གདུགས་དཀར་མོ་ཅན་སྒྲུབ་ཐབས་གཟུངས་བཀླག་ཐབས་དང་བཅས་པ།

༼ཕ༽

༄༅། །གདུགས་དཀར་མོ་ཅན་སྒྲུབ་ཐབས་གཟུངས་བཀླག་ཐབས་དང་བཅས་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་གཙུག་ཏོར་གདུགས་དཀར་མོ་ཅན་བསྒོམས་པར་འདོད་པས། སྐྱབས་སུ་འགྲོ་བ་དང༌། ཚད་མེད་པ་བཞི་དང༌། བྱང་ཆུབ་ཀྱི་སེམས་བསྒོམས་ནས། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམས་པའི་ངང་ལས། པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འཕྲོས་པའི་འོད་ཀྱིས། རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་བསྒོམས་པའི་ནང་དུ་བགེགས་དང་ལོག་འདྲེན་ཐམས་ཅད་མནན་པའི་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་ཤེས་པ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་འོད་ཟེར་ཕར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་པའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་གསང་སྔགས་ཀྱི་ཡི་གེའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་པ་དང༌། ལྷན་ཅིག་འདུས་ཤིང་རོ་གཅིག་ཏུ་གྱུར་པ་ལས་བྱུང་བའི་རང་ཉིད་གཙུག་ཏོར་གདུགས་དཀར་མོ་ཅན། སྐུ་མདོག་དཀར་མོ་ཞབས་གཡས་པ་ཅུང་ཟད་བརྐྱང་ནས་བསྒྱིངས་པའི་ཚུལ་དུ་བཞུགས་པ། ཞི་བ་དང༌། སྒེག་པ་དང༌། ཁྲོ་བ་ལ་སོགས་པའི་ཉམས་དུ་མ་དང་ལྡན་ཞིང་ཁ་དོག་སྣ་ཚོགས་པའི་དབུ་སྟོང་མངའ་བ། སྐྱབས་སྦྱིན་དང༌། མི་འཇིགས་པ་དང༌། མཆོག་སྦྱིན་པ་དང༌། རྡོ་རྗེ་ཁུ་ཚུར་དང༌། སྡིགས་མཛུབ་ལ་སོགས་པའི་ཕྱག་རྒྱ་སྣ་ཚོགས་བཅས་ཤིང༌། རྡོ་རྗེ་དང༌། འཁོར་ལོ་དང༌། ནོར་བུ་དང༌། པདྨ་དང༌། རལ་གྲི་དང༌། མདའ་དང༌། ལྕགས་ཀྱུ་དང༌། ཐོ་བ་དང༌། ཞགས་པ་ལ་སོགས་པ་ཕྱག་མཚན་དུ་མ་འཛིན་པའི་ཕྱག་སྟོང་མངའ་བ་ཆེན་མོ། སྐུའི་ཆ་ཐམས་ཅད་ལ་འཛུམ་བ་དང༌། ཟུར་གྱིས་ལྟ་བ་དང༌། རྣམ་པར་བགྲད་པ་དང༌། གློག་ལྟར་འཁྱུག་པའི་སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། རྡོ་རྗེའི་རང་བཞིན་ལྟར་མི་ཕྱེད་པའི་སྐུ་དུས་མཐའི་མེ་ལྟར་འབར་ཞིང༌། ཀུན་ཏུ་མཆེད་པའི་འོད་ཟེར་གྱི་རྩེ་མོ་ལ་ཁྲོ་བོ་དང་ཁྲོ་མོ་དུ་མའི་སྤྲུལ་པའི་ཚོགས་འཕྲོས་པས་བགེགས་དང་ལོག་པར་འདྲེན་པའི་ཚོགས་འཇོམས་ཤིང༌། སྒྲུབ་པ་པོ་ལ་དངོས་གྲུབ་དུ་མ་སྩོལ་བའི་རྟགས་དང་མཚན་མ་ཅན། སྐུ་གསུང་ཐུགས་རྡོ་རྗེའི་མཐུ་ཐོགས་པ་མེད་ཅིང་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་ཞིང༌། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་རིམ་གྲོར་བྱེད་པ། འཇིག་རྟེན་སྐྱོང་བའི་ཚོགས་ཐམས་ཅད་ཀྱིས་མཆོད་ཅིང་རྗེད་ལ། བཀའ་རྗེས་སུ་བསྒྲུབ་པའི་ཕྱིར་ཡོངས་སུ་བསྐར་བར་བསམ་པར་བྱའོ། །འབྲིང་ལ་དགའ་བས་ན། ཞལ་གསུམ་ཕྱག་དྲུག་པ་བསྒོམ་པ་བྱ་སྟེ། སྐུ་མདོག་དང་རྩ་བའི་ཞལ་དཀར་ཞིང༌། འཛུམ་ཁྲོའི་རྣམ་པ་ཅན། ཞལ་གཡས་སྔོ་ཞིང་ཁྲོ་ལ་གཡོན་ཞལ་དམར་ཞིང་འཛུམ་པ། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་པ་གསུམ་ན་རྡོ་རྗེ་དང༌། མདའ་དང༌། ལྕགས་ཀྱུ་དང༌། གཡོན་གསུམ་ན་སྡིགས་མཛུབ་དང༌། ཞགས་པ་དང༌། གཞུ་བསྣམས་པ་བསྒོམ་མོ། །བསྡུས་པ་ལ་དགའ་བས་ནི་ཕྱག་གཉིས་མ། སྐུ་མདོག་དཀར་མོ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་པས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། གཡོན་པས་བདག་ཉིད་ཡུལ་འཁོར་སྲིད་འབངས་དང་བཅས་པ་ཁེབས་པའི་གདུགས་དཀར་པོ་བསྣམས་པ། ཉམས་དང་ཆ་ལུགས་ཐམས་ཅད་སྔ་མ་ལྟར་བསྒོམ་པར་བྱའོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་ནས། དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ་མེ་ཏོག་ལ་སོགས་པས་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། དབང་གི་ཆུས་ལུས་ཐམས་ཅད་གང༌། སངས་རྒྱས་ཐམས་ཅད་དང་ནུས་པ་མཉམ་པར་བྱས། ཆུ་ལྷག་མ་ཡར་ལུད་པས། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་མོ། །དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཨོཾ་བསྒོམས་པའི་ཁོར་ཡུག་ཏུ་སྔགས་ཀྱི་ཕྲེང་བ་འཁོར་བའི་འོད་ཀྱིས་འཕགས་པ་མཆོད། ཕྲིན་ལས་བཞིས་སེམས་ཅན་གྱི་དོན་བྱས། ཁྱད་པར་དུ་གདུག་པ་ཅན་རྣམས་ཚར་བཅད་པར་བསམ་ཞིང་སྔགས་བཟླ་སྟེ། ཏདྱ་ཐཱ། ཨོཾ་ཨ་ན་ལེ། ཨ་ན་ལེ། ཁ་ས་མེ། ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་ཨ་དྷིཥྚཱ་ན། ཨ་དྷིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཨུ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླའོ། །འདི་ལ་བསྙེན་པ་སོང་བ་དང༌། ལས་ཀྱི་སྔགས་ནི་གཟུངས་རིང་ཉིད་ཡིན་ཏེ། དེ་ཟློ་བར་འདོད་པས་རང་གི་སྐུའི་ཆ་ནས་འཕྲོས་པའི་མཚོན་དུ་མ་ཐོགས་པའི་ཁྲོ་བོ་དང་ཁྲོ་མོའི་ཚོགས་དཔག་ཏུ་མེད་པས་ཕ་རོལ་གྱི་རིག་སྔགས་ཀྱི་ཞགས་པ་བཅད་ནས་སྔགས་སྦྱོར་བ་པོ་དང༌། ཟློ་བ་པོ་ཕུར་བུས་བཏབ་པ་དང་མནན་པར་བསམ་ཞིང༌། ཨོཾ་སི་ཏཱ་ཏ་ལ་སོགས་པའི་སྔགས་ཅི་ནུས་སུ་བཟླས་སོ། །བཟླས་པ་ཚར་བ་དང༌། ཡེ་ཤེས་པ་མདུན་གྱི་ནམ་མཁར་ཕྱུང་བ་ལ་མཆོད་ཅིང་བསྟོད་ནས་བཟོད་པར་གསོལ་ཏེ། བཛྲ་མུཿས་གཤེགས་སུ་གསོལ་ལ། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །༼བུམ་པའི་ཆོ་ག་བྱེད་པ་ན། པདྨ་འདབ་བརྒྱད་ཀྱི་སྟེང་དུ་བཅའ་ཐབས་གཞན་དང་འདྲ་བར་བྱས་ལ། དེའི་ནང་དུ་བདག་བསྐྱེད་ལྟར་ཆོ་ག་རྒྱས་པར་བྱས་ཏེ། བཟླས་པ་བྱས་པས་སྐུ་ལས་བདུད་རྩིའི་རྒྱུན་བབས་པར་བསམ། མཆོད་བསྟོད་བཀྲ་ཤིས་ལ་སོགས་པ་བྱས་ཏེ། ལོངས་སྤྱོད་ན། ཡམས་ནད་ལ་སོགས་པ་འདི་ཉིད་ཀྱི་གཞུང་ནས་བཤད་པའི་གནོད་པ་རྣམས་ལས་«་་་་་རྟགས་བར་འདི་དཔེ་གཅིག་ལས་འབྱུང་ཡང་ཕྱི་མོ་གཞན་རྣམས་ནས་མ་བྱུང་»རྒྱལ་བར་འགྱུར་རོ། །༽འདིའི་གཏོར་མ་ནི། དཀར་གཏོར་དང་དམར་གཏོར་གཉིས་བཤམས་ནས་སྔགས་དྲུག་ཕྱག་རྒྱ་དྲུག་གམ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ནས། བསྔོ་ཡུལ་རྣམས་མདུན་དུ་བསམས་ལ། བཅོམ་ལྡན་འདས་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བཅས་པ་དང༌། འཇིག་རྟེན་པ་དཀར་གསུམ་ལ་དགའ་བ་རྣམས་ལ་དཀར་གཏོར་དང༌། ཤ་ཁྲག་ལ་དགའ་བ་རྣམས་ལ་དམར་གཏོར་འབུལ་བར་བསམ་ཞིང༌། སྔགས་རིང་གསུམ་མམ་བདུན་ལ་སོགས་པ་བཟླའོ། །གླེང་གཞི་དང་བཅས་པའི་གཟུངས་རྒྱས་པར་འདོན་པར་འདོད་ན། འདི་ཉིད་ཀྱི་སྐབས་སུ་འདོན་པར་བྱ་སྟེ། བདག་གིས་གཟུངས་བཏོན་པའི་ཚེ་གཏོར་མའི་མགྲོན་བཅོམ་ལྡན་འདས་མ་འཁོར་དང་བཅས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་ཇི་སྐད་བརྗོད་པའི་དོན་བསྒྲུབ་པར་བསམ་ཞིང་འདོན་པར་བྱའོ། །མཐར་མཆོད་ཅིང་བསྟོད་ལ་བཟོད་པར་གསོལ་ཏེ། གཤེགས་སུ་གསོལ་ལོ། །ཆོ་ག་རྒྱས་པ་ལས་ཀྱི་ཚོགས་དང་བཅས་པ་གཞན་དུ་ཤེས་པར་བྱའོ། །རྗེ་བཙུན་བ་རི་ལོ་ཙཱ་བ་ལས་བརྒྱུད་པ། རྗེ་ས་སྐྱ་པའི་མན་ངག་གཙུག་ཏོར་གདུགས་དཀར་མོ་ཅན་གྱི་བསྒོམ་ཐབས་དང་བཀླག་པའི་ཐབས། ཤིང་ཕག་ཁྲ་ཟླའི་ཚེས་ཉི་ཤུའི་ཉིན་པར་འཕགས་པས་ཏྲེའི་ས་ཆར་བསྡེབས་པའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*