སྤྱན་མའི་སྒྲུབ་ཐབས།

༼བ༽

༄༅། །སྤྱན་མའི་སྒྲུབ་ཐབས་བཞུགས།།

༄༅། །རྒྱ་གར་སྐད་དུ། ལོ་ཙ་ནཱ་སཱ་དྷ་ནཾ། བོད་སྐད་དུ། སྤྱན་མའི་སྒྲུབ་པའི་ཐབས་བཞུགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དང་པོ་ཐོག་མར་རྣལ་འབྱོར་པས་ཁ་དང་གདོང་ལ་སོགས་པ་དག་པར་བཀྲུས་ནས། ཆོས་བདག་མེད་པ་དྲན་པར་བྱས་ལ། སྙིང་རྗེ་ཆེན་པོས་བརླན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སྙིང་གར་ལྃ་གྱི་ཡི་གེ་ལས་བྱུང་བའི་འོད་ཟེར་གྱི་སྣང་བས། ལྷ་མོ་སྤྱན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་ལྷན་ཅིག་པ་སྤྱན་དྲངས་ལ། མེ་ཏོག་ལ་སོགས་པས་མཆོད་ནས། ཡན་ལག་བདུན་པ་སྔོན་དུ་འགྲོ་བས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ནས། སླར་ཡང་པདྨ་དང་ཟླ་བའི་སྟེང་དུ་བསྒོམ་པར་བྱ་བའི་ཚུལ་ནི། ལྃ་གྱི་ཡིག་འབྲུས་བསྒྲུབས་པ་སྟེ། །རྒྱལ་བ་ཐམས་ཅད་ཀྱིས་ཀྱང་བརྒྱན། །ལྷ་མོ་སྤྱན་གསུམ་ཕྱག་བརྒྱད་མ། །ཞལ་གསུམ་གསེར་གྱི་མདོག་དང་མཚུངས། །སྒེག་མོའི་ཆ་ལུགས་ལེགས་འཆང་མ། །ཅུང་ཟད་བཞད་དང་འདོད་ཆེན་མ། །དང་པོའི་ཕྱག་ནི་མཆོག་སྦྱིན་མཛད། །དེ་བཞིན་གཉིས་པ་མི་འཇིགས་སྦྱིན། །ཕྱག་གསུམ་པ་ནི་རྡོ་རྗེ་སྟེ། །བཞི་པ་ཡིས་ནི་མདའ་ཡང་གསོར། །གཡོན་པས་སྡིགས་མཛུབ་ཞགས་པ་ཅན། །རིན་ཆེན་ཉི་མ་གཉིས་པ་ན། །གསུམ་པ་ན་ནི་བགྲང་ཕྲེང་སྟེ། །བཞི་པ་གཞུ་ཡིས་རྣམ་པར་བརྒྱན། །འོད་འབར་འོད་ཟེར་ཕྲེང་བ་ཅན། །ལྷ་རྣམས་འཇིགས་པས་སེམས་མྱོས་ཏེ། །ལག་པས་ཐལ་མོ་སྦྱར་བར་བྱེད། །སངས་རྒྱས་རྣམས་ཀྱི་སྤྲིན་འཕྲོ་བ། །ཡེ་ཤེས་རྡོ་རྗེ་སྤྱན་མ་བསམ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །སྣ་ཚོགས་དར་གྱི་ན་བཟས་ཀླུབས། །བྱང་ཆུབ་ཡན་ལག་འབྲས་བུས་བརྒྱན། །སེམས་ཅན་ཀུན་ལ་གཟིགས་པ་མོ། །ལྷ་མོ་འདི་འདྲ་བསྒོམ་པར་བྱ། །དེ་ནས་དེའི་གནས་གསུམ་ཡི་གེ་གསུམ་གྱིས་བྱིན་གྱི་བརླབས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང་རོ་གཅིག་པར་བྱས་ཏེ། དབང་བསྐུར་ནས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བལྟའོ། །དེ་ནས་ཐལ་མོ་ཁོང་སྟོང་དུ་སྦྱར་ནས་མཛུབ་མོ་གཉིས་ཀྱི་རྩེ་བཀུག་པ་མཐེ་བོང་གཉིས་ལ་སྦྱར་བ་མིག་གི་ཚུལ་དུ་བྱས་པ་འདིས་གནས་གསུམ་བྱིན་གྱིས་བརླབས་ནས་རབ་ཏུ་བརྟན་པར་བྱའོ། །དེ་ནས་འདིའི་གསང་སྔགས་བཟླ་བའི་ཕྱིར། སྙིང་གར་ཟླ་བ་ཁ་སྦྱར་བའི་ནང་དུ་སོན་པའི་ལྃ་གྱི་ཡི་གེ་ལས་འོད་ཟེར་སྲད་བུའི་རྣམ་པའི་སྔགས་བྱུང་ནས། ཡོངས་སུ་བཀྲིས་པར་བསམ་ཞིང༌། ཨོཾ་བྷ་ག་ཝ་ཏཱི་རུ་རུ་སྥུ་རུ། ཛྭཱ་ལ་ཏིཥྛཱ་སིདྡྷ་ལོ་ཙ་ནཱི། སརྦ་ཨརྠ་སཱ་དྷ་ན་ཡེ་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་ཅི་ནུས་པའི་བཟླས་བརྗོད་བྱའོ། །གསང་སྔགས་འདི་ནི་བཟླས་ཙམ་གྱིས། །སངས་རྒྱས་རྣམས་ནི་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་མཁས་རྣམས་དགྱེས། །བདུད་ཀྱི་དཔུང་རྣམས་འདར་འགྱུར་ཏེ། །སངས་རྒྱས་རྡོ་རྗེ་རྗེས་དྲན་བྱེད། །ཞི་བ་སངས་རྒྱས་རྣམས་ཀྱི་ཡུམ། །རྡོ་རྗེ་དམ་ཚིག་གིས་བསྐུལ་ནས། །ཤི་བ་རྣམས་ལ་སྲོག་སྦྱིན་མཛད། །མ་གྲུབ་རྣམས་ལ་གྲུབ་པ་སྩོལ། །བླ་མེད་རྒྱུད་ཀྱི་རྗེས་འབྲངས་ནས། །སེམས་ཅན་ཀུན་ལ་ལེགས་གཟིགས་མ། །སྤྱན་གྱི་སྒྲུབ་ཐབས་བྱས་པ་ཡིས། །འགྲོ་བས་ཡེ་ཤེས་སྤྱན་ཐོབ་ཤོག །བཅོམ་ལྡན་འདས་མ་སངས་རྒྱས་སྤྱན་ཕྱག་བརྒྱད་མའི་སྒྲུབ་ཐབས་འདི་ནི་འཕགས་པས་ས་ཕོ་རྟའི་ལོ། དབྱུ་གུའི་ཟླ་བ་ལ་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*