གཟའ་ཡུམ་གྱི་སྒྲུབ་ཐབས།

༼བ༽

༄༅། །གཟའ་ཡུམ་གྱི་སྒྲུབ་ཐབས་བཞུགས།།

༄༅། །རྗེ་བཙུན་མ་གཟའ་རྣམས་ཀྱི་ཡུམ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཡུམ་ཆེན་མོ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་གྱུར་ཅིག བདེ་བ་དང་མི་འབྲལ་བར་གྱུར་ཅིག ཕན་ཚུན་ཆགས་པ་དང་སྡང་བ་མེད་ཅིང་མཉམ་པ་ཉིད་ཀྱི་དོན་རྟོགས་པར་གྱུར་ཅིག་སྙམ་དུ་ཚད་མེད་པ་བཞི་བསྒོམ། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧྃ་ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཤེས་པ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པར་བསམ། དེ་ལས་འོད་ཟེར་ཕར་འཕྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་ནས་རྡོ་རྗེ་ལ་ཐིམ་ཞིང་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་གཟའི་ཡུམ་དུ་གྱུར་པ་ནི། སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་དྲུག་མ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྩ་བའི་ཞལ་དཀར་བ། གཡས་སྔོ་ཞིང་ཅུང་ཟད་ཁྲོ་བ། གཡོན་དམར་བ། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་ཀྱི་གཉིས་པས་རྡོ་རྗེ། གཡོན་གྱི་གཉིས་པས་པདྨ། འོག་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་བསམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བཀོད་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཡུམ་ཆེན་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བར་སྤྱན་དྲང༌། ཛཿཧཱུྃ་བྃ་ཧོཿས་རང་ལ་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་པས་དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བས། དྲི་མ་ཐམས་ཅད་དག དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང༌། གསང་སྔགས་དང་རིག་སྔགས་ཀྱི་དབང་ཐམས་ཅད་ཐོབ། ཆུ་ལྷག་མ་ཡར་ལུད་པས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ལྟ་བུའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་དེ་སེམས་མཉམ་པར་བཞག སྔགས་ཟློ་བར་འདོད་ན་སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བས་གཡས་སྐོར་དུ་འཁོར་བའི་འོད་ཀྱིས་རང་གི་སྡིག་པ། སྒྲིབ་པ། ནད་དང་བར་དུ་གཅོད་པ་རྣམས་སྦྱངས། ཕྱིར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་བསྐུལ། དེ་རྣམས་ཀྱི་ཡེ་ཤེས་དང་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པས་རང་ལ་བསྟིམ། གཟའ་དང་རྒྱུ་སྐར་དང༌། གདོན་དང༌། འབྱུང་པོའི་ཚོགས་ཐམས་ཅད་ཀྱི་གདུག་པའི་སེམས་ཞི་བར་བྱས་པར་བསམ་ཞིང༌། ཨོཾ་སརྦ་བི་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྙིང་པོ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏྱཻ་སྭཱ་ཧཱ། ཞེས་ཉེ་སྙིང་གང་མོས་ལ་ཅི་ནུས་སུ་བཟླས་སོ། །བཟླས་པ་ཚར་བ་དང་ཨོཾ་སརྦ་བི་དྱཱ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱད་དོ། །གཏོར་མ་གཏོང་བར་འདོད་པས་དཀར་གཏོར་སྦྱངས་པ། ཨོཾ་བཛྲ་ཡཀྵ་ཧཱུྃ་ཞེས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས་མ་དག་པ་བསང༌། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ན་ཧཱུྃ་ཕཊ། ཅེས་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པས། རིན་པོ་ཆེའི་སྣོད་ལྷའི་བདུད་རྩི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པས་གང་བར་བསྐྱེད། ཨོཾ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨཱ་ཎཱྃ། ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་རྗེ་བསྡམས་པའི་ཕྱག་རྒྱ་དང་བཅས་པས་གཏོར་མའི་མགྲོན་རྣམས་ཀྱིས་བཞེད་པའི་དོན་ཐམས་ཅད་འབྱུང་བར་བསམ། དེ་ནས་རང་སྐད་ཅིག་གིས་ཡུམ་ཆེན་མོར་མོས་པའི་ཐུགས་ཀ་ནས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ཡུམ་ཆེན་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། གཟའ་དང་རྒྱུ་སྐར་དང༌། འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ་དབུལ་བར་བསམ་ཞིང༌། ཨོཾ་སརྦ་བི་དྱཱ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་གྲ་ཧ་ན་ཀྵ་ཏྲ་སརྦ་བྷཱུ་ཏེ་བྷྱཿཨི་དྃ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་འབུལ། མེ་ཏོག་ལ་སོགས་པས་མཆོད། འདོད་པའི་དོན་གསོལ་བ་གདབ། དངོས་གྲུབ་མ་ལུས་པ་གནང་བར་བསམ། དེ་ནས་དེ་དག་གི་རྒྱུད་བསྐུལ་བའི་ཕྱིར། ཡུམ་གྱི་མདོ་འདོན་པ་ལ་སོགས་པ་བྱ། མཐར་བཟོད་པར་གསོལ་ནས་གཤེགས་སུ་གསོལ། ཆོ་ག་རྒྱས་པ་གཞན་དུ་ཤེས་པར་བྱའོ། །གཟའ་རྣམས་ཀྱི་ཡུམ་གྱི་སྒྲུབ་པའི་ཐབས་མདོར་བསྡུས་པ། ལས་དང་པོ་པ་རྣམས་ཀྱི་དོན་དུ། འཕགས་པས་མེ་ཕོ་བྱི་བའི་ལོ་ཁྲའི་ཟླ་བའི་ཚེས་ཉི་ཤུ་གསུམ་ལ་ཐང་སྐྱར་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*