བསྟོད་པ་རྒྱས་པ།

༼བ༽

 

༄༅། །བསྟོད་པ་རྒྱས་པ་བཞུགས།།

༄༅། །བཅོམ་ལྡན་འདས་འོད་ཟེར་ཅན་མའི་བསྟོད་པ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འོད་ཟེར་དམ་པའི་འོད་མཛད་པས། །སྣང་བ་དམ་པའི་དཔལ་བསྐྱེད་པ། །འོད་ཟེར་ཅན་ལ་ཕྱག་འཚལ་ནས། །དེ་ཉིད་ལ་ནི་བསྟོད་པར་བགྱི། །བཅོམ་ལྡན་རྣམ་སྣང་མཛད་དཔལ་གྱི། །གཉིས་མེད་ཡེ་ཤེས་འོད་ཟེར་ལས། །ཀུན་ནས་ཡོངས་སུ་རྣམ་འཕྲུལ་བ། །འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཉིད་གནས་ནམ་མཁའི་ཀློང་དཀྱིལ་དུ། །ཡྃ་ལས་རླུང་གི་དཀྱིལ་འཁོར་དབུས། །ཧྃ་ལས་སྒྲ་གཅན་འཛིན་ཆེན་པོ། །ཉི་ཟླ་འཛིན་པ་འགྱེལ་པའི་སྟེང༌། །རྃ་ལས་རིན་ཆེན་ཤིང་རྟ་མཆོག །ཕག་བདུན་གྱིས་ནི་དྲངས་པའི་ཁྲིར། །པྃ་ལས་འདབ་བརྒྱད་པདྨའི་དབུས། །རྃ་སྐྱེས་ཉི་མའི་གདན་ལ་འདུད། །དེ་ཡི་སྟེང་དུ་ཨོཾ་ཡིག་ལས། །རྣམ་པར་སྣང་མཛད་ཟླ་བའི་མདོག །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཀུན་ཏུ་ཞལ་ལ་ཕྱག་འཚལ་ལོ། །ཐུགས་ཀར་ཟླ་སྟེང་ས་བོན་མྃ། །སྔགས་ཀྱི་ཕྲེང་དང་བཅས་པའི་འོད། །འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། །འཁྲུངས་པ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་གསེར་མདོག་ཅན། །ཞལ་གསུམ་ཕྱག་བརྒྱད་ཞལ་རེ་ཞིང༌། །སྤྱན་གསུམ་འཛུམ་ཁྲོའི་ཚུལ་ཅན་མ། །གཡོན་བརྐྱང་རོལ་པས་བཞུགས་ལ་འདུད། །ཞལ་གཡས་དམར་ཞིང་རྗེས་ཆགས་མ། །གཡོན་པ་ཕག་ཞལ་དབང་སྔོན་མདོག །རྔམ་ཞིང་ཁྲོ་ལ་དྲག་ཏུ་སྒྲོགས། །རྒྱན་རྣམས་ཀུན་གྱིས་སྒེག་ལ་འདུད། །རྡོ་རྗེ་ལྕགས་ཀྱུ་མདའ་དང་ཁབ། །ཕྱག་གཡས་རྣམས་ཀྱིས་རིམ་བཞིན་བསྣམས། །གཡོན་རྣམས་མྱ་ངན་མེད་དང་གཞུ། །སྐུད་པ་སྡིགས་མཛུབ་བཅས་ལ་འདུད། །ལྭ་བའི་སྟོད་གཡོགས་དམར་པོ་དང༌། །སྣ་ཚོགས་དར་གྱི་ཤམ་ཐབས་ཅན། །སྤྱི་གཙུག་རྣམ་པར་སྣང་མཛད་ཀྱིས། །རྣམ་པར་བརྒྱན་ལ་ཕྱག་འཚལ་ལོ། །ཤར་གྱི་འདབ་མར་ཉི་མའི་སྟེང༌། །མྃ་ཡིག་སྔགས་བཅས་ལས་སྐྱེས་ཞིང༌། །པདྨ་རཱ་ག་ལྟར་སྣང་བའི། །བ་ཏ་ལི་ལ་ཕྱག་འཚལ་ལོ། །ཞལ་གཅིག་ཕྱག་བཞི་ཕག་གདོང་མ། །ཁབ་དང་ལྕགས་ཀྱུ་གཡས་པས་འཛིན། །ཞགས་པ་མྱ་ངན་མེད་པའི་ཤིང༌། །གཡོན་པས་བསྣམས་ལ་ཕྱག་འཚལ་ལོ། །ལྭ་དམར་ཨྃ་ག་རག་དང་ནི། །སྟག་གི་པགས་པའི་སྨད་གཡོགས་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །འཇིགས་གཟུགས་མ་ལ་ཕྱག་འཚལ་ལོ། །མ་རུངས་པ་རྣམས་འགུགས་པ་དང༌། །གསོད་པའི་ལས་ལ་རབ་བརྩོན་ཞིང༌། །ཁྱད་པར་ཀླུ་དང་ས་བདག་རྣམས། །འདུལ་བར་མཛད་ལ་ཕྱག་འཚལ་ལོ། །ལྷོ་ཡི་འདབ་མར་ཉི་མའི་སྟེང༌། །མྃ་ཡིག་སྔགས་བཅས་ལ་སྐྱེས་ཞིང༌། །གསེར་བཟང་འབར་བའི་མདོག་མཚུངས་པ། །བ་ད་ལཱི་ལ་ཕྱག་འཚལ་ལོ། །ཞལ་གཅིག་ཕྱག་བཞི་རབ་མཛེས་མ། །གཡས་པ་ཨ་ཤྭ་ཀ་དང་ཁབ། །གཡོན་པ་གཉིས་ཀྱིས་རྡོ་རྗེ་དང༌། །ཞགས་པ་བསྣམས་པ་ཕྱག་འཚལ་ལོ། །གཞོན་ནུ་ལང་ཚོ་རབ་རྒྱས་ཤིང༌། །སྣ་ཚོགས་དར་གྱི་ན་བཟའ་དང༌། །རིན་ཆེན་རྒྱན་རྣམས་ཀུན་གྱིས་བརྒྱན། །ཡིད་འཕྲོག་མ་ལ་ཕྱག་འཚལ་ལོ། །འགྲོ་ལ་རིན་ཆེན་ཆར་འབེབས་པས། །དབུལ་བའི་འཇིགས་པ་རྣམ་སེལ་ཞིང༌། །གདུག་ཅན་རྣམས་ཀྱི་ཁ་མིག་དང༌། །ཡན་ལག་འཆིང་མཛད་ཁྱོད་ལ་འདུད། །ནུབ་ཀྱི་འདབ་མར་ཉི་མའི་སྟེང༌། །མྃ་ཡིག་སྔགས་བཅས་ལས་སྐྱེས་ཞིང༌། །པུཎྜ་རཱི་ཀའི་མདོག་མཚུངས་མ། །བ་ར་ལི་ལ་ཕྱག་འཚལ་ལོ། །ཞལ་གཅིག་ཕྱག་བཞི་སྤྱན་ཡངས་མ། །ཕྱག་གཡས་རྡོ་རྗེ་དང་ནི་ཁབ། །ཞགས་པ་མྱ་ངན་མེད་པའི་ཤིང༌། །གཡོན་པས་བསྣམས་ལ་ཕྱག་འཚལ་ལོ། །དར་གྱི་ན་བཟའ་རབ་གསོལ་ཞིང༌། །རིན་ཆེན་མེ་ཏོག་ཚོགས་ཀྱིས་སྤྲས། །གཡོན་བརྐྱང་བ་ཡི་སྐྱིལ་ཀྲུང་གིས། །རྣམ་པར་བཞུགས་ལ་ཕྱག་འཚལ་ལོ། །འགྲོ་བ་རྣམས་ཀྱི་སྡིག་པ་དང༌། །གནོད་པ་ཞི་བའི་འོད་མཛད་ཅིང༌། །གདུག་པ་ཅན་རྣམས་རེངས་མཛད་མ། །ལྷ་མོ་དགྱེས་དགུར་སྤྱོད་ལ་འདུད། །བྱང་གི་འདབ་མར་ཉི་མའི་སྟེང༌། །མྃ་ཡིག་སྔགས་བཅས་ལས་སྐྱེས་ཞིང༌། །པདྨ་རཱ་གའི་མདོག་མཚུངས་མ། །བ་ར་ཧ་མུ་ཁེ་ལ་འདུད། །ཞལ་གཅིག་ཕྱག་བཞི་ཕག་གདོང་མ། །སྤྱན་གསུམ་ཕྱག་གཡས་རྡོ་རྗེ་མདའ། །ཞགས་པ་མྱ་ངན་མེད་པའི་ཤིང༌། །གཡོན་པས་བསྣམས་ལ་ཕྱག་འཚལ་ལོ། །སྟོད་གཡོགས་དམར་པོའི་ཨྃ་ག་རག །སྣ་ཚོགས་དར་གྱི་ཤམ་ཐབས་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་སྤྲས། །ཁྲོ་ཞིང་སྒེག་པ་ཁྱོད་ལ་འདུད། །ལྷ་དང་ལྷ་མིན་ཀླུ་དབང་དང༌། །མི་དང་གནོད་སྦྱིན་འབྱུང་པོའི་ཚོགས། །དབང་དུ་སྡུད་ཅིང་མྱོས་མཛད་མ། །ཡིད་འོང་མ་ལ་ཕྱག་འཚལ་ལོ། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །བུམ་བཟང་བདུད་རྩིས་ཡོངས་གང་བས། །པདྨའི་མཚམས་ཀྱི་འདབ་མ་བཞིར། །གནས་པ་ལ་ཡང་ཕྱག་འཚལ་ལོ། །ལྷ་མོ་མཆོག་གི་རྗེས་འབྲངས་པ། །ཉི་མ་ཟླ་བ་སྒྲ་གཅན་དང༌། །གཟའ་དང་རྒྱུ་སྐར་ཐམས་ཅད་དེ། །ཀུན་སྡུད་མ་ལ་ཕྱག་འཚལ་ལོ། །ཕྱོགས་སྐྱོང་རྣམས་དང་ལྷ་རྣམས་དང༌། །རྒྱལ་ཆེན་བཞི་དང་གནོད་སྦྱིན་དང༌། །ཀླུ་དབང་རྣམས་དང་ལྷ་མིན་གྱིས། །མཆོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཉན་ཐོས་རྣམས་དང་རང་རྒྱལ་དང༌། །སེམས་དཔའ་རྣམས་ཀྱིས་བཀུར་བགྱིས་ཤིང༌། །རྒྱལ་བ་ཡིས་ཀྱང་བསྔགས་བགྱིས་པ། །ཕྱག་བྱར་འོས་པ་ཁྱོད་ལ་འདུད། །བསམ་མི་ཁྱབ་པའི་གནས་བརྙེས་མ། །ཁྱེད་ལ་སྐྱེ་འགག་མ་མཆིས་སླད། །འགྲོ་དང་འོང་བ་ག་ལ་མཆིས། །གནས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟ་མོད་ཀྱི་ཀུན་འགྲོ་ཡི། །རྫུ་འཕྲུལ་མཆོག་གི་ཤུགས་བརྙེས་པས། །སྐད་ཅིག་གཅིག་ལའང་ཡུལ་ཀུན་དུ། །ཁྱབ་པར་གཤེགས་པ་ཁྱོད་ལ་འདུད། །དེ་སླད་འདི་ནས་ཁྱོད་བྱོན་ལ། །འདིར་ནི་གཤེགས་པར་འགྱུར་རོ་ཞེས། །སུ་ཞིག་གིས་ནི་བསྟན་པར་ནུས། །དཔག་ཡས་ཁྱོད་ལ་ཕྱག་འཚལ་ལོ། །འོན་ཀྱང་གནས་དུས་ངེས་པ་ལ། །མོས་པའི་འགྲོ་རྣམས་རྗེས་གཟུང་ཕྱིར། །ཉི་མ་ཟླ་བའི་མདུན་ནས་ཁྱོད། །གཤེགས་པར་སྟོན་ལ་ཕྱག་འཚལ་ལོ། །དེ་ལྟ་མོད་ཀྱི་ཉི་འོད་ཀྱིས། །འབྱུང་པོའི་བྱ་རྣམས་ལོང་པ་ལྟར། །ཁྱོད་ཀྱི་འོད་ཀྱིས་རྨུགས་བགྱིས་པའི། །འབྱུང་པོས་ཁྱོད་བལྟར་མི་ནུས་ན། །གཟུང་བ་དང་ནི་བཅིང་བ་དང༌། །དགག་པ་དང་ནི་བརྒལ་བ་དང༌། །དབང་དུ་བགྱི་བར་སྨོས་ཅི་འཚལ། །དབང་ཕྱུག་དམ་པ་ཁྱོད་ལ་འདུད། །ཁྱོད་ལྟ་ཞོག་གི་ཁྱོད་ཀྱི་མཚན། །ཚུལ་བཞིན་འཛིན་པ་གང་ལགས་པ། །དེ་ཡང་དེ་འདྲ་ཉིད་མཛད་པའི། །མཛད་པ་དམ་པ་ཁྱོད་ལ་འདུད། །དེ་སླད་བདག་གིས་ཁྱོད་ཀྱི་མཚན། །འཛིན་ཞིང་ཚུལ་བཞིན་མས་བགྱིས་ཀྱིས། །བདག་ཀྱང་དེ་འདྲར་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བར་མཛད་དུ་གསོལ། །བདག་དང་བདག་གི་གཉེན་བཤེས་ཀུན། །ལམ་དང་དེ་བཞིན་ལམ་ལོག་དང༌། །སྐྱེ་བོས་འཇིགས་དང་རྒྱལ་རིགས་ཀྱི། །འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །དེ་བཞིན་གླང་ཆེན་ཆོམ་རྐུན་དང༌། །སེང་གེ་སྟག་དང་མེ་དང་ཆུ། །སྦྲུལ་དང་དུག་དང་ཕྱིར་རྒོལ་དང༌། །དགྲ་ཡི་འཇིགས་པ་ཀུན་ལས་སྐྱོབ། །བདག་ནི་གནས་སྐབས་ཐམས་ཅད་དུ། །ཇི་ལྟའི་ཚུལ་གྱིས་གནས་ཀྱང་རུང༌། །གདོན་རིམས་འཁྲུག་པ་ཐམས་ཅད་ལས། །ཀུན་ནས་ཡོངས་སུ་བསྲུང་དུ་གསོལ། །ཁྱོད་ལ་ཉེ་བར་བསྟེན་པའི་འབངས། །བདག་ཅག་རྣམས་ལ་འཚེ་བགྱིད་པ། །དེ་དག་ཁྱོད་ཀྱི་མངོན་སྤྱོད་ཀྱི། །ལས་ཀྱིས་གདུལ་བར་མཛད་དུ་གསོལ། །གང་དག་ཁྱོད་ལ་སྐྱབས་པ་དང༌། །གང་གཞན་ཁྱོད་ལ་མི་འདུད་པ། །དེ་དག་མཚུངས་པ་མཛད་ན་ཀོ །གཞན་དུ་ཇི་ལྟར་ཡལ་བར་འདོར། །གདུག་པ་རྣམས་ནི་ཚར་གཅོད་དང༌། །ཉམ་ཐག་དབུགས་འབྱིན་མཛད་པ་དག །ལེགས་པར་སྒྲུབ་པ་རྗེས་འཛིན་པ། །ཁྱོད་ཀྱི་དམ་བཅའ་མ་ལགས་སམ། །གལ་ཏེ་ལས་ལ་རག་ལས་ན། །ལས་ཚུལ་སོ་སོར་སྤྱད་པའི་འབྲས། །དེ་དེས་ཉམས་སུ་མྱོང་བ་ལ། །ཁྱོད་ཀྱིས་ཕྲིན་ལས་ཅི་ཞིག་འཚལ། །དེ་སླད་ཁྱོད་ལ་སྐྱབས་པ་དང༌། །སྐྱོབ་པ་མཆོག་ལ་གསོལ་བ་དང༌། །དེ་ཡི་སྔགས་ལ་འབད་བགྱིས་པའི། །ངལ་བ་འབྲས་བུ་མཆིས་པར་མཛོད། །ནོར་བུ་དཔག་བསམ་ཤིང་སོགས་ཀྱིས། །འགྲོ་བའི་རེ་བ་རྫོགས་བགྱིད་ན། །ཁྱོད་ནི་བརྩེ་ཆེན་ཐམས་ཅད་མཁྱེན། །མཐུ་ཆེན་མངའ་བས་སྨོས་ཅི་འཚལ། །ཞི་དང་རྒྱས་དང་དབང་དང་དགུག །དབྱེ་དང་བསྐྲད་དང་གསད་ལ་སོགས། །བདག་གིས་གང་དག་དོན་གཉེར་བ། །ལས་དེ་དག་ནི་གྲུབ་པར་མཛོད། །རལ་གྲི་མིག་སྨན་རི་ལུ་དང༌། །མི་སྣང་བ་དང་བཅུད་ཀྱིས་ལེན། །རྐང་མགྱོགས་ས་འོག་གཏེར་དང་ནི། །བུ་མོ་དམ་པ་དགུག་པ་དང༌། །རིག་འཛིན་མཁའ་ལ་སྤྱོད་པ་དང༌། །འཁོར་ལོས་སྒྱུར་བའི་དཔལ་རྒྱས་དང༌། །གྲོལ་དང་རྣམ་གྲོལ་མཆོག་རྣམས་ཀྱི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །བཅོམ་ལྡན་འོད་ཟེར་ཅན་མ་ལ། །བསྟོད་པའི་དགེ་བས་བདག་གཞན་ཀུན། །ཆོས་དང་ཕྲིན་ལས་སྣ་ཚོགས་ཀྱིས། །འོད་མཛད་ཆོས་ཀྱི་རྒྱལ་པོར་ཤོག །རྒྱལ་པོ་ཆེན་པོའི་ཕོ་བྲང་དུ་བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་མཆོད་པའི་ཆོ་ག་རྒྱས་པར་བྱེད་པའི་ཆེད་དུ། བསྟོད་པའི་རབ་ཏུ་བྱེད་པ་འདི་ལྕགས་ཕོ་རྟའི་ལོ། །དབྱར་ཟླ་འབྲིང་པོའི་ཚེས་ཉི་ཤུ་ལྔ་ལ། དགེ་སློང་སྔགས་འཆང་བ་འཕགས་པས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*