གདོང་བཞི་པའི་བསྟོད་པ།

༼བ༽

༄༅། །གདོང་བཞི་བའི་བསྟོད་པ་བཞུགས།།

༄༅། །དཔལ་གདོང་བཞི་པའི་མགོན་པོ་ལ་བསྟོད་པ་ཞེས་བྱ་བ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །བསྟན་པ་བསྲུང་བའི་ལས་བརྩོན་པ། །ནག་པོ་ཆེན་པོར་བསྟོད་པར་བགྱི། །བསྟན་པ་སྤེལ་ཞིང་བསྲུང་བའི་ཕྱིར། །རྡོ་རྗེ་འཆང་བས་བྱིན་བརླབས་ནས། །ཉིད་ཀྱི་བཀའ་ཡིས་གཉེར་བསྒོས་པ། །ནག་པོ་ཆེན་པོ་ཁྱོད་ལ་བསྟོད། །གནས་རྣམས་ཀུན་ལ་རྣམ་རོལ་ཡང༌། །ངེས་པ་བཞིན་དུ་གྲུ་འཛིན་དང༌། །སིངྒ་ལི་དང་ཏི་སེ་རུ། །རྣམ་པར་གནས་པ་ཁྱོད་ལ་བསྟོད། །ཁྱོད་ནི་གང་དུ་འཁོད་གྱུར་པ། །དུར་ཁྲོད་རོལ་པའི་གཞལ་ཡས་ཏེ། །དེ་དབུས་པདྨ་ཉི་མ་ལ། །བསྒྱིངས་ཏེ་བཞུགས་པ་ཁྱོད་ལ་བསྟོད། །ཞལ་བཞི་པ་དང་ཕྱག་བཞི་པ། །ཞབས་གཉིས་གར་གྱི་སྟབས་ཀྱིས་བཞུགས། །སྐུ་མདོག་ནག་པོ་འབར་ཆེན་པོ། །ལྷུན་པོ་ལྟར་བརྗིད་ཁྱོད་ལ་བསྟོད། །རྩ་ཞལ་ནག་པོ་གདངས་པའི་ཞལ། །གཡས་ཞལ་དཀར་པོ་ཁྲོ་ཞིང་འཛུམ། །གཡོན་པ་དམར་ཞིང་རྒྱ་ཆེར་བཞད། །སྟེང་ཞལ་དུད་ཁ་ཁྲོ་གཉེར་གདོང༌། །ཞལ་རེའང་དམར་ལ་ཟླུམ་པ་དང༌། །གློག་ལྟར་འཁྱུག་པའི་སྤྱན་གསུམ་ལྡན། །སྐྲ་དང་སྨ་ར་སེར་ཞིང་འབར། །མཆེ་བ་གཙིགས་པ་ཁྱོད་ལ་བསྟོད། །ཕྱག་གཡས་དང་པོས་གྲི་གུག་དང༌། །གཡོན་གྱི་དང་པོས་ཐོད་ཁྲག་འཛིན། །གཡས་གཉིས་རལ་གྲི་ཅིག་ཤོས་ཀྱིས། །ཆང་གི་བུམ་པ་འཛིན་ལ་བསྟོད། །དུང་ཆེན་པོ་དང་ལྟོ་འགྲོ་དང༌། །སྟག་དང་དར་གྱི་ལྷབ་ལྷུབ་དང༌། །ཁྲག་དང་ཞག་གི་ཐིག་ལེ་ཡི། །རྒྱན་གྱིས་སྒེག་པ་ཁྱོད་ལ་བསྟོད། །མི་མགོ་སྐམ་པོའི་ཅོད་པན་དང༌། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །སྦྲུལ་དང་རྒྱུ་མ་རློན་པ་ཡི། །ཚངས་སྐུད་འཆང་བ་ཁྱོད་ལ་བསྟོད། །ཉི་མའི་འོད་ལྟར་ཆེར་གསལ་ཞིང༌། །དུས་མཐའི་མེ་ལྟར་རབ་གདུང་བའི། །མེ་ལྕེའི་ཕྲེང་བས་གདུག་པ་ཀུན། །རྣམ་པར་སྲེག་པ་ཁྱོད་ལ་བསྟོད། །ཧ་ཧའི་གད་མོ་རྒྱ་ཆེར་བཞད། །ཧཱུྃ་ཧཱུྃ་འབྲུག་གི་སྒྲ་ལྟར་སྒྲོགས། །ཀྵིཾ་ཀྵིཾ་རྣམ་པར་བསྒྱིངས་པའི་སྒྲས། །ས་གསུམ་གཡོ་བར་མཛད་ལ་བསྟོད། །ཁྱོད་ཐུགས་རྡོ་རྗེ་འཛིན་པ་ལ། །ཤིན་ཏུ་དད་པས་ཉེར་ཞི་ཡང༌། །དེ་ཡི་བསྟན་ལ་གནོད་བྱེད་ལ། །ཁྲོ་ཞིང་འཁྲུགས་པ་ཁྱོད་ལ་བསྟོད། །ཉེ་བར་ཞི་ལ་ཉེར་གཞོལ་ཡང༌། །དམ་ཚིག་སྡོམ་པས་ཉེར་མཛེས་ཤིང༌། །བསྒྲུབ་ལ་བརྩོན་པའི་སྒྲུབ་པོ་ལ། །རྗེས་སུ་ཆགས་པ་ཁྱོད་ལ་བསྟོད། །འདོད་པའི་བདེ་བ་ཐམས་ཅད་དང༌། །ཏིང་ངེ་འཛིན་གྱི་བདེ་བ་ལ། །བདག་ཉིད་དགྱེས་དགུར་རྣམ་རོལ་ཅིང༌། །འཕགས་པ་མཆོད་མཛད་ཁྱོད་ལ་བསྟོད། །ཁྱོད་དང་རྗེས་མཚུངས་དཔའ་མོ་ནི། །དཔལ་གྱིས་ཁྱོད་ལ་ཉེར་མཆོད་ཅིང༌། །མཐུན་པར་བསྟན་པ་རྗེས་བསྲུངས་པས། །བསྐོར་བ་ཁྱོད་ལ་བདག་བསྟོད་དོ། །གཡས་ན་གཡུང་མོ་ནག་མོ་དང༌། །དེ་བཞིན་གཡོན་ན་གཏུམ་མོ་ལྗང༌། །མདུན་ན་སྲིན་མོ་ནག་མོ་དང༌། །རྒྱབ་ན་སིངྒ་ལཱི་གནས་སྔོ། །ཐམས་ཅད་མཛེས་ཤིང་གྲིམས་པའི་ལུས། །སྣ་ཚོགས་རྒྱན་གྱིས་རབ་སྒེག་ཅིང༌། །ཁྲོ་ཞིང་འཛུམ་ལ་སྟེགས་ཆོས་ཅན། །རྔམ་ཞིང་རྒོད་ལ་འཇིགས་རུང་མ། །གཡས་པ་གྲི་གུག་འཛིན་པ་ཡིས། །ཕྱོགས་བཅུར་གདུག་ཅན་རྣམ་པར་བསྡིགས། །གཡོན་པ་ཁྲག་ཞག་གིས་གང་བའི། །ཐོད་པ་འཛིན་པའི་ལག་པ་ཡིས། །ཡབ་ལ་འཁྲིལ་ཞིང་རྣམ་པར་སྟོབས། །དེ་བཞི་ཞལ་བཞིའི་སྤྱོད་ཡུལ་ཏེ། །དགྱེས་པའི་ཚེ་ན་སྦྱོར་བ་ཡིས། །མགོན་པོ་ཤིན་ཏུ་ཚིམ་བྱེད་ཅིང༌། །ལས་ཀྱི་ཚེ་ན་མངོན་སྤྱོད་ཀྱིས། །དགྲ་བགེགས་རྣམས་ལ་སྒྲོལ་བར་བྱེད། །ལྷུན་པོ་གླིང་བཞིས་བསྐོར་འདྲ་བའི། །ཡབ་ཡུམ་རྣམས་ལ་གུས་པས་བསྟོད། །ཁྱོད་ཀྱི་བཀའ་ཉན་ཕོ་ཉའི་ཚོགས། །ཁ་དོག་ལྡན་ཞིང་འོད་དང་ལྡན། །མཐུ་ཆེན་རྫུ་འཕྲུལ་ཆེན་པོ་ཡི། །ཤུགས་ཀྱིས་ཕྱོགས་བཅུར་རྣམ་པར་རྒྱུག །ལ་ལ་མཚོན་ཆ་སྣ་ཚོགས་འཛིན། །ཁ་ཅིག་སྙིམ་པར་དགྲ་བོ་ཡི། །ཁྲག་དང་ནང་གྲོལ་གྱིས་བཀང་ནས །ཟ་བཞིན་དུ་ནི་རྣམ་པར་རྒྱུ། །གློག་ལྟར་མྱུར་ཞིང་འབྲུག་ལྟར་སྒྲོགས། །རྡོ་རྗེ་ལྟ་བུར་ཐོགས་མེད་པས། །ཁྱོད་ཀྱི་བཀའ་སྩལ་སྒྲུབ་བྱེད་པ། །འཁོར་དང་བཅས་ལ་བསྟོད་པར་བགྱི། །དེ་ལྟར་ཡབ་དང་ཡུམ་རྣམས་དང༌། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །སྔོན་ཚེ་ཐུབ་པའི་སྤྱན་སྔ་རུ། །དེ་ཡིས་ཇི་ལྟར་བསྒོས་པ་དང༌། །ཉིད་ཀྱིས་ཇི་ལྟར་དམ་བཅས་དང༌། །ཁྱོད་ཀྱི་འཁོར་གྱིས་ཁྱོད་ལས་ནི། །ཇི་ལྟར་བསྒོ་བ་ཐོབ་པ་ཡི། །དམ་ཚིག་ཉེ་བར་དགོངས་མཛོད་ལ། །ཐུབ་པའི་བསྟན་པ་བསྲུང་བ་དང༌། །བསྟན་ལ་གནོད་བྱེད་གདུལ་བ་དང༌། །བསྟན་པ་རྗེས་སུ་སྒྲུབ་བྱེད་པ། །ཐམས་ཅད་ཉེ་བར་སྐྱོང་བར་མཛོད། །བཟའ་བ་སྣ་ཚོགས་བཅའ་བར་ལྡན། །སྲན་ཆེན་སྣ་ཚོགས་འབྲས་བུར་བཅས། །ཤ་ཆེན་སྣ་ཚོགས་ཉ་ཤར་བཅས། །ཁྲག་ཆེན་ཞག་དང་ཁྲག་གཞན་བཅས། །ཟན་དྲོན་མེ་ཏོག་རྙིང་པ་དང༌། །སྤོས་དང་ཆང་ཕུད་མར་མེ་དང༌། །སྣ་ཚོགས་དར་སོགས་ཀྱིས་ཀླུབས་པའི། །གཏོར་མ་འདི་ནི་ཏིང་འཛིན་དང༌། །སྔགས་ཀྱིས་རྒྱ་ཆེར་བྱིན་བརླབས་ནས། །དྭང་བའི་སེམས་ཀྱིས་བདག་འབུལ་གྱིས། །གསོལ་ཅིག་གསོལ་ཅིག་བཟའ་བའི་ཚོགས། །འཆོས་ཤིག་འཆོས་ཤིག་བཅའ་བའི་ཚོགས། །འཐུང་ཤིག་འཐུང་ཤིག་བཏུང་བའི་ཚོགས། །སྣོམས་ཤིག་སྣོམས་ཤིག་དྲི་དང་སྤོས། །བཞེས་ཤིག་བཞེས་ཤིག་མཆོད་པའི་ཚོགས། །ཚིམ་པར་རོལ་ནས་བདག་ལ་དགོངས། །བླ་མ་རྡོ་རྗེ་འཛིན་པ་དང༌། །བདག་ལ་གནོད་པར་བྱེད་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །མངོན་སྤྱོད་ལས་ཀྱི་ཚར་ཆོད་ལ། །དེ་ཡི་ཕུན་ཚོགས་གང་ཡིན་པ། །དེ་ཀུན་བདག་གི་འབྱོར་བར་མཛོད། །སླན་ཆད་གནོད་བྱེད་ཐམས་ཅད་ཀྱིས། །གླགས་མི་རྙེད་པར་སྲུང་དུ་གསོལ། །གཞན་ཡང་ནད་དང་བར་ཆད་ཀུན། །ཤིན་ཏུ་ཉེ་བར་ཞི་བ་དང༌། །ཚེ་དང་ལོངས་སྤྱོད་དཔལ་འབྱོར་རྣམས། །ཀུན་ནས་རབ་ཏུ་རྒྱས་པ་དང༌། །མི་དང་མི་མིན་མ་ལུས་པ། །བདག་གི་དབང་དུ་བསྡུ་བ་དང༌། །གཞན་ཡང་ཇི་ལྟར་གང་འདོད་པ། །དེ་ཀུན་ཇི་བཞིན་འགྲུབ་པར་མཛོད། །དེ་ལྟར་དཔལ་གདོང་བཞི་པ་ལ་བསྟོད་ཅིང་བསྐུལ་བའི་རབ་ཏུ་བྱེད་པ་འདི་ནི། དགེ་སློང་འཕགས་པ་ལ་དེ་ཉིད་ཀྱི་སློབ་མ་རིག་པའི་ནོར་འཆང་བ། ཏིང་འཛིན་ཤེས་རབ་ཅེས་བྱ་བས་ཡང་ནས་ཡང་དུ་གསོལ་བ་བཏབ་པའི་དོན་དུ། ཆུ་མོ་བྱའི་ལོ་གདུ་བུའི་ཟླ་བའི་ཚེས་གཅིག་ལ། ཤིང་ཀུན་ཏུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱ་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*