད། ཡིན་ནས་འདས་ཟིན་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་དངོས་སུ་མཇལ་བའི་སྐལ་བ་ཞིག་ཡོད་མ་རེད་དེ། ཡིན་ནའམ་གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེ་གདན་དཔལ་ས་སྐྱ་པའི་གདན་ས་ཆེན་པོ་དེ་ལ་ཆོས་མཇལ་གྱི་གོ་སྐབས་ག་དུས་འདྲ་ཞིག་ཡོང་གི་ཡོད་ན་མང་པོ་བསམ་མྱོང་ཡོད་ལ། ཨེ་ནས་མྱུར་དུ་མཇལ་རྒྱུ་ཡོང་བའི་སྨོན་ལམ་མང་པོ་རྒྱག་གི་ཡོད། འོ་བྱས་ཙང་ད་དེ་རིང་ང་རང་གི་སྨོན་ལམ་རྒྱབ་པ་ནང་བཞིན་འགྲུབ་ནས། ང་རང་གི་རྩ་ཆེ་ཤོས་རྩིས་ས་གནས་མཆོག་དཔལ་ལྡན་ས་སྐྱ་འདི་ལ་དངོས་སུ་སླེབས་ཐུབ་པ་འདི་དཔེར་མི་སྲིད་པ་སྐལ་བ་བཟང་པོ་ཞེ་དྲགས་ཡིན་དྲན་གྱི་ཡོད། སོ་སོའི་ནང་ལ་སླེབས་པའི་ཚོར་སྣང་འདྲ་པོ་ལྷོད་ལྷོད་འདྲ་ཞིག་བྱུང་སོང་། དེས་ང་རང་ཚོ་དཔལ་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ཀྱི་འདི་ཕྱི་གཏན་གྱི་སྐྱབས་གནས་དམ་པ་༸སྐྱབས་མགོན་༸གོང་མ་༸ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ། ༸ཀླུ་ལྡིང་༸མཁན་ཆེན་རྣམ་པའི་བཀའ་སློབ་ལམ་སྟོན་གྱི་འོག་ནས་ཕན་ཚུན་འཆམ་མཐུན་དང་། ག་ས་ཅི་ཐད་ནས་སྤོབས་པ་སྐྱེས་ཆོག་ཡ་ཡག་པོ་ཞེ་དྲགས་ཡོད་དྲན་གྱི་ཡོད། དེས་ན་ང་རང་འདྲ་ཞིག་ཡིན་ན་ཡང་ཆུང་དུས་ནས་ཁོང་རྣམ་པའི་བཀའ་སློབ་ལམ་སྟོན་གྱི་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན། སྤྱིར་བཏང་བྱས་ན། བདག་ཅག་གི་དྲིན་ཆེན་རྩ་བའི་བླ་མ་དམ་པ་༸སྐྱབས་མགོན་༸གོང་མ་༸བདག་ཆེན་རྡོ་རྗེ་འཆང་དགོངས་པ་ཆོས་དབྱིངས་སུ་མ་གཤེགས་པའི་ལོ་ཁ་ཤས་ཀྱི་སྔོན་ནས་ཁོང་དང་ལྷན་དུ་ས་སྐྱ་ལ་བཅར་རྒྱུ་ཞལ་བཞེས་གནང་སོང་སྟེ། ཡིན་ན་ཡང་དུས་དང་གནས་སྐབས་མང་པོ་ཞིག་རྐྱེན་གྱིས་ཁོང་དང་ལྷན་དུ་ས་སྐྱ་ལ་བཅར་བའི་སྐལ་བ་བྱུང་མ་སོང་། ཡིན་ན་ཡང་སྐྱབས་མགོན་བདེ་བ་གཤེགས་པ་བདག་ཆེན་རྡོ་རྗེ་འཆང་ཁོང་སྐུ་དངོས་སུ་ཕེབས་མ་ཐུབ་ཀྱང་ཁོང་གི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཆེད་དུ་ཁོང་གི་སྐུ་ཚབ་ཞུས་བྱས་རྨོ་མོ་བདག་ཡུམ་ཆེན་མོ་དང་ལྷན་དུ་ད་རེས་ང་རང་ཚོ་འདི་ལ་མཆོད་འབུལ་དང་། གནས་མཇལ་སླེབས་ཐུབ་པ་འདི་དཔེར་མི་སྲིད་པ་དགའ་པོ་ཞེ་དྲགས་བྱུང་སོང་། དེས་ན་ང་རང་འདྲ་གནས་མཆོག་འདི་ལ་དངོས་སུ་འབྱོར་ནས་ད་གཙུག་ལག་ཁང་བསྟན་དང་རྟེན་པ་བཅས་ཕྱི་ནང་ཐམས་ཅད་ཉམས་པ་སོར་ཆུད། མི་ཉམས་རྒྱུན་འཛིན་གནང་མཁན།མི་རབས་གོང་མ་གོང་མ་ནས་རིམ་པ་བཞིན་ད་ལྟ་བར་དུ་ཁྱེད་རྣམས་པ་མཁན་པོ་མཐུ་སྟོབས་སེང་གེ་གཙོས་པའི་མཁན་པོ་རྣམ་པ་དང་། དབུ་འཛིན་བློ་གྲོས་རྒྱ་མཚོ། དཔལ་ལྡན་དོན་ཡོད། ད་དགེ་འདུན་པ་རྣམས་པ་དང་། མི་དམངས་རྣམས་པ་ཐམས་ཅད་འཛིན་སྐྱོང་སྤེལ་གསུམ་གྱི་ཞབས་ཞུ་སྒྲུབ་བཞིན་པ་དེ་དག་སྤྱི་བཏང་ང་རང་ཚོ་ཚང་མ་ལ་ལས་འགན་ཡོད་སྡོད་པ་ཡིན་དུས་ང་རང་གི་བསྔགས་བརྗོད་དང་བཅས་ཁྱེད་རྣམས་པ་ཚང་མ་ལ་སྙིང་ཐགས་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། 

     དེས་ན་བདག་ཅག་གི་བསྟན་པའི་སྟོན་པ་ནི། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ནང་བཞིན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དེ་ཆགས་སྡོད་ཡོད་དུས། དེ་ཉིད་ཉམས་པ་སོར་ཆུད་དང་། མི་ཉམས་རྒྱུན་འཛིན་གྱི་ལས་དེ་དག་བསམ་པ་རྣམ་དག་གི་སྒོ་ནས་སྒྲུབ་དགོས་ཡ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་སྡོད་ཡོད་རེད། ད་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་དགོས་པ་ཡིན་དུས།དཔལ་ལྡན་ས་སྐྱ་ཕྱག་བཏབ་ནས་བཟུང་། བཤད་སྒྲུབ་གཉིས་ཀྱི་ལྟེ་གནས་སུ་ད་ལྟ་བར་དུ་མུ་མཐུད་ཆགས་སྡོད་པ་དེ་གོང་མ་རྣམས་ཀྱི་ཐུགས་བསྐྱེད་་ལ་རྟེན་ནས་བྱུང་བའི་མཛད་རིམ་རླབས་ཆེན་ཞིག་རེད། མ་འོངས་པ་ཡིན་ན་ཡང་མུ་མཐུད་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་གཙོ་བོ་གནང་མཁན་དེ་དགེ་འདུན་གྱི་སྡེ་ལ་རག་ལས་སྡོད་ཡོད་རེད།བྱས་ཙང། ཁྱེད་རྣམས་པ་ཐུགས་མཐུན་ཁྲིམས་གཙང་གནང་ནས་བཤད་སྒྲུབ་ཀྱི་བྱ་བ་རླབས་པོ་ཆེ་ཁུལ་དུ་བཞེས་ནས་ནང་བསླབ་པ་སློབ་གཉེན་དང་། ཕྱི་འགྲོ་འདུག་གི་སྤྱོད་ལམ། དགོན་པ་དང་། ཡུལ་ལུང་པའི་ཁྲིམས་རང་སྲུང་བྱེད་ནས་འབྱོར་ལྡན་བསོད་ནམས་བསག་པའི་ཞིང་ས། དད་ལྡན་འགྲོ་བ་འདྲེན་པའི་མིག་རྒྱན་ཟེར་གྱི་རེད་བ། འོ་དེ་ནང་བཞིན་སྟོན་པའི་མཛེས་རྒྱན་ཡོང་བ་དང་། ད་ཡར་རྒྱས་ལ་མཐའ་མེད་རེད། བྱས་ཙང་། ཡག་ཐོག་ཡག་རྩེད་ཡོང་བའི་སྨོན་འདུན་ཞུ་ཡ་དང་། སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་དང་། སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་གཙོས་པའི་འཁོན་གདུང་རྣམས་པ་དང་། རྗེ་བཙུན་མ་རྣམས་པ་ཐམས་ཅད་དཔལ་ལྡན་ས་སྐྱ་འདི་ལ་མྱུར་དུ་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་གི་ཡིན། ཨེ་ནས། ད་རེས་ཞོར་དུ་རྣམ་རྒྱལ་མའི་ཚེ་དབང་། རྣམ་རྒྱལ་མའི་ཚེ་དབང་ཟེར་ན། རྣམ་རྒྱལ་མའི་རྗེས་གནང་མར་འདོན་ཡ་ཡིན། དེ་ཡང་རྟེན་འབྲེལ་བཟང་པོ་ཞེ་དྲགས་རྩི་གི་ཡོད། གང་ཡིན་ཟེར་ན། སྔོན་མ་སྐྱབས་མགོན་མ་བདག་ཆེན་རྡོ་རྗེ་འཆང་གི་རྣམ་རྒྱལ་མ་དམིགས་གསལ་གྱི་ས་སྐྱ་དང་འབྲེལ་བ་ཡོད་སྡོད་པའི་ལོ་རྒྱུས་མང་པོ་ཞིག་གསུངས་མྱོང་། བྱས་ཙང་། རྗེས་གནང་གསན་མཁན་རྣམས་པ་ཚོ་ཚང་མས་རྩ་ཆེན་པོ་ཞིག་ཏུ་རྩིས་ནས་རྗེས་གནང་དེ་ཡག་པོ་གསན་རོགས་གནང་ཟེར་ཞུ་རྒྱུ་ཡིན། 

        དེ་ཡང་་་་་ད་ནམ་རྒྱུན་ང་རང་ཚོ་དབང་ལུང་ཁྲིད་གསུམ་ག་རེ་ཞུ་པ་ཡིན་ན་ཡང་། ཀུན་སློང་བཟང་པོ་ཡོད་དགོས་བ་དེ་དཔེར་མི་སྲིད་པའི་གལ་ཆེན་ཆགས་སྡོད་ཡོད་རེད།  

   ད་ཀུན་སློང་དེ་ག་འདྲ་ཞིག་དགོས་རེད་ཟེར་ན། སྔོན་མ་ས་ཆེན་ཀུན་དགའ་སྙིང་པོ་ཟླ་བ་ཁ་ཤས་ཀྱི་རིང་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྙན་སྒྲུབ་བསྒྲུབ་སྟེ་རྗེ་བཙུན་འཇམ་པའི་དབྱངས་དངོས་སུ་མཇལ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །གསུང་གནང་ཡོད་རེད། འོ་ད་ཞེན་པ་བཞི་བྲལ་གྱི་ཚིག་བཅད་འདི་ནང་དུ་ང་རང་ཚོ་ཐེག་པ་ཆེན་པོའི་ཆོས་ཆ་ཚང་འདུས་སྡོད་ཡོད་རེད་བ། བྱས་ཙང་། ད་ཚེ་འདི་ལ་ཞེན་ན་ཆོས་པ་མིན་ཞེས་པའི་གནས་སྐབས་སུ། ཆོས་པ་ཡིན་ན་་་་ད་་་་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་པ་གཏན་ཁེལ་གྱི་ཡོད་རེད། ད་ང་རང་ཚོ་ཚེ་འདི་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་ལུས་རྟེན་ཐོབ་པ་དེ་དཔེར་མི་སྲིད་པ་དཀའ་ལས་ཁ་པོ་ཡིན་པ། དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་སྔ་ནས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །གསུངས་པ་ནང་བཞིན།རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ནས་དཔེ་མི་སྲིད་པ་དཀའ་ལས་ཁག་པོ་ཡོད་པ་ཡིན་དུས། ང་རང་ཚོ་མི་ལུས་རིན་པོ་ཆེ་ཐོབ་པ་དེ་དམ་པའི་ཆོས་སྒྲུབ་པའི་གོ་སྐབས་བཟང་པོ་དེ་འཕྲོ་བརླག་མ་ཤོར་བ་བྱས་ནས། ཚེ་འདི་ཡི་བདེ་སྐྱིད་གཅིག་པུ་ཞིག་ཏུ་དོན་དུ་གཉེར་བ་དེ་སྤངས་ནས། ཚེ་འདི་ཕྱི་གཉིས་ཀྱི་རྒྱུ། དགེ་བའི་ལས་གང་ཐུབ་ཐུབ་ཞིག་སྒྲུབ་དགོས་པ་ཡིན་དུས།ད་ཆོས་པ་ཡིན་ན་ཚེ་འདི་ལ་ཞེན་པ་དང་བྲལ་དགོས་ཀྱི་ཡོད་རེད།  

       འོ་དེའི་རྗེས་ལ་འཁོར་བ་ལ་ཞེན་ན་ངེས་འབྱུང་མིན་གསུང་གནང་ཡོད་རེད་བ། ཚེ་འདི་ལ་ཞེན་པ་དང་བྲལ་དགོས་པ་མ་ཟད་ད་ཚེ་ཕྱི་མ་སྐྱེ་བ་ལ་ཡང་ཞེན་པ་དང་བྲལ་དགོས་ཀྱི་ཡོད་རེད། འཁོར་བ་ཁབ་ཀྱི་རྩེ་མོ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུང་པ་ནང་བཞིན། འཁོར་བའི་ནང་ནས་འགྲོ་བ་རིགས་དྲུག་གི་གནས་ག་བ་སྐྱེས་པ་ཡིན་ན་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དང་། ཨེ་ནས། ད་བདེ་སྐྱིད་མཐའ་ཐུགས་པ་མི་ལྡན་པ་ཡིན་དུས་འཁོར་བ་ལ་ངེས་འབྱུང་གི་སེམས་སྐྱེ་དགོས་ཀྱི་ཡོད་རེད། འཁོར་བའི་བྱ་བར་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །མཆོད་རྟེན་ནམ་དག་དྲུང་དུ་ཉིད་ལས་ཉིད། །རབ་ཏུ་བྱུང་བ་མཛད་ལ་ཕྱག་འཚལ་ལོ། །གསུང་པ་ནང་བཞིན། འཁོར་བའི་བྱ་བ་ལ་སྙིང་པོ་མེད་པ་གཟིགས་ནས། ཨེ་ནས། འཁོར་བ་ལ་ངེས་འབྱུང་གི་སེམས་དེ་ངེས་པ་ཅན་དུ་སྐྱེ་དགོས་ཀྱི་ཡོད་རེད། འོ་བྱས་ཙང་། ད་ཚིག་རྐང་དང་པོ་དེས་ཚེ་འདིའི་ཞེན་པ་དང་བྲལ་དགོས་བ་སྟོན། ཚིག་རྐང་གཉིས་པ་དེས་ཚེ་ཕྱི་མ་སྐྱེ་བ་ལ་ཞེན་པ་དང་བྲལ་དགོས་ཡ་སྟོན་གྱི་ཡོད་རེད། དེས་ནས་ད་ངེས་འབྱུང་གི་སེམས་སྐྱེ་བ་ཙམ་གྱི་འགྲིག་གི་ཡོད་མ་རེད། བདག་དོན་ལ་ཞེན་ན་བྱང་སེམས་མིན་གསུང་གནང་ཡོད་རེད་བ། དེ་ང་རང་ཚོ་ཐེག་ཆེན་མཐུན་མོང་མ་ཡིན་པའི་ཆེ་ཆོས་གཅིག་སྟོན་ཡོད་རེད། ང་རང་ཚོ་ཚང་མ་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་ནས་བཟུང་སྟེ་ཐོག་མ་མེད་པ་ནས་ད་ལྟ་བར་དུ་སེམས་ཅན་ཐམས་ཅད་ང་རང་ཚོ་ཕ་མ་གྱུར་པའི་བརྩེ་བ་ཆེ་པོ་ཕ་མ་མ་བྱས་པ་གཅིག་ཀྱང་མེད་རེད། འོ་སེམས་ཅན་ཐམས་ཅད་ང་རང་ཚོ་ཚེ་འདི་ཡི་བརྩེ་བ་གྱུར་པའི་གང་ཟག་ནང་བཞིན་སོ་སོ་ལ་བརྩེ་བ་དང་། སོ་སོ་ལ་བྱམས་པ། སོ་སོ་ལ་ཕན་ཐོག་མང་པོ་སྒྲུབ་མྱོང་ཡོད་རེད། བྱས་ཙང་། དེ་དག་ཐམས་ཅད། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། རང་གི་བདེ་བ་དགྲ་ལྟར་འཇོམས། །གསུང་པ་ནང་བཞིན་ང་རང་ཚོ་ཚང་མས་སྡུག་བསྔལ་སྤང་འདོད་ཡོད་རེད། བདེ་བ་ཐོབ་འདོད་ཡོད་རེད། ཡིན་ན་ཡང་། མ་རིག་པའི་དབང་གི་སྡུག་བསྔལ་དང་། བདེ་བའི་རྒྱུ་མ་ཤེས་པའི་སྒོ་ནས་ད་སྡུག་བསྔལ་གྱི་རྒྱུ་ལ་འཇུག་ཅིང་། བདེ་བའི་རྒྱུ་དེ་སྤངས་འགྲོ་གི་ཡོད་རེད། འོ་ད་དེ་འདྲའི་སྒོ་ནས་བརྩེ་བ་ཅེས་པའི་སེམས་ཅན་དེ་ཐམས་ཅད་སྡུག་བསྔལ་དཔེར་མི་སྲིད་པ་མྱོང་། དེ་རང་རང་སོ་སོས་བདེ་སྐྱིད་གཅིག་པུ་ཞིག་དོན་དུ་གཉེར་སྡོད་པ་ཡིན་ན་འགྲིག་གི་ཡོད་མ་རེད། བྱས་ཙང་། བརྩེ་བ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བཟོད་མི་ནུས་ནས་དེ་དག་གི་སྡུག་བསྔལ་ནམ་བྲལ་བར་བྱ་བའི་ཐབས་ཤིག་རྩལ་དགོས་ཀྱི་ཡོད་རེད། ད་དེའི་ཐབས་འགྲོ་བ་མི་ཡི་རིགས་དེ་ད་ང་རང་ཚོ་དབང་ཐང་ཆེ་བ་དང་། དཔལ་འབྱོར་ཆེ་བ། ནུས་སྟོབས་ཆེ་བ་ག་ཚོད་ཡོད་པ་ཡིན་ན་ཡང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བྲལ་བའི་ནུས་པ་མེད་རེད། འགྲོ་བ་མི་ཡི་རིགས་མ་ཟད་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་དེ་དག་ཐམས་ཅད་ཀྱང་ཚེ་རིང་བ་དང་། ལོངས་སྤྱོད་ཆེ་བ་དང་། ནུས་སྟོབས་ཆེན་པོ་ག་ཚོད་ཡོད་པ་ཡིན་ན་ཡང་། དེ་དག་ཐམས་ཅད་ལ་སེམས་ཅད་ཐམས་ཅད་ཀྱི་སྡུ་བསྔལ་བྲལ་བའི་ནུས་པ་མེད་རེད། འཁོར་བས་བསྡུས་པའི་སེམས་ཅན་མ་ཟད་འཁོར་བ་ལས་འདས་པའི་མྱང་འདས་དགྲ་བཅོམ་པ་དེ་དག་ཐམས་ཅད་ཀྱང་ཉོན་སྒྲིབ་སྤངས་ཐུབ་པ་དང་། ཤེས་རབ་ཆེན་པོ། ནུས་སྟོབས་ཆེ་པོ་ག་ཚོད་ཡོད་པ་ཡིན་ན་ཡང་། དེ་དག་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བྲལ་བ་བྱ་བའི་ནུས་པ་མེད་རེད། ད་འོ་ན་སུ་ལ་ཡོད་རེད་ཟེར་ན།  སྒྲིབ་གཉིས་མཐའ་དག་སྤངས་ཤིང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་བདེ་བར་གཤེགས་པ་ཐམས་ཅད་མཁྱེན་པ་རྒྱལ་བ་རྫོགས་པ་སངས་རྒྱས་ཁོ་ན་ལ་ཡོད་རེད། འོ་བྱས་ཙང་། ད་ང་རང་ཚོ་འབྲས་བུ་གཙོ་བོ། འབྲས་བུ་མཐའ་ཐུགས་པ་དེ་བརྩེ་བ་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལས་བསྒྲལ་བ་བྱ་བའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱེད་དགོས་ཀྱི་ཡོད་བསམ་པ་དེ་བྱང་ཆུབ་ཀྱི་སེམས་ཆགས་སྡོད་ཡོད་རེད། འོ་བྱས་ཙང་། བྱང་ཆུབ་སེམས་ཡོད་དགོས་ན་ད་བདག་དོན་ལ་ཞེན་པ་བྲལ་དགོས་ཀྱི་ཡོད་རེད།བདག་དོན་ལ་ཞེན་ན་བྱང་ཆུབ་ཀྱི་སེམས་མིན་གསུང་རེད་བ། ད་ང་རང་ཀུན་སློབ་གཙོ་བོ་དེ་དེས་བྱེད་དགོས་ཀྱི་ཡོད་རེད། དེས་ན་སངས་རྒྱས་ཀྱི་གོང་འཕང་ཐོབ་པ་བྱེད་པ་ལ་འཛིན་པ་བྱུང་ན་ལྟ་བ་མིན་གསུང་ཡོད་རེད་བ་མཐའ་མ་དེ།སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱེད་པའི་གེགས་ཀྱི་གཙོ་བོ་དེ་འཛིན་པ། འོ་དེ་ཡོད་པ་ཡིན་ན་ལྟ་བ་ཡང་དག་པ་ཞིག་མེད་སོང་བ་ཡིན་པ་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱེད་པ་ལ་ལྟ་བ་ཡང་དག་པ་ཞིག་རྒྱུད་ལ་སྐྱེས་དགོས་ཀྱི་ཡོད་རེད། ལྟ་བ་ཡང་དག་པ་མེད་པ་ཡིན་ན། སངས་རྒྱས་གོ་འཕང་ཐོབ་མི་ཐུབ་པ་ཡིན་དུས་ཙང་ནས། ད་ལྟ་བ་ཡང་དག་པ་རྒྱུད་ལ་སྐྱེས་པ་བྱེད་པ་ལ་འཛིན་པ་དང་བྲལ་དགོས་ཀྱི་ཡོད་རེད། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པའི་ཞལ་སྔ་ནས།ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །གསུང་པ་ནང་བཞིན་གང་ཟག་གི་བདག་འཛིན་དང་།ཆོས་ཀྱི་བདག་འཛིན་ལ་སོགས་པ་དེ་དག་ཐམས་ཅད་སྤང་བ་བྱེད་པའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཟུང་དུ་འཇུག་པ་དངོས་སུ་ད་སྐྱེས་དགོས་ཀྱི་ཡོད་རེད་བ། དེས་ད་འཛིན་པ་སྤྱིར་སྟངས་ཀྱི་འཛིན་པ་དེ་ལ་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་སྤྲོས་པའི་མཐའ་བཞི་ཡི་སྟེང་དུ་དེ་དང་བྲལ་བ་དངོས་སུ་རྟོགས་དགོས་ཀྱི་རེད་བ། ཆོས་ཐམས་ཅད་སྤྲོས་པའི་མཐའ་བཞི་དང་བྲལ་བ་ཡིན་པ་སོ་སོས་ཤེས་ན། སོ་སོའི་རྒྱུད་ལ་ལྟ་བ་ཡང་དག་པ་ཡོད་རེད། འོ་བྱས་ཙང་། ད་ཚེ་འདི་ལ་ཞེན་ན་ཆོས་པ་མིན། །འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །གསུངས་པ་ནང་བཞིན། ད་ལྟ་ཁྱེད་རང་ཚོ་ཚང་མས་རྗེས་གནང་གསན་པའི་གནས་སྐབས་སུ་ཞེན་པ་བཞི་དང་བྲལ་བའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རྗེས་གནང་དེ་གསན་རོགས་གནང་ཟེར་ཞུ་ཡ་ཡིན།།

༢༠༡༧/༩/༥ཉིན་གྱི་སྔ་དྲོ་ཞིག་བེད་སྤྱོད་དེ་དབུས་ལྷ་ལྡན་ནས་ཉི་མ་དབང་ཕྱུག་གམ་དྲ་མིང་དུ་མཐོ་སྒང་བུ་ཕྲུག་འབོད་པ་དེས་སྒྲ་ཕབ་བྱས། ནོར་འཁྲུལ་གང་ཡོད་ང་རང་གི་ལན་པས་ངོས་ལེན་བྱེད་ངེས་ཡིན།།

གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*