སྐད་ཡིག་གི་འཆི་རྐྱེན་ལ་དཔྱད་པ།

སྐད་ཡིག་གི་འཆི་རྐྱེན་ལ་དཔྱད་པ།

རྩོམ་པ་པོ། སྟག་ལྗོངས་འཆི་མེད།

བློ་མཆོག་སྨྲ་བའི་གཏེར་ལ་ཕྱག་འཚལ་ལོ། དེའང་མཁས་པ་ཀུན་གྱི་མགྲིན་གཅིག་ཏུ་སྐད་ཡིག་ནི་མི་རིགས་ཤིག་གོ་ལ་ཧྲིལ་པོ་འདིར་གནས་བྱེད་ཀྱི་རྒྱུ་རྩ་བ་དེ་ཡིན་ཞེས་ཡང་ཡང་བཤད་ཀྱིན་འདུག་ལ་དོན་དུའང་དེ་བཞིན་གྲུབ་ཡོད་ངེས། དེང་སྐབས་སུ་སྐད་ཡིག་གི་གྲངས་ཚོད་ནི་གནའ་རབས་དང་བསྡུར་ན་ཧ་ཅང་ཉམས་རྒུད་དུ་ཕྱིན་བཞིན་པ་མངོན་གསལ་རེད། སྤྱིར་གནའ་རབས་ཀྱི་སྐད་ཡིག་ལ་གྲངས་ཚོད་འདི་ཙམ་ཡིན་ཞེས་རྨོངས་བློས་དཔྱད་པ་དཀའ་ན་ཡང། ད་ལྟའི་སྐད་ཡིག་གི་འཆི་གྲངས་ལ་བསམ་ན་གནའ་རབས་སྐད་ཡིག་གི་གྲངས་ཧ་ཅང་གི་ཕྱུག་པོ་ཡོད་པར་མཐོང་ཐུབ། དེས་ན་འཆི་བཞིན་པའི་སྐད་ཡིག་རེ་རེ་ནི་མི་རིགས་རེ་རེའི་ཚེ་སྲོག་དང་འབྲེལ་ནས་ཡོད་པས་སྐད་ཡིག་གི་འཆི་རྐྱེན་དང་མི་རིགས་ཤིག་ཉམས་ཆགས་སུ་སོང་བའི་རྐྱེན་གཉིས་དོན་དུ་གཅིག་པ་ཡིན་ངེས། དེས་ན་མི་རིགས་ཤིག་གི་ཚེ་སྲོག་དང་འབྲེལ་ནས་ཡོད་པའི་སྐད་ཡིག་གི་འཆི་རྐྱེན་ལ་ཅུང་ཙམ་དཔྱད་ན།དོན་གཉིས་ལས། འཆི་བ་བྱུང་བའི་ལོ་རྒྱུས་དང།  འཆི་བའི་རྐྱེན་དངོས་བཤད་པའོ། དང་པོ་ནི། དུས་རབས་ཉེ་ཤུ་པའི་ནང་དུ་སྐད་རིགས་སྟོང་གཅིག་ཙམ་ཞིག་ནུབ་པར་བཤད་ཅིང་མ་འོང་ལོ་བརྒྱའི་ནང་ད་ལྟའི་སྐད་རིགས་ཀྱི་བརྒྱ་ཆ་ལྔ་བཅུ་ཐམ་པ་ནུས་མེད་དུ་གྱུར་ཞིག་མཁས་པ་མང་པོས་གླེང། ལོ་བརྒྱ་ཐམ་པའི་ནང་སྐད་རིགས་ཀྱི་བརྒྱ་ཆ་ལྔ་བཅུ་དེ་གཟའ་འཁོར་ལ་བགོས་ན་གཟའ་འཁོར་གཉིས་ལ་སྐད་རིགས་རེ་འཆི་དགོས་པ་ཞིག་ཏུ་མཐོང་འདུག་ན་མི་རིགས་སོ་སོའི་སྐད་རིགས་སྲུང་སྐྱོབས་ཀྱི་ཐོག་ལ་རང་ནུས་གང་ཡོད་འདོན་དགོས་པ་དེ་མ་སྐུལ་ཕྲག་ཏུ་བབ་པའི་ལས་འགན་ཞིག་ཏུ་གསལ། ཡང་མཁས་པ་ཁག་ཅིག་གིས་བསྒྲགས་ན་ལོ་༢༥༠རྗེས་སུ་དབྱིན་ཇི་དང་རྒྱ་ནག་སོགས་སྐད་རིགས་ཉུང་ཤས་ཤིག་ལས་བེད་མེད་དུ་འགྱུར་འགྲོ་བར་བཤད། དེའང་བདེན་ངེས་སུ་སྣང་སྟེ། ཀྲུང་གོའི་(ཐུའུ་ཅ་)མི་རིགས་ལ་ད་ལྟ་མི་གྲངས་ས་ཡག་བརྒྱད་མན་ཙམ་ཞིག་ཡོད་པར་བཤད་ཀྱང་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མཁན་གྱི་བརྒྱ་ཆ་ཧ་ཅངང་གི་ཉུང་ཉུང་ཡིན་པར་སྣང། དེ་མིན་མན་ཇུའི་རིགས་ཀྱང་ད་ལྟ་མི་གྲངས་བྱེ་བ་གཅིག་ཙམ་ཡོད་ཀྱང་མི་རིགས་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་ལོ་ན་མཐོ་བའི་རྒན་པོ་འགའ་ཞིག་ལས་མེད་ཚོད་དུ་སྣང།  འཆི་བ་བྱུང་བའི་ལོ་རྒྱུས་འདི་གཙོ་བོ་སྐད་རིགས་ཀྱི་ཐོག་ནས་གླེང་ཡོད་ཀྱང་སྐས་རིགས་ཉམས་ན་ཡིག་གི་ཡང་རྒྱུན་རིང་པོར་གནས་མི་ཐུབ་པའི་ཚོད་དུ་གནང་ངོ།

ས་ཡག་དྲུག་གི་ཚེ་སྲོག་དང་འདྲེས་པའི། །སྨྲ་མཁན་ཉུང་ཡང་རིན་ཐང་ཆེས་ལྡན་པའི། །

ཕན་ཚུན་མཐུན་པོར་སྦྲེལ་བའི་ལག་རྡང་འདི། །ནམ་ཡང་ལྷོད་པར་མ་བཏང་སྙིང་ལ་ཆོངས། ། བར་སྐབས་ཀྱི་ཚིགས་བཅད་དོ། །

   གཉིས་པ་ལ་གཉིས་ཏེ། ཕྱིའི་རྐྱེནདང་། ནང་གི་རྐྱེན་ནོ།། དང་པོ་ནི། ཕྱིའི་རྐྱེན་ལ་འདི་ཙམ་ཞིག་ཡོད་ཅེས་ཚོད་འཛིན་མི་ནུས་ཀྱང་ཕལ་ཆེར་བ་ཆབ་དཔལ་རིག་གསུམ་གྱི་ཐོག་ནས་ཡོང་གིན་ཡོད་པར་གླེང།  དེའི་ནང་ནས་ཀྱང་གཙོ་བོ་ཆབ་སྲིད་ཀྱི་ཐོག་ནས་ཡོང་གིན་ཡོད། མི་རིགས་ལ་དབང་བསྒྱུར་བྱེད་པའི་ཆབ་སྲིད་པ་རྣམས་ཀྱིས་གཡོ་ཐབས་སྣ་ཚོགས་ལ་རྟེན་ནས་དབང་བསྒྱུར་བྱ་སའི་མི་རིགས་དེའི་སྐད་ཡིག་སོགས་མིང་གི་ལྷག་མར་གཏང་འདོད་ཀྱི་རྣམ་པ་མངོན་སུམ་དུ་མངོན་པ་དང་མི་མངོན་པའི་ཐོག་ནས་ལས་ལ་ངང་ངམ་ཤུགས་ཀྱིས་བརྩོན་པ་བྱེད། སྤྱིར་མི་རིགས་ལ་དབང་བསྒྱུར་བྱས་ཤིང་སྐད་ཡིག་གི་སྲོག་འཕྲོག་པའི་བྱ་སྤྱོད་འདིའི་དོན་དུ་ཆབ་སྲིད་པ་རང་ཉིད་ཀྱི་ལང་ཕྱོགས་བརྟན་པོར་བགྲེང་འདོད་ཀྱི་ཐབས་ལམ་ཞིག་འཚོལ་བ་ཡིན་མོད། དེ་ཙམ་གྱི་མི་རིགས་དེའི་ཚེ་སྲོག་ལ་གཏོར་རྒུད་ཇི་ཙམ་ཐེབས་མིན་བཤད་ཚོད་དཀའ་མོ་ཞིག་མ་ཡིན་ནམ། རང་ཉིད་ཀྱི་བསམ་ཚུལ་ལ། མི་རིགས་གང་དང་གང་ཡིན་ཡང་སྙིང་སྟོབས་ལྷད་མེད་པ་ཞིག་དང་རིགས་ཞེན་གཙང་མ་ཞིག་ཡོད་ན་རང་གི་སྐད་ཡིག་ལ་དེ་ཙམ་མཁྱེན་རྒྱ་མེད་ཀྱང་སྐྱོན་ཆ་ཆེར་མེད་ཚོད་དུ་སྣང། དེ་ནི་རང་ཉིད་ཀྱི་མངོན་སུམ་དུ་མཐོང་བཞིན་པའི་ཚད་མའི་འཇུག་ཡུལ་ཞིག་ཡིན། འོན་ཀྱང་ཞི་བཙན་གྱི་ཐབས་སྣ་ཚོགས་པ་ལ་རྟེན་ནས་སྐད་ཡིག་བཅོམ་པས་ཆབ་སྲིད་པ་རང་ཉིད་ཀྱི་འདོད་དོན་འགྲུབ་པའི་དཔེར་ཡང་མང་དུ་ཡོད་པར་ངེས་ཏེ། ཨེར་ལན་དང་ཨུ་སེ་ཐྲེ་ལེ་ཡའི་མི་དམངས་དབྱིན་ཇིས་དབང་བསྒྱུར་འོག་ཚུད་ནས་མི་འདོད་བཞིན་དུ་དབྱིན་སྐད་སྤྱོད་དགོས་བྱུང་ནས་ད་ལྟ་མི་རིགས་རང་ཉིད་ཀྱི་སྐད་ག་འདྲ་ཞིག་ཡོད་མེད་ཙམ་ཡང་མི་ཤེས་པའི་ཚོད་དུ་གནས་བཞིན་པ་འདིའང་དངོས་མཐོང་གི་ཚད་སྒྲུབ་ཅིག་ཡིན་ནོ། །ད་ལྟའི་དུས་ན་རྒྱ་ནག་གི་དབང་ཤུགས་ཀྱིས་མི་རིགས་ཀྱི་སྐད་ཡིག་བཅོམ་པའི་གཡོ་ཐབས་དེ་སྤྱོད་ནས་གྲངས་ཉུང་བོད་མི་རིགས་ཀྱི་ས་ཁུལ་དུ་ལག་ལེན་བལྟར་དང་ལྟ་བཞིན་པ་ཡིན་ན་ཡང་། ཁོ་བོའི་ཉེ་འཁོར་ན་ཡོད་པའི་གཞོན་ནུ་ཕོ་མོའི་སྙིང་སྟོབས་དང་རིགས་ཞེན་ལ་བསམ་ན་ལག་ལེན་འདི་ནམ་ཡང་འཁྱོལ་ཐབས་མེད་པའི་ལས་བྱ་ཞིག་ཏུ་ངེས་འདུག་མོད། མུད་མཐུད་ནས་བཀག་རྒྱ་ཅི་ཙམ་བསྡམས་ཀྱང་འཕག་འཚག་དེ་ལས་ཆེ་བ་རྒྱག་དགོས་པ་འདི་མི་རིགས་ཤིག་གི་ཚེ་སྲོག་གི་རྒྱུ་བ་ཕྲ་མོ་དང་འབྲེལ་ཡོད་པས་རིགས་ཞེན་གྱི་སེམས་པ་གཙང་མ་ཞིག་ཡོད་ན་ནམ་ཡང་གཉིད་མི་ཁུག་པའི་ཚོད་དུ་སླེབ་ཡོད་པར་འདུག་གོ །

འཆི་ན་མི་རོ་ཞིག་དང་མི་འདྲ་ཞིང། །གསོན་ན་རང་ཉིད་འཚོ་བའི་དན་རྟགས་ཉིད། །

སྐད་ཡིག་གཙང་མའི་ལང་ཚོ་དྭངས་མ་ནི། །མཛེས་མའི་ཞལ་རས་བཞིན་དུ་སྐྱོངས་ཤིག་གྲོགས། །བར་སྐབས་ཀྱི་ཚིག་བཅད་དོ། །

   གཉིས་པ་ནི། ཕྱིའི་རྒྱུ་རྐྱེན་སྣ་ཚོགས་པ་དེ་དག་མཐོང་ནས་རང་ཉིད་ཀྱི་བློ་སྟོབས་སམ་མོས་པ་མེད་པར་གྱུར་པ་དང་། མི་རིགས་རང་གི་སྐད་ཡིག་གི་རིན་ཐང་མི་ཤེས་པ་འགའ་ཞིག་གིས་འདི་ནི་མི་རིགས་ཡར་རྒྱས་ཀྱི་འགོག་རྡོ་ཆེན་པོ་ཞིག་ཏུ་གླེང་བ་དང། དཔལ་འབྱོར་གྱི་འགྲན་རྩོད་ལ་ཞུགས་ནས་རང་ཉིད་ཀྱི་སྐད་ཡིག་གི་ཚེ་སྲོག་ལ་གཅེས་སྤྲས་མི་བྱེད་པ་དང། རང་ཉིད་ཀྱིས་རང་གི་སྐད་ཡིག་ལ་སྐྱོན་དུ་ལྟ་ནས་མ་འོང་པའི་ལམ་ལ་འཛུབ་སྟོན་བྱེད་མི་ཐུབ་པ་འདི་དག་ནི་གཞན་གང་གིས་ཀྱང་སྐྱོན་དུ་སྨྲ་བ་ལས་ཀྱང་མི་འདྲ་བ་ཞིག་གོ།

སྨྲས་པ།  བརྒྱ་ཕྲག་སྐད་ཡིག་མཁྱེན་པའི་ཤེས་རབ་ཅིག་ཡོད་ཀྱང། །ཕ་སྐད་གཙང་མའི་རང་སྲོག་རང་ཉིད་ཀྱིས་མ་འཕྲོག །

རྣམ་དག་གོམས་གཤིས་བཟང་པོ་སེམས་ཁོངས་ན་འཆང་བཞིན། །མི་རིགས་ཚེ་སྲོག་སྐྱོབས་པའི་དཔའ་རྒོད་དུ་བཞེངས་ཤོག །

 

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*