བཤགས་པ།

༼བ༽

༄༅། །བཤགས་པ་བཞུགས།།

༄༅། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་ལ་ཞུ་ཞིང་གསོལ་བ་ནི། ཆེ་གེ་མོ་ཞེས་བགྱི་བ་བདག་ལས་ཉོན་མོངས་པ་དང༌། མི་ཤེས་པ་དང༌། བག་མེད་པ་དང༌། མ་གུས་པ་དང༌། སྙོམས་ལས་ཀྱི་དབང་དུ་གྱུར་པས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་བགྱིས་པ་དང༌། དམ་ཚིག་དང་མི་ལྡན་པ་དང༌། དམ་ཚིག་མ་དག་པ་དང༌། ཚོགས་འདྲེས་པ་དང༌། སྤྱོད་ཡུལ་གཅིག་པར་གྱུར་པ་དང༌། བསྙེན་པ་དང༌། སྒྲུབ་པ་ལ་མ་བརྩོན་པ་དང༌། སྲུང་མ་ཁྱད་པར་ཅན་ཁྱེད་རྣམས་དུས་དུས་སུ་མ་མཆོད་ཅིང་མ་གསོལ་བའི་དབང་གིས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆགས་ཉམས་སུ་གྱུར་པ་དང༌། ཁྱེད་རྣམས་ཀྱི་ཐུགས་དང་འགལ་བར་གྱུར་པ་ཐམས་ཅད་སྤྲོས་མེད་རྣམ་པར་མི་རྟོག་པའི་ངང་ནས། ཐུགས་རྗེ་དང་མཐུ་སྟོབས་ཀྱི་དབང་ཕྱུག་དམ་པ་ཁྱེད་རྣམས་ལ་མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། །མཁའ་ལ་སྤྲིན་དེངས་པའམ། རྒྱ་མཚོ་ལ་རླབས་ཞི་བ་ལྟར། ནོངས་པར་སྤྱད་པ་དང༌། དེའི་འབྲས་བུ་ཐམས་ཅད་མེད་པར་གྱུར་ཅིག ཞི་བར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་མཆོད་སྦྱིན་གྱི་གཏོར་མ་འདི་དང༌། རྟ་མཆོག་རྒྱན་གྱིས་བརྒྱན་པ་འདི་དང༌། ཚོགས་ཀྱི་འཁོར་ལོ་དམ་པ་དང་བཅས་པའི་མཆོད་པ་འདིས། དཔལ་མགོན་ཁྱད་པར་ཅན་ཁྱེད་རྣམས་ཀྱི་ཐུགས་དམ་སྐོང་བར་གྱུར་ཅིག བཞེད་པ་གྲུབ་པར་གྱུར་ཅིག རེ་བ་རྫོགས་པར་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང༌། བདག་གི་སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང༌། བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། དགྲ་དང་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བཟློག་ཏུ་གསོལ། ཚེ་དང་དཔལ་དང་ལོངས་སྤྱོད་རྒྱས་པ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པར་མཛད་དུ་གསོལ། འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཁྱེད་ཐུགས་གསང་བ་དམ་པའི་མཛོད། །དགེས་པ་ཆེན་པོའི་སྒོ་ཕྱེ་ནས། །དངོས་གྲུབ་ཕྲིན་ལས་བདུད་རྩི་ཡི། །རྒྱུན་གྱིས་བདག་རྒྱུད་གཏམས་པར་མཛོད། །དཔལ་མགོན་པོ་ལྕམ་དྲལ་གྱི་བཤགས་པ་འཕགས་པས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*