རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་གཟུངས་ཆོག་དང་བཅས་པ།

༼ཕ༽

༄༅། །རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་གཟུངས་ཆོག་དང་བཅས་པ་བཞུགས།།

༄༅། །རྗེ་བཙུན་མ་རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། རི་ཁྲོད་གནས་སུ་རི་ཁྲོད་མའི། །རྣམ་པར་འཕྲུལ་པ་ཀུན་འཕྲུལ་ནས། །འགྲོ་བའི་རིམས་སོགས་སེལ་མཛད་པ། །རི་ཁྲོད་ལོ་མ་ཅན་ལ་འདུད། །རི་ཁྲོད་དཔལ་མོ་མཉེས་བྱས་པས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་མ་ལུས་ཐོབ་བྱའི་ཕྱིར། །དེ་ཡི་བསྒྲུབ་པའི་རིམ་པ་བཤད། །དེ་ལ་འདིའམ་གཞན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའམ། ཡང་ན་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་ཐོབ་ཅིང༌། འདིའི་གདམས་པ་དང་རྗེས་སུ་བསྟན་པའི་ལུང་ཐོབ་པ། འདི་བསྒོམ་པར་འདོད་པས་སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ། འཕགས་མ་རི་ཁྲོད་ལོ་མ་ཅན་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད། དེ་ནས་རང་གི་སྙིང་གི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་བསྒོམ་པར་བྱ་བའི་ལྷའི་ཁ་དོག་ཅན་གྱི་པྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ལྷ་མོ་རི་ཁྲོད་ལོ་མ་ཅན་གྱི་དབུ་རྒྱན་དུ་བླ་མ་མི་བསྐྱོད་པའི་རྣམ་པ་ཅན་དུ་བཞུགས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱཿས་བླ་མ་དང༌། ན་མཿཔརྞ་ཤ་ཝ་རྻི། ཞེས་པས་ལྷ་མོ་ལ་ཕྱག་འཚལ་ནས། རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། ཨོཾ་པརྞ་ཤ་ཝ་རྻཻ། ཞེས་ཀུན་ལ་སྦྱར་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས། བཛྲ་ཤབྡ་ཨཱཿཧཱུྃ་གིས་རོལ་མོ་ཕུལ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་དོན་བསམས་བཞིན་པས་ལན་གསུམ་བརྗོད་ནས། སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག སྡུག་བསྔལ་དང་བྲལ་བར་གྱུར་ཅིག བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་བསྒོམས་པས། བསོད་ནམས་ཀྱི་ཚོགས་བསགས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས། བདག་དང་སྣང་བ་ཐམས་ཅད་མི་དམིགས་པའི་སྟོང་པར་བསྒོམ། སྟོང་པའི་ངང་ལས་རིན་པོ་ཆེའི་རི་བོ་ལྗོན་ཤིང་སྣ་ཚོགས་པའི་ནགས་ཚལ་དང་མེ་ཏོག་གི་ཚོགས་ཀྱིས་བརྒྱན་པའི་སྟེང་དུ། པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཤེས་པ་པྃ་གྱི་ཡི་གེ་གསེར་གྱི་མདོག་ཅན་དུ་བསམ། དེ་ལས་འོད་ཟེར་འཕྲོས་པས། སེམས་ཅན་གྱི་དོན་བྱས། ཁྱད་པར་དུ་ནད་དང་སྡུག་བསྔལ་ཐམས་ཅད་བསལ། སླར་འདུས་ནས་པྃ་ལ་ཐིམ་ཞིང་དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་ཅན་དུ་གྱུར་པ་ནི་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞབས་གཡས་པའི་རྟིང་པས་འོག་གི་ཕྱོགས་བརྟེན་ཞིང་པུས་མོ་གདན་ལ་བཙུགས་པ། གཡས་པས་བཞེངས་སྟབས་སུ་མཛད་པ། རྣམ་པར་བསྒྱིངས་པའི་སྟབས་ཀྱིས་བཞུགས་པ། ཞལ་གསུམ་ཕྱག་དྲུག་མ། རྩ་བའི་ཞལ་སེར་ཞིང་འཛུམ་ཁྲོའི་རྣམ་པ་ཅན། གཡས་པའི་ཞལ་དཀར་ཞིང་ཞི་བ། གཡོན་པ་དམར་ཞིང་ཆགས་པའི་ཉམས་ཅན། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་ཐུགས་ཀར་རྡོ་རྗེ་དང༌། གཉིས་པས་དགྲ་སྟྭ་འདེབས་པའི་ཚུལ་དང༌། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོས་སྡིགས་མཛུབ་ལ་རྡོ་རྗེ་ཞགས་པས་དཀྲིས་པ། གཉིས་པས་མེ་ཏོག་དང་འབྲས་བུས་སྤུད་པའི་ཤིང་ལོ་གསར་པའི་སྦྲང་གཡབ་དང༌། གསུམ་པས་གཞུ་འཛིན་པ། རིན་པོ་ཆེ་དུ་མ་དང་མེ་ཏོག་སྣ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང༌། ལྷ་རྫས་ཀྱི་ན་བཟའ་དམར་པོའི་སྟོད་གཡོགས་ཅན། མེ་ཏོག་དང་འབྲས་བུ་དུ་མས་སྤྲས་པའི་ཤིང་ལོ་གསར་པ་གཤིབས་པའི་སྨད་གཡོགས་ཅན། རབ་ཏུ་ཞི་ཞིང་མཛེས་པ། སྦྲུལ་དཀར་པོས་སེ་རལ་ཁར་བྱས་པ། རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང༌། ལང་ཚོ་ལ་བབ་པའི་སྐུ། ཤིན་ཏུ་མཛེས་ཤིང་གྲིམས་ལ། ཅུང་ཟད་ཁྲོ་བའི་ཚུལ་ཅན་དུ་བསྒོམ་པར་བྱའོ། །ཡང་ན་ཕྱག་གཉིས་པར་བསམ་པར་བྱ་སྟེ། སྐུ་མདོག་དམར་མོར་ཞལ་གཅིག་ཕྱག་གཉིས་མ། གཡས་པས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་བགེགས་ཀྱི་ཚོགས་ལ་བསྣུན་པར་མཛད་ཅིང༌། གཡོན་པ་ཐུགས་ཀར་སྡིགས་མཛུབ་མཛད་པས་གནོད་པར་བྱེད་པ་ཐམས་ཅད་ཀུན་དུ་གཟིར་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་ཁྲོ་གཉེར་བསྡུས་པ། མཆེ་བ་རྣམ་པར་གཙིགས་ཤིང་ལྟོ་བ་འཕྱངས་པ། སྐུ་ཐུང་ཞིང་སྦོམ་ལ་བརྗིད་པ། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། རུས་པ་དང་རིན་པོ་ཆེ་དང་སྦྲུལ་གདུག་པའི་རྒྱན་གྱིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བསྒོམ་པར་བྱའོ། །ཡང་ན་ཕྱག་བཞི་པ་བསྒོམ་པར་བྱ་སྟེ། ཞལ་གཅིག་ཕྱག་བཞི་མ་སྐུ་མདོག་སྟོན་ཀའི་ནམ་མཁའ་ལྟར་སྔོ་ཞིང་དྭངས་པ། ཕྱག་གཡས་ཀྱི་དང་པོ་མཆོག་སྦྱིན་གྱི་ཕྱག་རྒྱས། ལྷའི་དཔག་བསམ་གྱི་ཤིང་ལས་འཁྲུངས་པའི་འབྲས་བུས་འགྲོ་བའི་ནད་ཐམས་ཅད་སེལ་བར་མཛད་པ་ཡིན་ཞིང༌། གཉིས་པས་དགྲ་སྟྭ་བསྣམས་པས་གདུག་པ་ཅན་རྣམས་ལ་བསྣུན་པར་མཛད་པ། གཡོན་ཀྱི་དང་པོས་རྡོ་རྗེ་ཞགས་པས་བགེགས་ཀྱི་ཚོགས་འཆིང་ཞིང༌། གཉིས་པས་ནོར་བུའི་ཡུ་བ་ཅན་གྱི་རྔ་ཡབ་དཀར་པོས་གདུལ་བྱ་རྣམས་ཀྱི་ནད་སེལ་བར་མཛད་པ། ཤིན་ཏུ་མཛེས་པའི་སྐུ། སྒེག་པ་དང་ཁྲོ་བའི་ཉམས་ཅན། ཞི་བ་དང་དྲག་པོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། ཤིང་ལོ་གསར་པ་རྣམ་པར་བཀྲམ་པའི་སྟོད་གཡོགས་དང༌། སྟག་གི་པགས་པའི་སྨད་གཡོགས་མནབས་པ། གཡས་ཅུང་ཟད་བསྐུམ་ཞིང་གཡོན་བརྐྱང་པའི་སྟབས་ཀྱིས་བཞེངས་པ། ཉི་མའི་དཀྱིལ་འཁོར་གྱི་རྒྱབ་ཡོལ་ཅན་དུ་བསྒོམ་པར་བྱའོ། །འདི་དག་དུས་གཅིག་ལ་གསུམ་ཀ་བསྒོམ་པར་བྱ་བ་ནི་མ་ཡིན་ཏེ། གང་ལ་མོས་པ་དེ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པའི་དཔྲལ་བར་ཨོཾ་དཀར་པོ་དང༌། མགྲིན་པར་ཨཱཿདམར་པོ་དང༌། སྙིང་གར་ཧཱུྃ་སྔོན་པོ་དང༌། སྙིང་གི་ནང་དུ་ཉི་མ་ལ་གནས་པའི་པྃ་རང་གི་ཁ་དོག་དང་མཐུན་པར་བསྒོམ་པར་བྱའོ། །དེ་ནས་པྃ་ལས་སྣ་ཚོགས་པའི་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་རི་ཁྲོད་ལོ་མ་གྱོན་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་པ་ལ་སྔར་བཞིན་མཆོད་ནས། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་རང་དང་གཉིས་སུ་མེད་པར་བསྟིམ་མོ། །ཡང་པྃ་གྱི་ཡི་གེ་དེ་ཉིད་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་སྤྱན་དྲངས་པ་ལ་སྔ་མ་ལྟར་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག གསང་སྔགས་དང་ཕྲིན་ལས་ཐམས་ཅད་ལ་དབང་བར་བྱས། ཆུ་ལྷག་མ་སྤྱི་བོར་ལུད་པས། དབང་རྟགས་སུ་གྱུར་པ་ནི། ཕྱག་དྲུག་མ་ལ་མི་བསྐྱོད་པ། གཉིས་པ་ལ་འོད་དཔག་ཏུ་མེད་པ། བཞི་པ་ལ་དོན་ཡོད་གྲུབ་པར་བལྟའོ། །དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་ནང་གི་གཟུགས་བརྙན་ལྟ་བུ་ལ་རང་གི་སེམས་གཏད་ནས་མཉམ་པར་གཞག་གོ །གང་གི་ཚེ་སྔགས་ཟློ་བར་འདོད་ན། དེའི་ཚེ་སྙིང་གི་ནང་གི་པྃ་གྱི་མཐའ་མར་སྔགས་ཀྱི་ཕྲེང་བ་གཡས་ཕྱོགས་སུ་འཁོར་བའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་བདག་གི་རྒྱུད་བྱིན་གྱིས་རློབ་ཅིང༌། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དང་ནད་ཐམས་ཅད་བསལ་བར་བསམས་ལ། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ཎཱ་ཡ་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླ་བར་བྱ་སྟེ། སྙིང་པོའི་སྔགས་སོ། །ཨོཾ་པི་ཤཱ་ཙི་པརྞ་ཤ་པ་རཱི་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ཉེ་བའི་སྙིང་པོའོ། །འདིའི་རྩ་བའི་སྔགས་ཟློ་བར་འདོད་ན། གཟུངས་ཉིད་ནས་འབྱུང་བ་བཞིན་བཟླ་བར་བྱའོ། །བསྙེན་པའི་གྲངས་ནི། རྩ་བའི་སྔགས་འབུམ་ཕྲག་གཅིག སྙིང་པོ་འབུམ་ཕྲག་ཉི་ཤུ། ཡང་སྙིང་འབུམ་ཕྲག་བཅོ་ལྔས་ཇི་སྐད་བཤད་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །སྔགས་ཀྱི་བཟླས་པའི་ཆོ་གའོ། །དེ་ནས་རང་དང་གཞན་གྱི་དོན་དུ་བུམ་པའི་ཆོ་ག་བྱེད་པར་འདོད་པས། བ་བྱུང་ལྔ་དང་དྲི་བཟང་པོས་བྱུགས་པའི་མཎྜལ་ལ་ཚོན་རྩི་དཀར་པོས་པདྨ་འདབ་མ་བརྒྱད་པ་བྲིས་པའི་དབུས་དང༌། འདབ་མ་བརྒྱད་ལ་མེ་ཏོག་གི་ཚོམ་བུ་བཀོད་པའི་དབུས་སུ་བུམ་པ་མཚན་ཉིད་དང་ལྡན་པ། དར་རམ་རས་དཀར་པོའི་མགུལ་ཆིངས་པྲོག་ལྔའམ། བདུན་དང་ལྡན་པས་བཅིང༌། འབྲས་བུ་ཅན་གྱི་ཤིང་གི་རྩེ་མོ་མ་ཉམས་པའི་ཆུན་པོས་ཁ་བརྒྱན་ནོ། །རིན་པོ་ཆེ་ལྔ་དང༌། སྨན་ལྔ། དྲི་ལྔ། སྙིང་པོ་ལྔ། འབྲུ་ལྔ་དང་བཅས་པའི་ཆུ་གཙང་མས་བཀང་པ་བཞག་པའི་སྟེང་དུ། རིན་པོ་ཆེའི་སྡེར་མ་འབྲུས་གང་བའི་ནང་དུ། དེ་བཞིན་གཤེགས་པའི་རིང་བསྲེལ་དང༌། འདི་ཉིད་ཀྱི་གཟུངས་བཞུགས་ཤིང༌། རབ་གནས་དང་ལྡན་པའི་མཆོད་རྟེན་བཞུགས་སུ་གཞུག དེའི་སྟེང་དུ་གདུགས་དཀར་པོ་དབུབ། ཕྱོགས་བཞིར་མེ་ཏོག་དཀར་པོའི་ཕྲེང་བ་རེ་གདགས། བྲེའམ་ཏོག་ལ་གཟུངས་ཐག་ཀྱང་བཅིང་ངོ༌། །ཁོར་ཡུག་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གཞན་ཡང་མཆོད་རྫས་ཀྱིས་བསྐོར། སྨན་དང༌། དཀར་གསུམ་མངར་གསུམ་གྱིས་བརྒྱན་པའི་གཏོར་མ་དང༌། དམར་གཏོར་དང༌། ཡང་དཀར་གཏོར་གསུམ་དང༌། དམར་གཏོར་གཉིས་དང༌། དཀར་གཏོར་གཅིག གང་འོས་པའི་གཏོར་མ་གཅིག་སྟེ་གཏོར་མ་དགུ་བཤམ་མོ། །དེ་ནས་རང་ཉིད་ཁྲུས་བྱས། གོས་གཙང་མ་གྱོན། དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས་གསོ་སྦྱོང་བླངས་ལ། གོང་དུ་བསྟན་པ་ལྟར་བདག་བསྐྱེད་བསྒོམས་ལ་བཟླས་པ་ཅི་རིགས་པ་བྱའོ། །དེ་ནས་དྲི་བཟང་གི་ཆུ་ཀུ་ཤས་བུམ་པ་དང་མཆོད་པ་རྣམས་ལ་གཏོར་ཞིང༌། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་པས་མ་དག་པ་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་མཆོད་རྫས་རྣམས། ཨོཾ་ཨཱཿཧཱུྃ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་པ་ངོ་བོ་བཟང་ཞིང་རྒྱ་ཆེ་བ་དཔག་ཏུ་མེད་པ་བསྐྱེད་ནས་སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །མཆོད་རྫས་རྣམས་ཀྱི་དབུས་སུ་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་ཤིང་མགྲིན་པ་ཕྲ་བ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་ཞིང་ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་པའི་སྟེང་དུ་བྷཱུྃ་ལས་རིན་པོ་ཆེའི་མཆོད་རྟེན་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཡངས་ཤིང་རྒྱ་ཆེ་བ་བསྐྱེད་ལ། མཆོད་རྟེན་གྱི་བུམ་པའི་ནང་དུ་སྔར་བཤད་པའི་ཚུལ་གྱིས་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་ཅན། ཡན་ལག་བཞི་རྫོགས་སུ་བསྐྱེད་དོ། །དེའི་ཕྱི་རོལ་གྱི་སྟེང་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང༌། ཁོར་ཡུག་ཏུ་ཆོས་སྐྱོང་བའི་སྲུང་མ་དང༌། འཇིག་རྟེན་པ་ཐམས་ཅད་ཀྱིས་བསྐོར་བ་བལྟའོ། །དེ་དག་གོང་དུ་བསྟན་པའི་མཆོད་པ་རྣམས་ཀྱིས་རིམ་པ་བཞིན་དུ་མཆོད་པར་བསམ་ཞིང༌། འཇིག་རྟེན་ཁམས་འདི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །རི་ཁྲོད་ལོ་མ་གྱོན་མ་དང༌། །རྒྱལ་བ་འཁོར་དང་བཅས་ལ་འབུལ། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ནད་དང་བགེགས་རྣམས་ཞི་བ་དང༌། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས་མཆོད་ཡོན། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་དང༌། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་གིས་ཞལ་བསིལ་དང༌། མེ་ཏོག་དང༌། པུཥྤཾ། བདུག་སྤོས་དང༌། དྷཱུ་པཾ། མར་མེ་དང༌། དཱི་པྃ། དྲི་ཆབ་དང༌། གྷནྡྷཾ། ཞལ་ཟས་དང༌། ནཻ་ཝི་དྱ། སིལ་སྙན་དང༌། ཤབྡ། ཞེས་པ་རྣམས་ཀྱིས་མཆོད་ནས། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡིས། །ཆོ་འཕྲུལ་རྣམ་པར་འཕྲུལ་བ་ལས་བྱུང་བའི། །ལྷ་མོ་གང་གི་སྒྲུབ་པོའི་ནད་གདོན་བགེགས། །ཀུན་ནས་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞིང་དང་ཡུལ་རྣམས་ཀུན་དུ་རྣམ་འཕྲུལ་ཞིང༌། །ཁྱད་པར་རི་ཁྲོད་གནས་སུ་རྣམ་རོལ་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་ཀུན་སྩོལ་བ། །རི་ཁྲོད་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཞལ་དང་ཕྱག་ཞབས་སྣ་ཚོགས་དང༌། །སྣ་ཚོགས་མདོག་དང་སྣ་ཚོགས་ཆ་ལུགས་དང༌། །སྣ་ཚོགས་རྒྱན་དང་སྣ་ཚོགས་ཕྱག་མཚན་གྱིས། །རྣམ་པར་སྒེག་པ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱད་པར་གང་གིས་འདུལ་བའི་དུས་མཁྱེན་ནས། །མེ་ཏོག་འབྲས་བུ་དུ་མས་རྣམ་སྤུད་པའི། །ཤིང་ལོ་གསར་པའི་ན་བཟས་རབ་ཀླུབས་པ། །ལོ་མ་གྱོན་མ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་གི་རིག་སྔགས་ཞི་བའི་ང་རོ་ཡིས། །འགྲོ་བའི་རིམས་དང་སྡུག་བསྔལ་ཞི་མཛད་ཅིང༌། །དྲག་པོའི་གསང་སྔགས་འབྲུག་ལྟར་ཆེར་བསྒྲགས་པས། །གདུག་པ་འཇོམས་མཛད་དེ་ལ་ཕྱག་འཚལ་ལོ། །ཉིད་ཐུགས་ཞི་བས་འགྲོ་བ་ཞི་མཛད་ཅིང༌། །བརྩེ་བས་རྗེས་ཆགས་དགེས་པ་ཆེན་པོ་ཡིས། །ཚེ་དང་དཔལ་འབྱོར་རྣམ་པར་རྒྱས་མཛད་མ། །རྣམ་གྲོལ་ཡངས་པའི་ཐུགས་མངའ་ཁྱོད་ལ་འདུད། །སྒྲུབ་དང་བཟླས་བརྗོད་བརྩོན་པས་ཁྱོད་ཀྱི་ཐུགས། །བསྐུལ་བས་བདག་ལ་བརྩེ་བས་ཉེར་དགོངས་ནས། །བགེགས་དང་ནད་སོགས་སྡུག་བསྔལ་ཞི་བ་དང༌། །ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །སྐྱེ་བ་ཀུན་དུ་བདག་གི་མགོན་མཛད་དེ། །ཉམ་ངའི་འཇིགས་པ་ཀུན་ལས་བསྐྱབ་པ་དང༌། །སྲིད་ཞིའི་བདེ་དགའ་རྒྱ་མཚོས་རབ་འབྱོར་ཞིང༌། །རྫོགས་སངས་ཡོན་ཏན་རྒྱ་མཚོར་འགྱུར་བར་མཛོད། །ཅེས་པས་བསྟོད་ཅིང་གསོལ་བ་གདབ་བོ། །གཞན་ཡང་ཇི་ལྟར་འདོད་པའི་དོན་རྣམས་གསོལ་བ་གདབ་པར་བྱའོ། །དེ་ནས་བསྒྲུབ་པའི་གྲོགས་དང་བཅས་པས་གཟུངས་ཐག་བཟུང་ལ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་འཕྲོས་པས་གཟུངས་ཐག་ལ་བརྟེན་ནས་སོང་བས་བཅོམ་ལྡན་འདས་མའི་རྒྱུད་བསྐུལ་བས། སྐུའི་ཆ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པའི་ནང་གང་བ་དང༌། འོད་ཟེར་གྱི་ཚོགས་འཕྲོས་པས། བདག་དང་སེམས་ཅན་གྱི་རིམས་ནད་དང་བགེགས་དང་འབྱུང་པོ་ཐམས་ཅད་ཀྱི་གནོད་སེམས་ཞི་བར་བསམ་ཞིང༌། འདིའི་སྙིང་པོའི་སྔགས་གཙོ་བོར་བཟླའོ། །རྩ་སྔགས་དང་ཉེ་བའི་སྙིང་པོའང་ཅི་རིགས་པར་བཟླ་བར་བྱའོ། །ཐུན་གྱི་མཐར་མཆོད་ཅིང་བསྟོད་ལ་གཏོར་མ་གཏང་བར་བྱ་སྟེ། དེའང་གཏོར་མ་རྣམས་སྦྱངས་ལ། ཐོག་མར་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས་ནས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་ཁ་དོག་དང་ཚེ་དང་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱེད་ལ། ཨོཾ་ཨཱཿཧཱུྃ། ཞེས་ཡང་ཡང་བརྗོད་པས་བྱིན་གྱིས་བརླབས་ལ། བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་ཞལ་དུ་བསྟབས་པས་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་གྷྲིཧྣཱ་པ་ཡ་གྷྲཱིཧྣཱ་པ་ཡ། སརྦ་ཛྭ་ར་པྲ་ཤ་མ་ཎཱ་ཡ་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་ཕུལ་ལ། མཆོད་ཡོན་ལ་སོགས་པས་མཆོད་ནས་བསྟོད་ལ། འདོད་པའི་དོན་གསོལ་བ་གདབ་བོ། །དེ་ནས་གཉིས་པ་ཆོས་སྐྱོང་དང༌། གསུམ་པ་ཕྱོགས་སྐྱོང་དང༌། བཞི་པ་འབྱུང་པོ་དང༌། ལྔ་པ་ཀླུ་རྣམས་དང༌། དྲུག་པ་མཁའ་འགྲོ་སྤྱི་གཏོར་གྱིས་གཏང་ངོ༌། །བདུན་པ་གདོན་རིགས་ཀྱི་བདག་པོ་ནག་པོའི་ཕྱོགས་ཤ་ཁྲག་ལ་དགའ་བ་རྣམས་ལ། ཨ་ཀཱ་རོའི་སྔགས་ཀྱིས་བསྔོས་ལ་དྲག་པོའི་སྔགས་ཀྱིས་བསྐྲད། བརྒྱད་པ་དཀར་པོ་ལ་དགའ་བ་རྣམས་ལ། ན་མཿསརྦ་ཏ་ཐཱ་ག་ཏའི་སྔགས་ཀྱིས་བསྔོས་ལ། ཆོས་ཀྱི་སྦྱིན་པ་བྱིན་ནས་མི་ནད་དང་ཕྱུགས་ནད་ཐམས་ཅད་ཞི་བར་གྱུར་ཅིག ཅེས་བསྒོའོ། །དགུ་པ་གཞི་བདག་དཀར་དང་དམར་ལ་གང་དགའ་བ་དེ་ལ་ཨ་ཀཱ་རོའི་སྔགས་ཀྱིས་སྦྱིན་ནོ། །དེ་ནས་མཆོད་རྟེན་གྱི་ནང་ན་གནས་པའི་ལྷ་འཁོར་དང་བཅས་པ་ལ་མཆོད་ཅིང་བསྟོད་ནས་གསོལ་བ་བཏབ་ལ་བཟོད་པར་གསོལ་ཏེ། གཏོར་མའི་མགྲོན་རྣམས་གཤེགས་སུ་གསོལ་ལོ། །དེ་ལྟ་བུ་ཐུན་གསུམ་མམ་བཞི་ལ་སོགས་པའི་རིམ་པས། ཞག་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་བསྒྲུབ་པ་བྱས་པའི་མཐར། བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པས་ཁ་བསྐངས་ལ། དགེ་བའི་རྩ་བ་རྫོགས་པའི་སངས་རྒྱས་སུ་བསྔོ་བར་བྱའོ། །བུམ་པའི་སྟེང་དུ་མཆོད་རྟེན་ཡོད་ན་གཤེགས་སུ་གསོལ་མི་དགོས་ཤིང༌། གལ་ཏེ་མཆོད་རྟེན་མེད་ན་བུམ་པའི་ནང་ངམ་སྟེང་དུ་ལྷ་བསྐྱེད་པར་བྱའོ། །མཐར་ཡེ་ཤེས་པ་གཤེགས་སུ་གསོལ་ནས། དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་བལྟའོ། །བསྒྲུབ་བྱ་ཉུང་ངུའི་དོན་བྱེད་ན་དངོས་སུ་བཀྲུ་ཞིང༌། ཀུ་ཤ་ལ་སོགས་པའི་སྤྱི་བོ་ནས་གཏོར་ལ། ཁྲུས་ཀྱི་ཚིགས་བཅད་དང༌། སྔགས་རིམ་པ་བཞིན་བརྗོད་པར་བྱའོ། །སྐྱེ་བོ་མང་པོ་དང༌། གྲོང་ཁྱེར་དང༌། རྟ་ཕྱུགས་ལ་སོགས་པ་མང་པོའི་དོན་བྱེད་ན། ཤིན་ཏུ་གཙང་ཞིང་མཐོ་བའི་ས་ཕྱོགས་སུ་མེ་ལོང་ཆེན་པོ་ལ་དེ་དག་གི་གཟུགས་བརྙན་འཆར་དུ་བཅུག་ལ། གཏོར་མས་བསྒྲུབ་བྱ་དེ་དག་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤཱ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲིཧྣེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་བཅས་པས་གསུམ་མམ་བདུན་ལ་སོགས་པས་དེ་དག་ལ་གནོད་པར་བྱེད་པ་རྣམས་ལ་བྱིན་ལ། སྐྱེ་བོ་འདི་དག་ལ་གནོད་པར་བྱེད་པའི་བགེགས་དང་འབྱུང་པོའི་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་སོང་ཤིག ཅེས་བརྗོད་ལ། དྲག་པོའི་སྔགས་དང་རོལ་མོའི་སྒྲ་དྲག་ཏུ་བྱའོ། །དེ་ནས་རང་གི་སྙིང་ག་ནས་འོད་འཕྲོས་པས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། ཕྱོགས་སྐྱོང་དང༌། འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་བྱོན་ནས། བསྒྲུབ་བྱ་གང་ཡིན་པ་དེའི་ནད་རིམས་དང་འཚེ་བ་ལ་སོགས་པའི་འགལ་རྐྱེན་ཐམས་ཅད་སེལ་བ་ལ་དགོངས་པ་རྩེ་གཅིག་ཏུ་མཛད་པར་བསམ་ཞིང༌། འདོན་པའི་གྲོགས་དང་བཅས་པས་མགྲིན་གཅིག་ཏུ་འདི་སྐད་བརྗོད་པར་བྱའོ། །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ། ཆོས་ཀྱིས་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུན་ཙ་ཏ། མུན་ཙ་ཏ། མ་འདུག་ཤིག ཡམས་ཀྱི་ནད་རྣམ་པར་ཞི་བར་གྱུར་ཅིག ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིང༌། དབང་པོ་དང་བཅས་པའི་ལྷ་རྣམས་དང༌། ཚངས་པ་དང་བཅས་པ་རྣམས་དང༌། དབང་པོ་དག་དང་བཅས་པ་རྣམས་དང༌། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང༌། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་ངོ༌། །ལྷ་འབུམ་ཕྲག་དུ་མ་དག་དང༌། ལྷ་མ་ཡིན་གྱི་དབང་པོ་རྣམས་དང༌། ལྷ་མ་ཡིན་འབུམ་ཕྲག་དུ་མ་དག་ཀྱང་འོང་ངོ༌། །བཅོམ་ལྡན་འདས་ལ་མངོན་པར་དགའ་བའི་འབྱུང་པོ་འབུམ་ཕྲག་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱི་འོང་སྟེ། དེ་དག་ཁྱེད་རྣམས་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་དུ་འོང་གིས། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། མྱུར་དུ་བྱེར་ཅིག ཁྱེད་ཅག་ལས་གང་དག་ལྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེ་བར་འཚེ་བར་མི་འདོད་ལ། བསྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག ལུས་ལ་ཡང་འཇུག་པར་གྱིས་ཤིག སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ། སུ་མུ། སུ་མུ། སུ་མུ། སུ་མུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། རི་ཏི་རི། རི་རི་རི་རི་རི་རི་རི་རི་རི། རཱི་རཱི་ཏཱི། མཱི་རཱི། མཱི་རཱི། མཱི་རཱི། མཱི་རཱི། མཱི་རཱི་ཏི། ཧ་ས་མཱི་རི་ཏི། མཱི་རི་ཏི། མཱི་རི་ཏི། སཱི་མི། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རོ། ཏི་ཏི། ཀུ་རི་ཤོ། ཀཾ་ཀ་རྭ། ཀཾ་ཀ་རཱི་ཤེ། ཀཾ་ཀ་རཱི་ཤེ། རི་རི་རི་རི་རི་རི། ཏི་རི་ཏི་ཕུས། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། ནཱ་ཐཱ་ནཱ་ནཱ་ཐ་ཐཱ། ནིརྒཙྪ་ཏེ། རི་ཕུ། རི་ཕུ། ནིརྒཙྪ་ཏ། པ་ལ་ཡཱ་ཐ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱིས། ཀྵེ་གྲ་ནིརྒཙྪ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང༌། ཆོས་ཉིད་ཀྱི་ལྷ་ཐམས་ཅད་དང༌། འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །ཞེས་བརྗོད་དོ། །དེ་ནས་སྒྲུབ་པའི་གྲོགས་འགའ་ཞིག་གིས་དབྱངས་དང་བཅས་པའམ། ཡང་ན་མགྲིན་གཅིག་ཏུ་བསྡེབས་ལ་སྐད་གསང་མཐོན་པོས་འདི་སྐད་ཅེས། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་ལ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༌། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་བ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང༌། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་ཞིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱི་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀྱིས་ནི་བསམས་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཅིང་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང༌། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོངས་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་གྱུར་ཅིག །ཅེས་བརྗོད་དུ་གཞུག་གོ །དེ་ནས་རང་གིས་ཀུ་ཤ་ལ་སོགས་པའི་བུམ་པའི་ཆུས་གཏོར་ཞིང༌། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ཎཱ་ཡ། ཆེ་གེ་མོའམ། གྲོང་ཁྱེར་པའམ། རྟའི་ཚོགས་སམ། ཕྱུགས་ལ་སོགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། གདོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དོ། །རྗེ་བཙུན་མ་རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་ཆོ་ག་དང་བཅས་པ། དགེ་སློང་རྡོ་རྗེ་འཛིན་པ་འཕགས་པས་སྦྱར་བའོ། །རྗེ་བཙུན་བ་རི་བ་ལས་བརྒྱུད་གསུང༌།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*