རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་སྟོང་མཆོད་དང་བཅས་པ།

༼ཕ༽

༄༅། །རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་སྟོང་མཆོད་དང་བཅས་པ་བཞུགས།།

༄༅། །རྗེ་བཙུན་མ་རྣམ་པར་རྒྱལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །འགྲོ་ཀུན་དགའ་མཛད་ཡོན་ཏན་རྒྱལ་མཚན་འཛིན། །ཆོས་ཀྱི་དཔལ་གྱིས་སྲིད་པ་གསུམ་ན་གསལ། །རྨད་དུ་བྱུང་བའི་ཕྲིན་ལས་བཟང་པོ་ཅན། །མཚུངས་མེད་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ནས། །དེ་ཡི་གསུང་ལས་ལེགས་པར་རྟོགས་གྱུར་ནས། །བློ་དམན་གཞན་ལ་ཕན་པར་བྱ་བའི་ཕྱིར། །རྣམ་པར་རྒྱལ་མ་སྒྲུབ་པར་བྱེད་པའི་ཐབས། །བདག་གིས་འདིར་ནི་གསལ་བར་བཤད་པར་བྱ། །དེའང་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་ལ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་རྣམ་པར་རྒྱལ་མ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། རྒྱས་པར་བྱེད་པར་འདོད་ན་ཚོགས་ཀྱི་ཞིང་སྤྱན་དྲང་བ་དང༌། ཡན་ལག་བདུན་པ་བྱ། ཚད་མེད་པ་བཞི་བསྒོམ། དེ་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་སྣང་བ་ཐམས་ཅད་སྟོང་པར་བསམ་མོ། །དེ་ལྟར་སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་བྷྲཱུྃ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཚུར་འདུས་ནས་བྷྲཱུྃ་ལ་ཐིམ་པས། རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ། དེའི་སྟེང་ན་ཁྲི་ཟླུམ་པོ་བང་རིམ་གསུམ་པ། དེའི་སྟེང་ན་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བུམ་རྟེན་དང་བཅས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། དེའི་སྟེང་དུ་བྲེ། དེའི་སྟེང་དུ་གདུགས་རིམ་པ་བཅུ་གསུམ། དེའི་སྟེང་དུ་ཆར་ཁེབས་ཏོག་དང་བཅས་པ་མེ་ཏོག་གི་ཕྲེང་བ་དང༌། དར་གྱི་ལྡ་ལྡིས་མཛེས་པར་བྱས་པར་བསམ་མོ། །དེའི་ནང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུྃ་གྱིས་མཚན་པ། དེ་ལས་འོད་ཟེར་ཕར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཚུར་འདུས་ནས་བྷྲཱུྃ་ལ་ཐིམ་པས། རང་ཉིད་སྐད་ཅིག་གིས་རྣམ་པར་རྒྱལ་མ། སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་བའི་ཞལ་དཀར་བ། གཡས་སེར་བ། གཡོན་སྔོ་ཞིང་ཅུང་ཟད་ཁྲོས་པའི་ཚུལ་ཅན། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཉིས་པས་པདྨའི་སྟེང་ན་འོད་དཔག་ཏུ་མེད་པ་བཞུགས་པ་འཛིན་པ། གསུམ་པས་མདའ་དང༌། བཞི་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་གྱི་དང་པོས་རྡོ་རྗེ་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་གཞུ། གསུམ་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། བཞི་པས་མཉམ་གཞག་གི་སྟེང་ན་བུམ་པ་འཛིན་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་རང་བསྐྱེད་དོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། ཕྱག་གཡས་པས་རྔ་ཡབ། གཡོན་པས་པདྨ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ། སྔོན་པོ་ཕྱག་གཡས་པས་རྔ་ཡབ། གཡོན་པས་རྡོ་རྗེ་འཛིན་པ། གཉིས་ཀའང་ཞི་བའི་ཆ་ལུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན་དུ་བསམ། དེ་ནས་ཤར་ཕྱོགས་སུ་མི་གཡོ་བ་སྔོན་པོ། ཕྱག་གཡས་པས་རལ་གྲི་འཛིན་པ། ལྷོ་ཕྱོགས་སུ་འདོད་པའི་རྒྱལ་པོ་གཡས་པས་ལྕགས་ཀྱུ་འཛིན་པ། ནུབ་ཕྱོགས་སུ་དབྱུག་པ་སྔོན་པོ་ཅན། གཡས་པས་དབྱུག་པ་འཛིན་པ། བྱང་ཕྱོགས་སུ་སྟོབས་པོ་ཆེ། གཡས་པས་རྡོ་རྗེ་རྩེ་གསུམ་པ་འཛིན་པ། ཐམས་ཅད་ཀྱང་མདོག་སྔོན་པོ་རབ་ཏུ་ཁྲོས་པས། གཡོན་པ་སྙིང་གར་སྡིགས་མཛུབ་བྱས་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །གཙོ་མོའི་སྟེང་གི་ཕྱོགས་གཉིས་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་གང་བས། བཅོམ་ལྡན་འདས་མ་ལ་སྐུ་ཁྲུས་གསོལ་བར་བསམ་མོ། །དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། དཔྲལ་བར་ཏྲཱྃ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨཿཞེས་པ་ལྗང་གུ་གཉིས་བསྒོམ་མོ། །དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་འཁོར་དང་བཅས་པ་སྤྱན་དྲངས་ལ། ཨརྒྷཾ་པཱ་དྱཾ་བཛྲ་པུཥྤེ་ལ་སོགས་པའི་མཆོད་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྜཱི་ཥ་བི་ཛཱ་ཡཻ་ས་པ་རི་ཝཱ་ར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་བདག་གིས་བསྒོམས་པའི་ལྷའི་ཚོགས་དང་གཉིས་སུ་མེད་པར་བསྟིམ་མོ། །ཡང་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། མཆོད་པས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཆུ་ལྷག་མ་ཡར་ལུད་པས་གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང༌། ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ་མོ། །དེ་ནས་རང་གི་སྙིང་གར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་སྔོན་པོའི་ནང་དུ་བྷྲཱུྃ་གྱི་སྟེང་དུ་བླ་མ། མདུན་དང་གཡས་གཡོན་རྒྱབ་རྣམས་སུ་གང་བསྲུང་བར་བྱ་བ་རྣམས་བསྒོམས་ལ། དེ་རྣམས་ཀྱི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་དམིགས་ལ། གཟུངས་རིང་དང༌། སྙིང་པོ། ཉེ་སྙིང་རྣམས་བཟླའོ། །དེའི་རྗེས་སུ། ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿ ཨྃ་ཨཿཆེ་གེ་མོ་ལ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །བཟླས་པ་ཚར་ནས། ཡེ་ཤེས་པ་ལ་བཟོད་པར་གསོལ་ལ་གཤེགས་སུ་གསོལ། དེ་དག་གིས་ནི་བདག་ཉིད་ཀྱིས་བསྒོམས་པའི་མངོན་པར་རྟོགས་པ་བསྟན་ཟིན་ཏོ། །གལ་ཏེ་རང་ངམ་གཞན་གྱི་དོན་དུ། ཚེས་བརྒྱད་ལ་སོགས་པ་ལ་སྟོང་མཆོད་བྱེད་པར་འདོད་པས། མཎྜལ་གྲུ་བཞི་པའི་སྟེང་དུ། ཚོན་རྩི་དཀར་པོས་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་དབུས་སུ་བུམ་པ་མགུལ་ཆིངས་དང༌། ཁ་རྒྱན་དང་བཅས་པ་ཆུ་དང་བཅུད་རྣམས་ཀྱིས་ཡོངས་སུ་གང་བ་བཞག་ནས། དེའི་སྟེང་དུ་མཆོད་རྟེན་ཚད་དང་ལྡན་པ་བཞུགས་ལ། དེའི་མཐའ་མར། མཆོད་ཡོན། མེ་ཏོག སྤོས། མར་མེ། ལྷ་བཤོས། གདུགས། བ་དན་རྣམས། སྟོང་ཕྲག་རེ་རེ་དང༌། གཞན་ཡང་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམ་མོ། །གཏོར་མ་སྟོང་གི་ཆས་ཀྱང་བྱས་ནས། སྒྲུབ་པ་པོ་གྲོགས་དང་བཅས་པས་ཁྲུས་བྱའོ། །དཀོན་མཆོག་གི་སྤྱན་སྔར་གསོ་སྦྱོང་རང་གིས་བླང་བའི་ཆོ་ག་བྱས་ནས། རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་ལུགས་ལྟར་ན། བདག་བསྐྱེད་རྫོགས་པར་བསྒོམ། བྱ་བའི་རྒྱུད་ལ་བདག་བསྐྱེད་མི་དགོས། སྤྱོད་པའི་རྒྱུད་ལ་བསྒོམས་ནས་གཤེགས་སུ་གསོལ། དེ་ནས་བུམ་པ་དང་མཆོད་པར་བཅས་པ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་ལ་སྟོང་པར་བསམ། སྟོང་པའི་ངང་ལས་མཆོད་པ་རྣམས་ལྷ་རྫས་ལས་གྲུབ་པའི་མཆོད་པའི་ཡོ་བྱད་དྭངས་ཤིང་ཐོགས་པ་མེད་པ་བསམ་གྱིས་མི་ཁྱབ་པར་བྱིན་གྱིས་བརླབ། བུམ་པ་སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བར་བསམ། དེའི་སྟེང་དུ་མཆོད་རྟེན་གྱི་ནང་དུ་རང་གིས་ཇི་ལྟར་བསྒོམས་པ་ལྟ་བུའི་ལྷ་དགུ་བསྐྱེད། གནས་བདུན་དུ་ཡིག་འབྲུ་བདུན་གྱི་བྱིན་གྱིས་བརླབས་ནས། བདག་དང་དེའི་ཐུགས་ཀའི་བྷྲཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲང་བར་བསམ་ཞིང༌། འདི་སྐད་ཅེས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་རྣམ་རྒྱལ་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛཱ་ཡཻ་ས་པ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་ལན་གསུམ་བརྗོད་པས་མདུན་གྱི་ནམ་མཁའི་གནས་སུ་བྱོན་པར་བསམས་ནས། མཆོད་པ་ལྔས་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡཻ། ས་པ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས། མདུན་བསྐྱེད་དང་གཉིས་སུ་མེད་པར་བསྟིམ་མོ། །དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ། བྷྲཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་སྟོང་པའི་ནང་དུ་བྷྲཱུྃ་གྱི་སྟེང་དང་ཕྱོགས་ཀུན་ཏུ་བསྲུང་བྱ་རྣམས་དམིགས་ནས། ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿཨཾ་ཨཿཆེ་གེ་མོ་ལ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་བརྗོད་དོ། །དེ་ནས་མཆོད་པ་རྣམས་ཀྱིས་མཆོད་པར་བྱ་སྟེ། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛཱ་ཡཻ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བས་མཆོད་ཡོན་དང༌། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པཱ་དྱཾ་གིས་ཞབས་བསིལ་དང༌། པུཥྤཾ་གྱིས་མེ་ཏོག དྷཱུ་པཾ་གྱིས་བདུག་སྤོས། དཱི་པཾ་གྱིས་མར་མེ། གནྡྷཾ་གྱིས་དྲི། ནཻ་ཝི་དྱེས་ཞལ་ཟས། ཤཔྟས་རོལ་མོ། ཚ་ཏྲཾ་གིས་གདུགས། པ་ཏཾ་ཀས་ལྡ་ལྡི་རྣམས་ཀྱིས་མཆོད་ནས་གཟུངས་ཀྱི་བཟླས་པ་བྱ་སྟེ། རང་གི་སྙིང་ག་ནས་འོད་འཕྲོས་པས་བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་རྒྱུད་བསྐུལ་བས་བསྒྲུབ་བྱ་རྣམས་བྱིན་གྱིས་རློབ་ཅིང༌། བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་ཟགས་པས། བུམ་པའི་ནང་ཡོངས་སུ་གང་བར་བསམས་ལ། ལེགས་སོ་སྦྱིན་པའི་ཕྱག་རྒྱ་བཅས་ནས་གཟུངས་ལན་ཅིག་བརྗོད་དོ། །དེ་ནས་ཕྱག་རྒྱ་མི་བྱེད་པར་སྟོང་རྫོགས་པར་བྱའོ། །དེ་ཡང་ན་མོ་ཞེས་ལན་རེ་བརྗོད་པའི་ཚེ། མགོ་འདུད་པའི་ཕྱག་རེ་བྱའོ། །བསྐོར་བ་སྟོང་ཡང་གྲུབ་པར་བྱའོ། །དེ་ཉིད་དང་རྗེས་སུ་འབྲེལ་པར་གཏོར་མ་སྟོང་ཡང་བྱ་སྟེ། ཨ་ཀཱ་རོའི་སྔགས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ལ་གཏང་ངོ༌། །གཟུངས་རྫོགས་པའི་མཐར། ཕྱོགས་སྐྱོང་དང་འབྱུང་པོ་ལ་དཔུང་པ་བཟང་པོ་ལས་འབྱུང་བའི་གཏོར་མའི་ཆོ་གས་གཏོར་མ་སྦྱིན་ནོ། །དེ་ནས་སླར་ཡང་བཅོམ་ལྡན་འདས་མ་ལ་མཆོད་ནས། བསྟོད་པ་རྒྱས་པ་ནི་གཞན་ལྟར་བྱའོ། །བསྡུས་པ་ནི། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། དངོས་གྲུབ་བླང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་པས་བཟོད་པར་གསོལ་ནས། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །ཡོན་བདག་གིས་འབུལ་བ་དང་བསྙེན་བཀུར་བྱའོ། །མཆོད་རྫས་རྣམས་ཕོངས་པ་ལ་སྦྱིན་ནོ། །དེ་ལྟར་བྱས་ན། བློ་རྣོ་བ་དང༌། ཚེ་རིང་བ་དང༌། ནད་མེད་པ་ལ་སོགས་པ་མཐོང་ཆོས་ཀྱི་ཕན་ཡོན་དང༌། འཆི་བའི་དུས་བྱས་པ་དེའི་ཚེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་ལ་སོགས་པ་རྣམ་པར་སྨིན་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ༌། །བུམ་པའི་ཆུས་ཁྲུས་བྱས་པ་ཙམ་གྱིས་ཀྱང༌། ནད་མེད་པ་དང་སྡིག་པ་སེལ་བ་ལ་སོགས་པའི་ཕན་ཡོན་མང་དུ་འབྱུང་ངོ༌། །རྟོག་པ་གཉིས་ཀྱི་རྗེས་འབྲངས་ནས། །བླ་མའི་མན་ངག་གིས་བརྒྱན་པའི། །སྒྲུབ་ཐབས་འདི་ནི་འཕགས་པས་བསྡེབས། །དགེ་དེས་ཀུན་མཁྱེན་ཐོབ་པར་ཤོག །རྣམ་པར་རྒྱལ་མའི་སྒྲུབ་ཐབས་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*