ལོ་མ་ཅན་གྱི་སྒྲུབ་ཐབས།

༼ཕ༽

༄༅། །ལོ་མ་ཅན་གྱི་སྒྲུབ་ཐབས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྗེ་བཙུན་རི་ཁྲོད་ལོ་མ་ཅན་བསྒོམ་པར་འདོད་པས། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། ཚད་མེད་པ་བཞི་བསྒོམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། ཁྱད་པར་དུ་བདག་དང་གཞན་གྱི་རིམས་དང༌། ཉེ་བར་འཚེ་བ་ཞི་བར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ། རང་གི་ཤེས་པ་པྃ་ལས་རྡོ་རྗེ་པྃ་གིས་མཚན་པ། དེ་ལས་འོད་ཟེར་ཕར་འཕྲོས་པས། སེམས་ཅན་གྱི་དོན་བྱས། སླར་ཚུར་འདུས་ནས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་རི་ཁྲོད་ལོ་མ་ཅན་སྐུ་མདོག་སེར་མོ་ཞལ་གསུམ་ཕྱག་དྲུག་མ། རྩ་བའི་ཞལ་སེར། གཡས་དཀར། གཡོན་དམར། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། མིའུ་ཐུང་ཤིན་ཏུ་ཁྲོས་པའི་ཆ་ལུགས་ཅན། ཕྱག་གཡས་ཀྱི་དང་པོས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་དགྲ་སྟྭ་འདེབས་པའི་ཚུལ། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོ་སྡིགས་མཛུབ་ལ་རྡོ་རྗེའི་ཞགས་པས་དཀྲིས་པ། གཉིས་པས་འབྲས་བུ་སྣ་ཚོགས་ཀྱིས་བརྒྱན་པའི་ཤིང་ལོ་གསར་པའི་རྔ་ཡབ་འཛིན་པ། གསུམ་པས་གཞུ་འཛིན་པ། ཤི་ལོ་གསར་པའི་ན་བཟའ་མནབས་ཤིང༌། མེ་ཏོག་དང་འབྲས་བུ་སྣ་ཚོགས་ཀྱིས་བརྒྱན་པ་བསྒོམ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། སྙིང་གི་ནང་གི་པྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་རྗེ་བཙུན་མ་རི་ཁྲོད་ལོ་མ་ཅན་མ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་རང་ལ་བསྟིམ། ཡང་འོད་འཕྲོས་པས། དེ་བཞིན་གཤེགས་པ་རིགས་ལྔ་སྤྱན་དྲངས། མཆོད་པ་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག གསང་སྔགས་དང་རིག་སྔགས་ཐམས་ཅད་ལ་དབང་བར་བྱས། ཆུ་ལྷག་མ་ཡར་ལུད་པས་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་པར་བསམ། དེ་ལ་མེ་ཏོག་ལ་སོགས་པས་མཆོད་ནས། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་བའི། །ལྷ་མོ་གང་གིས་སྒྲུབ་པོའི་ནད་དང་བགེགས། །ཀུན་དུ་ཞི་མཛད་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །དེ་ནས་རང་གི་སྙིང་གའི་པྃ་གི་མཐའ་མ་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཀྱིས། བགེགས་ཀྱི་ཚོགས་ཉེ་བར་ཞི་བ་དང༌། རིམས་ནད་ཐམས་ཅད་བསལ་བར་བསམ་ཞིང༌། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ཎཱ་ཡ་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླ། བུམ་པ་སྤྱི་དང་མཐུན་པར་བསྐྱེད་པའི་ནང་དུ། ལྷ་ཚུལ་འདིས་བསྐྱེད་ལ། བཟླས་པ་བྱས་པའི་མཐར་གཞན་གྱི་དོན་བྱ། ཆོས་རྗེ་ས་སྐྱ་པའི་མན་ངག་ཡི་གེར་བཀོད་པའོ། །ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ཎཱ་ཡ། ཨི་དཾ་བ་ལིཾ་གྲིཧྣཱ་པ་ཡ་མ་མ་ས་པ་རི་ཝཱ་ར་སརྦ་རོ་ག་པྲ་ཤ་མ་ཎཱ་ཡ་སྭཱ་ཧཱ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*