སྦྱིན་སྲེག

༼བ༽

༄༅། །སྦྱིན་སྲེག་བཞུགས།།

༄༅། །ལྷ་མོ་འོད་ཟེར་ཅན་གྱི་སྦྱིན་སྲེག་གི་ཆོ་ག རྗེ་བཙུན་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྲིན་ལས་དགེ་བའི་འོད་ཟེར་གྱིས། །འགྲོ་བ་བདེ་ལ་ལེགས་འགོད་པ། །འོད་ཟེར་ཅན་ལ་ཕྱག་འཚལ་ནས། །དེ་ཡི་སྦྱིན་སྲེག་ཆོ་ག་བཤད། །ལྷ་མོ་འོད་ཟེར་ཅན་གྱི་བསྙེན་པ་སྔོན་དུ་སོང་བས། སྔགས་ཀྱི་ནུས་པ་དབྱུང་བ་དང༌། ནད་དང་སྡིག་སྒྲིབ་སྦྱོང་བའི་དོན་དུ། ཞི་བའི་སྦྱིན་སྲེག་བྱེད་པར་འདོད་པས་སའི་ཆོ་ག་བྱས་པའི་ས་ཕྱོགས་དབེན་པར། ཐབ་ཁུང་དཀར་པོ། རྒྱར་ཁྲུ་གང༌། དཔངས་སུ་ཁྲུ་ཕྱེད། ཁ་ཁྱེར་སོར་བཞི་བཀྱེད་ནས། སོར་བཞིའི་འཕངས་སུ་བརྩིགས་པའི་མུ་རན་ལ་རྡོ་རྗེའི་ཕྲེང་བས་བསྐོར་བའི་དབུས་སུ། པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་མྱ་ངན་མེད་པའི་ཤིང་བྲི་བར་བྱའོ། །དེར་དྲི་ཞིམ་ཞིང་ཁ་དོག་དཀར་པོའི་བུད་ཤིང་བརྩིགས་པའི་གཡས་སུ། ཡམ་ཤིང༌། མར། ཏིལ། ཟས་མཆོག འབྲས། སོ་བ། ནས། གྲོ། སྲན་མ། དཱུར་བ། ཀུ་ཤ་རྣམས་རིམ་པ་བཞིན་དགོད་པ་ནི། བསྲེག་རྫས་དང༌། གཡོན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། དཀར་གཏོར་གཉིས་བཤམ་མོ། །དེ་ནས་རང་ཉིད་ཤར་དུ་ཕྱོགས་ཏེ་འདུག་པའི་མདུན་དུ། རྡོ་རྗེ་དྲིལ་བུ་དགང་བླུགས། ཀུ་ཤའི་ཆུན་པོ་བརྒྱད་དང༌། ཨོཾ་བཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ། ཅེས་ཅི་རིགས་པས་བསྔགས་པའི་དྲིའི་ཆུ་བཞག་གོ །སྔོན་དུ་བྱ་བའི་རིམ་པའོ། །དེ་ནས་བདག་བསྐྱེད་བཟླས་པ། བདག་ཉིད་ལ་མཆོད་པ་རྣམས་སྒྲུབ་ཐབས་ལྟར་བྱས་ལ། ཐབ་དང་བསྲེག་རྫས། མཆོད་རྫས་རྣམས་ལ་དྲིའི་ཆུས་གཏོར་ཞིང༌། ཨ་མྲི་ཏས་མ་དག་པ་བསང༌། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧྃ། ཞེས་བརྗོད་པས་སྟོང་པར་བསམ། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེ་དཀར་པོ་ལས་གྲུབ་པའི་ཐབ་ཁུང་མཚན་ཉིད་དང་ལྡན་པར་བུད་ཤིང་གི་རྩིག་པ་དྭངས་ཤིང་ཐོགས་པ་མེད་པར་བསྐྱེད་ནས་ཧཱུྃ་ཞེས་བརྗོད་པས་བྱིན་གྱིས་བརླབ། མཆོད་རྫས་དང༌། བསྲེག་རྫས་རྣམས་ཨོཾ་ཨཱཿཧཱུྃ་ལས་ལྷ་རྫས་ལས་གྲུབ་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བསྐྱེད་ནས། སོ་སོའི་སྔགས་དང༌། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་བོ། །དེ་ནས་འབར་བ་དང་བཅས་པའི་མེས། བུད་ཤིང་ལ་ལན་གསུམ་བསྐོར་ཞིང༌། ཨོཾ་ཨགྣ་ཡཻ་ཛྭ་ལ་རྃ་ཞེས་བརྗོད་ནས་སྤར་བ། དྲིའི་ཆུ་དང་ཨ་མྲྀ་ཏས་བསང་ཞིང༌། སྭ་བྷཱ་ཝས་སྦྱངས་པའི་ངང་ལས། པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ཞུ་བ་ལས། མེ་ལྷ་དཀར་ལ་དམར་བའི་མདངས་ཆགས་པ། ར་སྐྱེས་དམར་པོ་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་དབྱུ་གུ་གསུམ་པ། གཡོན་པ་བགྲང་ཕྲེང་འཛིན་པ། རལ་པའི་ཐོར་གཙུག་ཅན། ཁྲི་སྙན་ས་ལེའི་པགས་པས་སྟོད་གཡོགས་དང༌། མཆོད་ཕྱིར་ཐོགས་འཆང་བ། ཞི་ཞིང་དུལ་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བར་བསྐྱེད་པའི་དཔྲལ་བ། མགྲིན་པ། སྙིང་གར་ཨོཾ་ཨཱཿཧཱུྃ་བཀོད་ནས། རང་གི་སྙིང་གའི་མྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་བར་བསམ་ཞིང་རྡོ་རྗེ་དྲིལ་བུ་འཛིན་པའམ། དབྱུག་གུ་གསུམ་པའི་ཕྱག་རྒྱ་ལས་གཡབ་པའི་ཚུལ་དུ་བྱ་ཞིང༌། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་འབྱུང་པོའི་བདག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས་ལ་ཐབ་ཀྱི་ཤར་ལྷོར་བཞུགས་པ་ལ། ཨོཾ་ཨགྣ་ཡེ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་པདྨའི་གདན་ཕུལ་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་ཀུན་ལ་སྦྱར་ལ། ཨོཾ་ཨརྒྷྃ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱྃ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ། པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། དཱི་པེ་ཨཱཿཧཱུྃ་གིས་མར་མེ། གནྡྷེ་ཨཱཿཧཱུྃ་གིས་དྲི། ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས། ཤཔྡ་ཨཱཿཧཱུྃ་གིས་རོལ་མོ་ཕུལ་ནས། མེ་ལྷའི་ལྕེའི་རྩེ་མོར་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། འོད་ཀྱི་སྦུ་གུ་བྱུང་བ་དགང་བླུགས་ཀྱི་རྃ་ལ་ཕོག་ནས་མར་ཁུ་གསོལ་བར་བསམ་ཞིང༌། ཨོཾ་ཨགྣ་ཡེ་དཱི་པྱཱ་དཱི་པྱཱ་བི་ཤུདྡྷ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་བདག་གི་སྡིག་པ་དང་སྒྲིབ་པ་དང༌། ནད་དང་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱོན་ཟན་དབུལ་ལོ། །དེ་ནས་རང་གི་སྙིང་ག་ནས། ལྕགས་ཀྱུ་ཞགས་པ། ལྕགས་སྒྲོག རྡོ་རྗེ་དྲིལ་བུ་འཛིན་པའི་ལྷ་མོ་རྣམས་སྤྲོས་པས། མེ་ལྷ་དམ་ཚིག་པ་ལ་བསྟིམ་པར་བསམ་ཞིང༌། ཨོཾ་ཨེ་ཧྱེ་ཧི་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་གྷཎྜེ་ཧོཿཞེས་བརྗོད་པས་གཉིས་སུ་མེད་པར་བསྟིམ་མོ། །ཡང་སྙིང་གའི་ས་བོན་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲང༌། ཨརྒྷཾ་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ་ཞེས་གསུང་ཞིང༌། བུམ་པའི་ཆུས་དབང་བསྐུར་བས་དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་དེ་ཉིད་མཆོད་པ་དང༌། གནས་བསྲུང་བའི་དོན་དུ་ཀུ་ཤ་རྣམས། ཨོཾ་ཨགྣ་ཡེ་བདག་ཅག་ལ་གེགས་མེད་པར་མཛོད་ཅིག ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་བརྗོད་ཅིང་ཐབ་ཀྱི་ཕྱོགས་མཚམས་བརྒྱད་ནས་དབུལ་ལོ། །མཆོད་ཡོན་ལ་སོགས་པས་མཆོད་པ་རྣམས་གོང་དུ་བརྗོད་པའི་ཚུལ་གྱིས་ཕུལ་ནས། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཁྲོ་བོས་དབང་བསྐུར་ཞིང༌། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་དོ། །དེ་ནས་བསྲེག་རྫས་རྣམས་ཨོཾ་ཨགྣ་ཡེ། བདག་ཅག་གི་སྡིག་པ་དང༌། སྒྲིབ་པ་དང༌། ནད་དང༌། གདོན་དང༌། བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་ཐོག་མ་དང་ཐ་མར་སྤེལ་ཚིག་དང་བཅས་པ་དང༌། བར་དུ་སྤེལ་ཚིག་མེད་པར་གྲངས་ཉི་ཤུ་རྩ་གཅིག་ཙམ་རེ་དབུལ་ཏེ། གོ་རིམ་ནི་བཤམས་པའི་སྐབས་སུ་བཤད་པ་ལྟར་རོ། །སླར་ཡང་སྔར་ལྟར་མཆོད་ཅིང་བསྟོད་ལ། འདོད་པའི་དོན་གསོལ་བ་བཏབ་ནས། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ་ཞེས་བརྗོད་ནས། མར་གྱི་བླུགས་གཟར་གཅིག་བླུགས་པས་མེ་ལྷ་འབར་བའི་མེར་གྱུར་པར་བལྟའོ། །འཇིག་རྟེན་པའི་མེ་ལྷ་མཆོད་པའོ།།  །།དེ་ནས་མེ་འབར་བའི་དབུས་སུ་རྗེ་བཙུན་མ་འོད་ཟེར་ཅན་བདག་བསྐྱེད་ལྟར་བསྐྱེད་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་བཀོད་ནས་རང་གི་སྙིང་ག་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས། འོད་ཟེར་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲང་བར་བསམ་ཞིང༌། རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །རྒྱལ་བ་མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་སཏྭ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿཞེས་བརྗོད་ནས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་མཱ་རཱི་ཙྱཻ་ཨརྒྷཾ་ལ་སོགས་པས་མཆོད་ཅིང་བསྟོད་ནས། མེ་ལྷའི་སྐབས་ལྟར་ལྷ་མོ་བཞིས་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ། སྒྲུབ་ཐབས་ལྟར་དབང་བསྐུར། རིགས་ཀྱི་བདག་པོའི་རྒྱས་གདབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཆོས་སྐྱོང་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྐོར་བར་དམིགས་པ་ལ། སྔ་མ་ལྟར་བྱོན་ཟན་དབུལ་བར་བསམ་ཞིང༌། ཨོཾ་མཱ་རཱི་ཙྱཻ་ཨགྣ་ཡེ་སྭཱ་ཧཱ་ཞེས་བདུན་ནམ། ཉི་ཤུ་རྩ་གཅིག་གིས་བྱོན་ཟན་དབུལ་ལོ། །དེ་ནས་ཨོཾ་མཱ་རཱི་ཙྱཻ་སརྦ་བུདྡྷ་བོ་དྷི་སཏྭཱ་ཡ་ཞེས་ཀུན་ལ་སྦྱར་ལ་ཨརྒྷཾ་ནས་ཤཔྡའི་བར་ཕྱིའི་མཆོད་པས་མཆོད་ལ། བསྟོད་པ་རྣམས་ཀྱིས་བསྟོད་ནས། བསྲེག་རྫས་སོ་སོར་ཕུལ་བས་ཡམ་ཤིང་གིས་གཟི་བརྗིད་དང༌། མར་གྱིས་ཚེ་འཕེལ་ཞིང་ཏིལ་གྱིས་ནད་དང་བར་དུ་གཅོད་པ་ཞི་བ་དང༌། ཟས་མཆོག་གིས་ཕུན་སུམ་ཚོགས་པ་འཕེལ་བ་དང༌། འབྲས་ལ་སོགས་པའི་འབྲུ་རྣམས་ཀྱིས་ལོངས་སྤྱོད་དང་དཔལ་འབྱོར་འཕེལ་བ་དང༌། དཱུར་བས་ཚེ་འཕེལ་བ་དང༌། ཀུ་ཤས་བགེགས་དང་བར་ཆད་ཞི་བའི་དངོས་གྲུབ་གནང་བར་བསམ་ཞིང༌། ཨོཾ་མཱ་རཱི་ཙྱཻ་བདག་ཅག་གི་སྡིག་པ་དང༌། སྒྲིབ་པ་དང༌། ནད་དང༌། གདོན་དང༌། བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་ཐོག་མ་དང་ཐ་མར་སྤེལ་ཚིག་དང་བཅས་པ་དང༌། བར་དུ་སྤེལ་ཚིག་མེད་པའི་སྔགས་འབའ་ཞིག་གིས་བརྒྱ་རྩ་གཅིག་ལ་སོགས་པ་དབུལ་ལོ། །ཞི་བའི་སྦྱིན་སྲེག་གི་རྫས་ཀྱི་དངོས་གཞི་ཡིན་པའི་ཕྱིར། ཏིལ་ལ་བཅོམ་ལྡན་འདས་མའི་སྔགས་འབའ་ཞིག་གིས་སྟོང་ལ་སོགས་པ་དབུལ་ལོ། །གལ་ཏེ་སྦོད་གཏོང་དང༌། བྱད་སྟེམས་ལ་སོགས་པ་ཡོད་ཀྱིས་དོགས་ན། ཏདྱ་ཐཱ། ཨོཾ་བ་ཏ་ལི་ནས་མོ་ཧ་ཡའི་བར་བརྗོད་པའི་མཐར། ཕ་རོལ་གྱི་སྦོད་གཏོང་དང༌། བྱད་སྟེམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་ཅིང༌། བརྒྱའམ་སྟོང་ལ་སོགས་པ་ཅི་རིགས་པ་དབུལ་ལོ། །བར་སྐབས་སུ་མེ་གསོ་བའི་ཕྱིར། བུད་ཤིང་བསྣན་ཞིང༌། ཡམ་ཤིང་དང་མར་ཡང་ཅི་རིགས་སུ་དབུལ་ལོ། །དེ་ལྟར་བསྲེག་རྫས་རྣམས་ཕུལ་བ་རྫོགས་པའི་མཐར་ཡང་སྙིང་སྤེལ་ཚིག་དང་བཅས་པའི་དགང་བླུགས་གསུམ་བྱོན་ཟན་གྱི་སྐབས་ལྟར་དབུལ་ལོ། །དེ་ནས་མཆོད་ཅིང་བསྟོད་ལ། སྒྲུབ་ཐབས་ནས་འབྱུང་བ་ལྟར་གཏོར་མ་ཕུལ་ནས། བཅོམ་ལྡན་འདས་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བདག་གི་སྡིག་པ་དང་སྒྲིབ་པ་དང༌། ནད་དང༌། གདོན་དང༌། ཕྱི་ནང་གི་བར་དུ་གཅོད་པ་དང༌། མི་དང་མི་མ་ཡིན་པའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བྱ་བ་ལ་སོགས་པ་འདོད་པའི་དོན་གསོལ་བ་བཏབ་པས། ཇི་ལྟར་གསོལ་བ་བཏབ་པ་ལྟར་གནང་བར་བསམ་མོ། །དེ་ནས་མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ལན་གསུམ་གྱིས་བཟོད་པར་གསོལ་ནས། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པ་དང༌། ཡི་གེ་བརྒྱ་པའི་མཐར་བཛྲ་མུཿཞེས་བརྗོད་པས་ཡེ་ཤེས་པ་གཤེགས་སུ་གསོལ་ནས། ཐལ་བ་ཅུང་ཟད་རང་གི་དཔྲལ་བ། མགྲིན་པ་སྙིང་གར་བསྐུས་ནས། དམ་ཚིག་པ་བདག་ལ་བསྡུའོ། །འདས་པའི་མེ་ལྷ་མཆོད་པ་སྟེ་དངོས་གཞིའོ། །དེ་ནས་ཐབ་ཏུ་མར་དགང་གཟར་གང་བླུགས་ནས། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ཞེས་བརྗོད་པས། མེ་འབར་བའི་དབུས་སུ་མེ་ལྷ་སྔར་བཞིན་གསལ་བར་དམིགས་ལ་མཆོད་ཅིང་བསྟོད་དོ། །བསྲེག་རྫས་རྣམས་བདུན་བདུན་ནམ། ཉི་ཤུ་རྩ་རེ་རེ་སྔར་ལྟར་ཕུལ་ལ། བྱོན་ཟན་གྱི་སྐབས་ལྟར་དགང་བླུགས་གསུམ་ཕུལ་ནས། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། ཨོཾ་ཨགྣ་ཡེ་ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ། གྲྀཧྞཱ་པ་ཡ། མ་མ་སརྦ་པཱ་པཾ་སརྦ་བིགྷྣཱན། སརྦ་ཨུ་པ་དྲ་བྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་ཕུལ་ལ་སླར་ཡང་མཆོད་ཅིང་བསྟོད་དེ། འདས་པའི་སྐབས་ལྟར་འདོད་པའི་དོན་གསོལ་བ་བཏབ་ནས། བཟོད་པར་གསོལ་ལ་སྤྱན་འདྲེན་པའི་ཕྱག་རྒྱ་ལས་ཕྱིར་བཀྱེད་དེ། བདག་གི་དོན་དང་གཞན་གྱི་དོན། །བསྒྲུབས་ཀྱིས་བཞུད་ཅིག་བྱིན་ཟ་ཁྱོད། །སླར་ཡང་དུས་བཞིན་ཅི་ནས་བྱོན། །བདག་གི་ལས་རྣམས་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་བཛྲ་མུཿཞེས་བརྗོད་པས་རང་གི་གནས་སུ་གཤེགས་སུ་གསོལ་ལ། དམ་ཚིག་པ་རང་ལ་བསྡུའོ། །དེ་ནས་ལས་ཀྱི་རྗེས་བསྡུས་ཏེ། ཐལ་བ་རོལ་མོ་དང་བཅས་པས་ཆུ་བོ་ཆེན་པོར་དོར་ལ། དགའ་སྟོན་ལ་ལོངས་སྤྱོད་ཅིང༌། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པ་དང༌། སྨོན་ལམ་རྒྱ་ཆེན་པོ་གདབ་བོ། །གལ་ཏེ་གཞན་གྱི་དོན་དུ་བྱེད་པར་འདོད་ན། བསྒྲུབ་བྱ་དེ་ཉིད་ལ་དམིགས་ཤིང༌། མིང་དང་སྤེལ་ཏེ་བསྲེག་བླུགས་ཕུལ་བས་དེའི་དོན་དུ་འགྱུར་བ་ཉིད་དོ། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་རབ་ཏུ་སྟེར། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །དེ་ཀུན་སྦྱིན་སྲེག་གིས་ནི་དགང༌། །ཞེས་འབྱུང་བས། སྔགས་ཀྱི་ནུས་པ་འབྱིན་པ་དང༌། བྱང་ཆུབ་བསྒྲུབ་པ་དང༌། ཐུན་མོང་གི་ལས་བསྒྲུབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར། ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་རིམ་པ་འདི་སྦྱར་བའོ། །དེ་ལྟར་འོད་ཟེར་ཅན་གྱི་སྦྱིན་སྲེག་གི །ཆོ་ག་བཤད་པའི་དགེ་བའི་མེ་འོད་ཀྱིས། །སྲིད་པའི་སྡུག་བསྔལ་མ་ལུས་རྣམ་བསྲེགས་ནས། །ཀུན་མཁྱེན་ཡེ་ཤེས་སྣང་བ་འབར་བར་ཤོག །ལྷ་མོ་འོད་ཟེར་ཅན་གྱི་སྦྱིན་སྲེག་འདི་ནི། རང་གི་སློབ་མ་ལོ་ཙཱ་བ་སྃ་གྷ་ཞེས་བྱ་བས་བསྐུལ་བའི་དོན་དུ། འཕགས་པས་ས་མོ་ཡོས་བུའི་ལོ་དབྱར་ཟླ་འབྲིང་པོའི་ཚེས་ཉི་ཤུ་གསུམ་ལ་ཆུ་མིག་དཔལ་གྱི་སྡེ་ཆེན་དུ་སྦྱར་བའི་ཡི་གེ་པ་ནི་ཀུན་དགའ་དཔལ་ལོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*