མ་བྱིན་ལེན་གྱི་ཕམ་པའི་རིན་ཐང་གི་ཚད་ལ་དཔྱད་པ།

 

               སྒྲིབ་པ་ཀུན་ལས་རྣམ་གྲོལ་ཅིང་། །ཡོན་ཏན་ཀུན་གྱིས་རབ་མཛེས་པ། །

           འཇིག་རྟེན་ཀུན་གྱི་མགོན་གྱུར་པའི། །རྟེན་འབྱུང་སྨྲ་བའི་སེང་གེར་འདུད། །

ཞེས་མཆོད་བསྟོད་སྔོན་དུ་བཏང་ནས། སོ་སོར་ཐར་པའི་མདོ་ལས། ཕམ་པའི་སྡེ་བཤད་པའི་སྐབས་སུ་མ་བྱིན་ལེན་དང་རྐུ་བ་དང་ཞེས་པའི་མ་བྱིན་པར་ལེན་པའི་སྡོམ་ཆ་འདིར་བླང་ནས་ཅུང་ཙམ་དཔྱད་ན། སྤྱིར་མ་བྱིན་ལེན་གྱི་ཕམ་པ་འབྱུང་བའི་ཚད་ཇི་ཙམ་ཞིག་ལ་འཇོག་ཅེ་ན། མདོ་རྩ་ལས། ཀ་ཀ་ནི་བཞི་ལ་མ་ཤ་ཀའོ། ལྔ་ཉིད་ནི་ཀར་ཤ་པ་ནའི་བཞི་ཆའི་དཔེ་ཡིན་ཏེ། གང་ན་དེའི་ཚེགས་ཉིད་ཉི་ཤུ་ཡིན་པ་དེ་ལ་རྟེན་ནས་སོ། རྐུ་བའི་གནས་དང་། དུས་ཀྱི་རྩེ་བ་རྣམ་པར་བཞག་གོ ། ཆེ་བ་ཉིད་ཀྱི་རིན་ཐང་གདབ་པར་མི་ནུས་པ་ནི་རབ་ཀྱི་མཐར་ཕྱིན་པ་ཉིད་དོ། ཞེས་སོགས་གསུངས་སོ།

     འདིའི་དོན་འཆད་པ་ལ་གཉིས་ཏེ། གཞན་ལུགས་བརྗོད་པ། རང་ལུགས་བཞག་པའོ། དང་པོ་ལ་ཡང་གཉིས་ཏེ། གཞན་ལུགས་དངོས་སུ་བརྗོད་པ་དང། དེ་ལ་དོགས་པ་བཅོད་པའོ། དང་པོ་ནི།  སློབ་དཔོན་ཀ་མ་ལ་ཤཱི་ལ་སོགས་རྒྱ་གར་གྱི་མཁས་གྲུབ་ཆེན་པོ་དག་གིས་ཆུང་མཐའ་དངུལ་ཞོ་གང་གི་བརྒྱད་ཆ་ནས་ཆེ་མཐའ་གསོད་པའི་ཆད་པ་ཡན་ཆོད་དགོངས་པ་མི་འདྲ་བ་སྣ་ཚོགས་ཤིག་འབྱུང་ཞིང། རྒྱ་ནག་ནའང་གསོད་ཆད་ནས་ཆོས་གོས་གཅིག་གི་རིན་ཐང་གི་ཚད་ཀྱི་བར་སོགས་བཞེད་པ་མི་འདྲ་བ་མང་ངོ་ཞེས་བླ་མའི་གསུང་ལས་འབྱུང། བོད་འདིར་ཐུབ་བསྟན་ཡོངས་ཀྱི་གཞི་མ་འདུལ་བསྟན་ལ་དཀའ་དྲིན་ཤིན་ཏུ་ཆེ་བའི་མཁས་གྲུབ་ཆེན་པོ་ཀུན་མཁྱེན་མཚོ་སྣ་བ་སོགས་མཁས་པ་ཁ་ཅིག་གིས་རྒྱལ་ཁྲིམས་ཡོད་སར་སྲོག་ཆད་ཐོབ་པའི་ཚད་ཡིན་ཟེར། འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས་ཀྱིས་རྟ་རྒོད་མ་རེའི་ཚད་ཡིན་གསུང་ཡང་དོན་དུ་སྲོག་ཆད་ཐོབ་པར་བཞེད། རྗེ་བཙུན་རིན་པོའི་ཆེས་རྩ་ལྟུང་འཁྲུལ་སྤོང་ལས་ནངས་གཅིག་འགྲང་བའི་ཁ་ཟས་ཀྱི་ཚད་དུ་བཞེད། ལོ་ཆེན་དྷརྨ་པས་མུ་གེ་མེད་དུས་ནས་ཁལ་ལྔ་ཙམ་དུ་བཞེད། རེད་མདའ་བས་གསེར་ཞོ་ཕྱེད་དུ་བཞེད། ཀུན་མཁྱེན་མི་ཕམ་ཚང་གི་གསེར་ཞོ་གང་གི་ཚད་དུ་བཞེད། སྐྱེད་ཚལ་བ་དང་མཁན་ཆེན་ངག་ཆོས་སོགས་ཀྱིས་མུ་གེའི་ཚེ་ནས་ཁལ་ཕྱེད་དུ་གསུངས། ཡོངས་འཛིན་གྲགས་རྒྱ་མཚོས་གསེར་ཞོ་བརྒྱད་ཆའི་རིན་ཐང་ལ་བྱེད། འཇམ་བཞད་ཀྱིས་མུ་གེ་མེད་དུས་དངུལ་ཞོ་གང་གི་བརྒྱད་ཆར་བཞེད། རྒྱལ་དབང་དགེ་གྲུབ་པས་གསེར་སེ་བ་གསུམ་དུ་གསུངས་སོ།

     གཉིས་པ་ནི།  རྒྱ་དཀར་ནག་བོད་སོགས་ན་བཞེད་པ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་སྲོག་ཆད་ཙམ་ལ་ཕམ་པ་འབྱུང་བའི་རིན་ཐང་གི་ཚད་ཡིན་ཞེས་གསུང་པ་འདི་ནི་དུས་ཀྱི་ཡང་མཐའ་འདིར་ངེས་པར་དུ་དགག་དགོས་པའི་གནས་ཤིག་ཏུ་འདུག་ན་དེ་ལ་ཅུང་ཙམ་དཔྱད་པ་བྱའོ། འོན་ཀྱང་སྐྱེས་སྦྱངས་ཀྱི་བློ་གྲོས་ནམ་མཁའ་ལས་རྒྱ་ཁྱོན་ཆེ་བའི་མཁས་གྲུབ་དག་གི་དགོངས་པར་ཁོ་བོ་ལྟ་བུ་བློ་དམན་སྲིད་ན་དཀོན་པ་ཞིག་གིས་དཔྱད་ཁུལ་བགྱིད་པ་མི་འོས་ཀྱང། རིགས་པ་རྣམ་དག་ཅིག་ཀྱང་སྨྲ་རྒྱུ་མེད་པའང་མིན་པས་གོང་མའི་ལེགས་བཤད་ལ་གུས་བཞིན་དུ་དཔྱད་པར་བྱའོ། དེ་ཡང་མཚོ་ཊཱིཀ་ལས། སྲོག་ཆད་ཀྱི་ཚད་དུ་བཞེད་པ་འདི་ལུང་གིས་གྲུབ་སྟེ། དེའང་ལུང་ལས། མ་ཤ་ཀ་ལྔ་བརྐུས་ན་རྒྱལ་པོ་མ་སྐྱེས་དགྲས་གྱོད་ལ་དཀྲི་ཞིང་སྲོག་དང་བྲལ་བ་བཞིན་དུ་དགེ་སློང་གིས་མ་ཤ་ཀ་ལྔ་རྐུས་ན་ཕམ་པའོ་ཞེས་གསུང་པས་ཕྱིར་ཟེར་ན། ལུང་འདིའི་དོན་ནི་མ་ཤ་ཀ་ལྔའང་ལྔ་ལས་ལྷག་པར་བརྐུས་ན་ཕྱིན་ཆད་ཕམ་པ་འབྱུང་བར་གསུངས་ཀྱི། ཚད་དེ་ཕྱི་ཆད་སྲོད་ཆད་དུ་བཞེད་པ་ནི་ལུང་གི་དོན་མི་སྣང་ངོ། སོར་མདོ་ལས་གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་དགེ་སློང་དེ་ལྟར་མ་བྱིན་པ་བླངས་ན་ཕམ་པར་འགྱུར་བ་ཡིན་ཞེས་པའི་ལུང་འདིས་ཀྱང་གོང་དུ་གསལ་བའི་མ་ཤ་ཀའི་ཚད་དེ་ཙམ་བརྐུས་ན་ཕམ་པའོ་ཞེས་གསུང་སྟེ། དེ་ལྟར་ཞེས་པའི་ཚིགས་དེ་གོང་གི་མ་ཤ་ཀའི་ཚད་དེ་དང་འབྲེལ་དགོས་པས་སོ། རྣམ་འབྱེད་ལས་ཀྱང། ཅི་ཙམ་མ་བྱིན་པ་བླངས་པ་ཞེས་བྱ་བ་ནི། མ་ཤ་ཀ་ལྔའང་ལྔ་ལས་ལྷག་པས་སོ་ཞེས་གསུངས་ཀྱི་གསོད་ཆད་ལ་བཞེད་པར་གཏན་མི་སྣང་ངོ། ཡང་མཚོ་ཊཱིཀ་ལས་རིགས་པས་སྒྲུབ་བྱེད་ནི། སྟོན་པས་རང་གི་ཉན་ཐོས་རྣམས་ཉེས་པ་ལས་ཟློག་པར་བྱེད་པ་ལ་ཆད་པ་རབ་ཕམ་པ་དང། རྒྱལ་པོས་རང་གི་མི་སྡེ་རྣམས་ཉེས་པ་ལས་ཟློག་པ་ལ་ཆད་པ་རབ་གསོད་ཆད་སྟེ། ཆད་པ་རབ་ཀྱི་རིན་ཐང་དུ་མཚུངས་སོ་ཞེས་གསུངས་མོད། དེ་ལྟར་ན་སྟོན་པའི་རབ་ཆད་བཞི་ཆ་ཡང་རྒྱལ་པོའི་རབ་ཆད་དང་མཚུངས་དགོས་ཤིང། དེས་ན་དགེ་སློང་ཞིག་གིས་འདུ་ཤེས་བསྒྱུར་ཏེ་མི་ཆོས་བླ་མའི་རྫུན་སྨྲས་ཏེ་མིའི་གོ་བ་ཙམ་གྱིས་ཕམ་པ་མི་འགྱུར་ཞིང་རྒྱལ་པོའི་སྲོག་ཆད་སྒུག་དགོས་པ་འདི་ཡ་མཚན་ཆེ་ཡི་གཏམ་མོ། གཞན་དུ་ན་དགེ་སློང་ཞིག་གིས་རྒྱལ་ཁྲིམས་ཡོད་སར་ཤོག་སྒོར་ཁྲི་ཕྲག་ཅན་གྱི་དངོས་པོ་ཞིག་བརྐུས་ནས་སྦྱོར་དངོས་གཞི་གསུམ་ཆ་ཚང་ཡང་སྲོག་ཆད་སྒུག་དགོས་ཤིང་གསོད་ཆད་ཀྱི་བཀའ་མ་ཕབས་ན་དགེ་སློང་འདིས་སྐྱིད་པོ་གཏང་རྒྱུ་བྱུང་བ་འདི་དགའ་བ་ལ། ལུང་རིགས་འདི་གཉིས་ཀྱིས་མ་བྱིན་ལེན་གྱི་ཕམ་པའི་ཚད་དེ་སྲོག་ཆད་དང་བསྟུན་དགོས་པར་སྒྲུབ་མི་ནུས་ན་གཞན་དུ་ངེས་ཚད་འདི་དང་བསྟུན་དགོས་པའི་བཀའ་ཡོད་ན་ཕྱོགས་སྟོན་མཛད་དུ་གསོལ།

     གཉིས་པ་རང་ལུགས་བཞག་པ་ལ།  མ་བྱིན་ལེན་གྱི་ཕམ་པའི་ངོ་བོ་དང་།  གླེང་གཞི།  ཚད་དང་གསུམ་ལས།  དང་པོ་ནི།  མ་བྱིན་ལེན་སྤོང་བའི་བསླབ་པ་བཅས་ཕྱིན་ཆད་ཀྱི་དགེ་སློང་ཕ་མ་གང་རུང་གི་རང་གི་ཉེ་དུ་སོགས་མ་ཡིན་པའི་ནོར་བདག་མི་ལས་རྐུ་སེམས་ཀྱིས་དེ་ལ་དེ་ཡིན་གྱི་འདུ་ཤེས་མ་འཁྲུལ་པས་སྦྱོར་བ་ཅིག་གི་ནང་དུ་རིན་ཐང་ཚང་པའི་དངོས་པོ་མ་བྱིན་པར་བླངས་ནས་ཐོབ་བློ་སྐྱེས་པའི་ལྟུང་བ་དེ་མ་བྱིན་ལེན་གྱི་ཕམ་པའི་ངོ་བོ་ཡིན་ནོ། སྤྱིར་མ་བྱིན་ལེན་དང་མ་བྱིན་ལེན་གྱི་ཕམ་པ་གཉིས་མི་འདྲ་བས་སྤྱིར་མ་བྱིན་ལེན་གྱི་ངོ་བོ་ནི། སློབ་དཔོན་དབྱིག་གཉེན་གྱིས། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་མོས་བདག་གིར་བྱེད། །ཞེས་གསུངས་པ་ལྟར་གཞན་གྱིས་བདག་ཏུ་བཟུང་བའི་ནོར་དངོས་སུ་འཕྲོག་པ་དང་། འཇམ་བུ་གང་རུང་གི་སྒོ་ནས་བདག་གིར་བྱེད་པ་དེ་སྤྱིར་མ་བྱིན་ལེན་གྱི་ངོ་བོ་ཡིན་ནོ།

     གཉིས་པ་ནི།  དགེ་སློང་ནོར་ཅན་གྱིས་རང་གི་ཁང་པ་བརྩིག་པའི་ཕྱིར་རྒྱལ་པོའི་ཤིང་རྭ་ནས་ཤིང་བརྐུས་པ་ལ་བརྟེན་སྟོན་པས་མཁྱེན་བཞིན་དུ་རྨེད་དེ། ནོར་ཅན་ཁྱེད་དེ་ལྟར་མི་མཛེས་པ་བྱེད་པ་བདེན་ནམ་ཞིས་དྲིས་ནས། ངའི་ཉན་ཐོས་རྣམ་ཀྱིས་བསླབ་པའི་གཞི་འདི་ལྟར་བུ་གདོན་པར་བྱ་སྟེ། དགེ་སློང་གང་དག་གྲོང་ན་འདུག་པའམ། དགོན་པར་འདུག་པ་གང་ཞིག་གིས་མ་བྱིན་པ་རྐུ་ཡི་གྲངས་སུ་གཏོགས་པ་བླང་ན་ཅི་ཙམ་མ་བྱིན་པ་བླངས་པ་དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅིག།། ཀྱེ་མི་ཁྱོད་རྐུན་མའོ་བྱིས་པའོ། བླུན་པོའོ། རྐུན་པའོ་ཞེས་ཟེར་ཞིང། གསོད་དམ། འཆོང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པ་བླངས་ན་ཕམ་པར་འགྱུར་བ་ཡིན་གྱིས་གནས་པ་མི་བྱའོ། ཞེས་བསླབ་པ་འཆའ་བ་མཛད་དོ། ནོར་ཅན་གྱིས་ཤིང་བརྐུས་པའི་ཡུལ་དུས་དེ་ན་མ་ཤ་ཀ་ལྔ་ལས་ལྷག་པར་བརྐུས་ན་སྲོད་ཆད་ཐོབ་ཀྱང་བཅས་པའི་ཕམ་པ་འདི་ནི་མ་ཤ་ཀའི་ཚད་ཀྱི་ཆ་ནས་མཛད་ཀྱི་སྲོག་ཆད་ཀྱི་ཆ་ནས་མ་མཛད་དོ།

     གསུམ་པ་ནི།  མ་ཤ་ཀ་ལྔ་དང་དེང་སྐབས་སུ་བོད་འདིར་གསེར་ཞོ་གང་ངམ་ནས་ཁལ་ཕྱེད་དང་འགྲིགས་པ་བཞེད་དེ་གསེར་ཞོ་གང་བརྐུས་ན་ཕམ་པར་འགྱུར་རོ་ཞེས་སོགས་གོང་དུ་བཤད་པ་ལྟར་དགོངས་པ་མི་འདྲ་བ་མང་མོད། གཏམ་གྱི་གཞིར། བཙུན་པ་མ་ཤ་ཀ་གསུམ་བརྐུས་པས་ཕམ་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། གང་ན་མ་ཤ་ཀ་བཅུ་གཉིས་ལ་ཀཱརྵཱ་པ་ན་གཅིག་ཏུ་འགྱུར་བ་ནའོ། །མ་ཤ་ཀ་ལྔ་ལས་ལྷག་པ་བརྐུས་ན་ཕམ་པར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། གང་ན་མ་ཤ་ཀ་བཞི་བཅུ་ལ་ཀཱརྵཱ་པ་ཎ་གཅིག་ཏུ་འགྱུར་བ་ནའོ། །ཞེས་གསུངས་པས་ཡུལ་དུས་དང་བསྟུན་ན་དེ་ཙམ་ངེས་པར་མེད་པས་རྟ་ཟོག་བརྒྱ་ཕྲག་བརྐུས་ཀྱང་ཕམ་པ་མི་འབྱུང་བའི་དགེ་སློང་བཟང་པོ་དེ་འདྲ་ཡང་འཚོལ་དགོས་པའི་ངལ་བ་སྤང་སྟེ་ཕྱག་ལེན་དོགས་མཐའ་ནས་བཟུང་དགོས་པ་འདི་གལ་ཆེའོ། ཁག་ཅིག་གིས། མ་བྱིན་ལེན་གྱི་རིན་ཐང་གི་ཚད་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ་འབྲི་ཁུལ་གྱི་ངལ་བ་བྱས་ཀྱང་། ཞིབ་ཆ་བྱེད་ན་མ་བྱིན་ལེན་ལ་རིན་ཐང་གི་ཚད་བརྩིས་མི་དགོས་ཤིང། མ་བྱིན་ལེན་གྱི་ཕམ་པ་འབྱུང་བའི་རིན་ཐང་གི་ཚད་ལ་དཔྱད་དགོས་པར་སྣང་ངོ།། །།

          ཇི་ལྟར་མཁའ་ལ་ཟླ་བའི་འོད་མེད་ན། །མཚན་མོའི་རྣམ་པ་མཛེས་པར་མི་འགྱུར་བཞིན།  

          དེ་ལྟར་ཚུལ་ཁྲིམས་གཙང་མས་སྟོང་གྱུར་ན། །རྒྱལ་བསྟན་མཛེས་པའི་གཏམ་ཡང་ལྷོད་པར་འགྱུར།

          སྐྱེས་ནས་སྐྱེ་བར་དལ་འབྱོར་ལུས་ཐོབ་ནས།  །བཤེས་གཉེན་དམ་པ་རྣམས་ཀྱིས་རྗེས་བཟུང་ཞིང།

          ཚུལ་གནས་ཐོས་བསམ་སྒོམ་པས་ཕ་རོལ་སོན། ངེས་འབྱུང་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག  

ཅེས་པ་འདི་ནི་དགེ་བའི་བཤེས་གཉེན་ཆེན་མོ་ཁྲོཾ་རྡོ་ཁོག་དགོན་པའི་མཁན་ཆེན་ཤེས་རབ་སེང་གེའི་ཞབས་ཟུང་ལ་རེག་སྟེ་འདུལ་བའི་སྐོར་ལ་ཐོས་བསམ་ཅུང་བགྱིས་པའི་སྐལ་བ་ཅན་སྨར་འཐོར་རླུང་ངམ་སྟག་ལྗོངས་འཆི་མེད་ཀྱིས་སོར་སྡོམ་ཤོར་བའི་འགྱོད་བཤགས་ཀྱི་ཚུལ་ཏུ་ནུབ་གླིང་སུད་སི་ནས་ཡིག་གེར་བཀོད་པའོ།།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*