ལྕམ་དྲལ་གྱི་གཏོར་ཆོག

༼བ༽

༄༅། །ལྕམ་དྲལ་གྱི་གཏོར་ཆོག་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་དང༌། དཔལ་ལྡན་ལྷ་མོའི་མཆོད་གཏོར་བྱེད་པར་འདོད་པས། ཤ་ལ་སོགས་པས་བརྒྱན་པའི་གཏོར་མ་ལེགས་པར་བཤམས་ནས། རང་ཡི་དམ་གྱི་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས། གཏོར་མ་ལ་ལག་པ་གཡོན་པ་བསྟན་ཏེ། ཨོཾ་ཞེས་བརྗོད་པས་གཏོར་མ་མི་དམིགས་ཏེ་སྟོང་པར་བསམ། གཡས་པ་བསྟན་ཏེ། ཨཱཿཞེས་བརྗོད་པས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པར་གྱུར་པར་བསམ། གཉིས་ཀ་བསྟན་ནས་ཧཱུྃ་ཞེས་བརྗོད་པས་དགྲ་བགེགས་ཀྱི་ཤ་ཁྲག་དང་ཤ་ལྔ་བདུད་རྩི་ལྔས་གང་བར་བསམ། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ནས་ཧོཿཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཞེས་ཡང་ཡང་བརྗོད་ཅིང་བྱིན་གྱིས་བརླབ། དེ་ནས་མདུན་གྱི་ནམ་མཁའི་གནས་སུ་དགྲ་བགེགས་ཐམས་ཅད་མནན་པའི་སྟེང་དུ་པདྨ་དང་ཉི་མའི་དབུས་སུ་ཧཱུྃ་མཐིང་ནག་བསམ། དེ་ལས་འོད་ཟེར་ཕར་འཕྲོས་པས་དགྲ་བགེགས་ཐམས་ཅད་ཚར་གཅད། སླར་ཚུར་འདུས་ནས། ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས་པ་གཡས་པས་གྲི་གུག་དང༌། གཡོན་པས་གདུག་པའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཕྱག་གཉིས་ཀྱིས་གཎྜཱི་བསྣམས་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་ཀླུབས་པ། མིའུ་ཐུང་གེལ་པའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། གཡས་ན་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ལྕགས་སྤྱང༌། མདུན་ན་མི་ནག སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། མི་བསྐྱོད་པའི་དབུ་རྒྱན་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ། དེའི་གཡོན་དུ་ཏྲག་ལས་ཨེ་ཀ་ཛ་ཊཱི་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་མ། ཕྱག་གཉིས་ཀྱིས་ཐུགས་ཀར་བུམ་པ་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པའི་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ། ཁྲོ་མོའི་རྣམ་པ་ཅན་དུ་བསམ། དེའི་ལྟོ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གི་རྒྱ་མཚོའི་དབུས་སུ་བྷྱོ་ལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། བོང་བུ་ལ་ཞོན་པ་ཞལ་གཅིག་ཕྱག་བཞི་མ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་བཀང་བ། གཡོན་གྱི་དང་པོ་ན་མདུང༌། གཉིས་པ་ན་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་དང་རུས་པའི་རྒྱན་དྲུག་དང་ལྡན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། སྦྲུལ་གྱི་སྐ་རགས་བཅིངས་པ། སྤྱན་གསུམ་དང་ལྡན་ཞིང་མི་རོ་རེངས་པ་ཁར་བཅུགས་ནས་མཆེ་བ་གཙིགས་པ། སྙན་གཡས་པ་ལ་དུག་སྦྲུལ་དང༌། གཡོན་པ་ལ་སེང་གེས་བརྒྱན་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་དང༌། ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་པ་ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཆར་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ། དེ་ནས་མགོན་པོ་དང་ལྷ་མོ་གཉིས་ཀའི་དཔྲལ་བ་དང༌། མགྲིན་པ་དང༌། སྙིང་གར་ཨོཾ་ཨཱཿཧཱུྃ་བསམ། དེ་ནས་རང་གི་སྙིང་ག་ནས་འོད་འཕྲོས་པས་འོག་མིན་ན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང་རང་བཞིན་གྱི་གནས་ནས་ལྷ་མོ་སྤྱན་དྲང་བར་བསམ་ཞིང༌། མགོན་པོ་འདིར་གཤེགས་གདན་ལ་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི། ཨེ་ཧྱེ་ཧི་ཞེས་བརྗོད་པས་མདུན་དུ་སྦྱན་དྲང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ། ཛཿཧཱུྃ་བྃ་ཧོཿཞེས་པས་ཡེ་ཤེས་ཀྱི་མགོན་པོ་དམ་ཚིག་གི་མགོན་པོ་ལ་བསྟིམ། ཨོཾ་མ་ཧཱ་ཀཱ་ལཱི་དེ་ཝཱི་ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་ཡེ་ཤེས་ཀྱི་ལྷ་མོ་དམ་ཚིག་གི་ལྷ་མོ་ལ་བསྟིམ། པདྨ་ཀ་མ་ལ་སྟྭཾ་ཞེས་བརྗོད་པས་པདྨའི་གདན་འབུལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བརྗོད་པས་མཆོད་ཡོན་འབུལ། དེ་བཞིན་དུ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཞབས་བསིལ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས་རྣམས་སོ་སོ་ལ་འབུལ། དེ་ནས་ཆོས་སྐྱོང་གི་དམ་ཚིག་གི་ཕྱག་རྒྱ་བྱས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་མ་ཡ་སྨཱ་ར་ས་མ་ཡ་མ་ཏི་ཀྲ་མ་ས་མ་ཡ་རཀྵནྟུ་ཞེས་པ་དང༌། ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་བྱས་ལ། མ་ཧཱ་ཀཱ་ལཱི་དེ་ཝཱི་ས་མ་ཡ་སྨཱ་ར་ས་མ་ཡ་མ་ཏི་ཀྲ་མ་ས་མ་ཡ་རཀྵནྟུ་ཞེས་བརྗོད་ནས་ཐུན་མོང་དུ་དམ་ཚིག་གི་དབང་གིས་དམ་ཚིག་གི་རིམ་པ་ལས་མི་འདའ་བར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་དང༌། དཔལ་ལྷ་མོ་ནག་མོ་ཆེན་མོ་དམ་ཚིག་སྲུངས་ཤིག རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས་ལ། སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་རྒྱས་པར་བྱེད་པ་དང༌། བདག་ཅག་ལ་སྡང་བར་བྱེད་པའི་དགྲ་དང༌། གནོད་པར་བྱེད་པའི་བགེགས་ཐམས་ཅད་ཐལ་བ་རྡུལ་དུ་བརླག་པ་དང༌། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང༌། ཚེ་དང་དཔལ་དང་འབྱོར་པ་ཐམས་ཅད་རྒྱས་པར་མཛོད་ཅིག ཅེས་དམ་ལ་བཞག་གོ །དེ་ནས་དཔལ་མགོན་པོ་དང༌། ལྷ་མོ་གཉིས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས། གཏོར་མ་གསོལ་བར་བསམ་ཞིང་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་བྱས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ་ཞེས་པ་གསུམ་མམ་ལན་བདུན་གྱིས་མགོན་པོ་ལ་འབུལ། ཨཱོཾ་མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ། ན་མཿསརྦ་ཏ་ཐཱ་ག་ཏ་ལ་སོགས་པ་གསུམ་མམ་བདུན་གྱིས་ལྷ་མོ་ལ་དབུལ་ལོ། །དེ་ནས། ཧཱུྃ་སྲིན་པོའི་གཟུངགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཞེས་པས་བསྟོད་དོ། །ཧཱུྃ་དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལཱ་ཡ། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ཆེ། །མ་ཧཱ་དེ་ཝའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མ་ཧཱ་ཀཱ་ལཱ་ཡ། །འཇིགས་བྱེད་ཆེན་པོ་མ་ཧཱ་ཀཱ་ལཱ་ཡ། །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་དགྲ། །བསྟན་པ་ཡོངས་ཀྱི་སྲུང་མ་ནག་པོ་ཆེ། །ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་ནག་པོ་ཆེ། །དམ་ཚིག་ཅན་གྱི་དགྲ་བླ་ནག་པོ་ཆེ། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །ཛ་གད་དཔའ་བོ་སྨན་དང་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉེན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉེན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་སྒྲུབས། །ཞེས་པས་ཆོས་སྐྱོང་ལ་གཏོར་མ་བསྟབས། ཕྲིན་ལས་གཞོལ་ལོ། །དེ་ནས་ལྷ་མོ་ལ་བསྟོད་པ་བྱ་སྟེ། ཧཱུྃ་བྷྱོ། གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་བ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །ཅེས་པས་བསྟོད་ནས། དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་པ་ལ་སོགས་པས་གཏོར་མ་བསྟབས། ཕྲིན་ལས་གཞོལ་ལོ། །དེ་ནས། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལཱ་དང༌། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་པ་ལ་སོགས་པས་འཁོར་རྣམས་ལ་གཏོར་མ་བསྟབས། ཕྲིན་ལས་གཞོལ། དེ་ནས་བཟླས་པ་བྱེད་པར་འདོད་པས། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཆོས་སྐྱོང་གི་ཐུགས་བསྐུལ་བར་བསམ་ཞིང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྙིང་པོའི་སྔགས་དང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎི། ཨེ་ཥ་ཨ་པཤྩཱི་མ་ཀཱ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་དི་པྲ་ཏིཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ་ཧཱུྃ། ཞེས་པའི་གཟུངས་ཀྱི་སྔགས་ཅི་ནུས་པར་བཟླའོ། །དེ་བཞིན་དུ་ལྷ་མོའི་ཐུགས་བསྐུལ་བར་བསམས་ལ། ཨོཾ་རོ་རུ་རོ་རུ་བི་ཏིཥྛཱ་བདྷྭཏྶི་ཀ་མ་ལ་རཱཀྵ་སཱི་ཧཱུྃ་བྷྱོ་ཧཱུྃ་ཞེས་པའི་སྔགས་ཅི་ནུས་བཟླའོ། །དེ་ནས་སྔར་བཞིན་དུ་མེ་ཏོག་ལ་སོགས་པས་མཆོད་ཅིང་གང་ཤེས་པས་བསྟོད་ལ། གསོལ་བ་བཏབ་ནས་བཟོད་པར་གསོལ་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་མུཿམ་ཧཱ་ཀཱ་ལཱི་དེ་ཝཱི་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུའོ། །བྲིས་སྐུ་ལ་སོགས་པའི་རྟེན་ཡོད་ན་གཤེགས་སུ་གསོལ་མི་དགོས་སོ། །དེ་ནས་ཆོས་སྐྱོང་གི་གཟུངས་རིང་བཟླས་ཤིང་གཏོར་མ་ལ་དཔལ་འབར་བཙུགས་ལ་གཏང་ངོ༌། །ཚུལ་འདིས་རྟག་ཏུ་གཏོར་མ་བཏང་ན། བྱང་ཆུབ་ཐོབ་ཀྱི་བར་དུ་སྲུང་བ་དང༌། འདོད་པའི་དོན་སྒྲུབ་པ་དང༌། བགེགས་དང་ལོག་པར་འདྲེན་པ་འཇོམས་པར་འགྱུར་རོ། །དཔལ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་གཏོར་མའི་ཆོ་ག་བླ་མའི་ཕྱག་ལེན་བཞིན་འཕགས་པས་བྲིས་ནས་ཇིམ་གྱིན་ལ་ཕུལ་བའོ།།  །།འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། བླ་མ་བྲག་སྟེང་པ། བླ་མ་མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཡབ་སྲས་རྣམས་སོ། །མ་ཚང་མེད་ཅིང་བསྒྲུབ་པར་སླ་བ་ཡི། །ཆོ་གའི་རིམ་པ་འདི་ནི་བདག་གིས་བསྡེབས། །སྤྲོས་ལ་དགའ་བས་རྒྱས་པ་གཞན་དུ་བཙལ། །འདི་ཙམ་གྱིས་ཀྱང་སྐབས་ཀྱི་དོན་འགྲུབ་འགྱུར།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*