མི་གཡོ་བའི་བསྟོད་པ།

༼ཕ༽

༄༅། །མི་གཡོ་བའི་བསྟོད་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། གང་གི་དྲིན་གྱིས་བདེ་འགྲོའི་འབྱོར་པ་དང༌། །རྣམ་པར་གྲོལ་བའི་འབྲས་བུ་མཆོག་སྟེར་བ། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ནས། །ཁྲོ་རྒྱལ་དད་པའི་ཡིད་ཀྱིས་བསྟོད་པར་བགྱི། །རྒྱལ་བ་ཀུན་གྱི་ཐུགས་ལས་རྣམ་སྤྲུལ་ཅིང༌། །ཞེ་སྡང་འཇོམས་བྱེད་འཇིགས་བྱེད་ཁྲོ་བོའི་ཚུལ། །བདུད་དང་གཤིན་རྗེའི་ཚོགས་རྣམས་སྐྲག་མཛད་པ། །ཡེ་ཤེས་ཁྲོ་བོའི་ཞབས་ལ་ཕྱག་འཚལ་བསྟོད། །ཆུ་སྐྱེས་ཚ་ཟེར་བྱེད་པའི་དབུས་སུ་ནི། །ནད་བརྒྱད་རང་བཞིན་སྤྲེའུ་བརྒྱད་མནན་ནས། །སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཟིལ་གནོན་པ། །ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །སྐུ་མདོག་ཉི་མ་འབུམ་གྱི་གཟི་ལྡན་ཞིང༌། །སྤྲིན་མེད་ནམ་མཁའི་མདངས་ལྟར་རབ་ཏུ་དྭངས། །ཡེ་ཤེས་མེ་དཔུང་དུས་མཐའི་མེ་ལྟར་འབར། །ཁྲོ་རྒྱལ་དཔའ་བོའི་སྐུ་ལ་ཕྱག་འཚལ་བསྟོད། །ཞལ་གསུམ་ཕྱག་དྲུག་ཞབས་གཉིས་བརྐྱང་བསྐུམ་ཚུལ། །གཡས་དམར་གཡོན་དཀར་དབུས་མཐིང་མཆེ་བ་གཙིགས། དབུ་སྐྲ་གྱེན་འཁྱིལ་ཞལ་རེ་སྤྱན་གསུམ་ལྡན། །སྟག་དང་སྦྲུལ་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །གཡས་པ་རྣམས་ཀྱི་ཡེ་ཤེས་རལ་གྲི་དང༌། །རྡོ་རྗེ་དང་ནི་འབར་བའི་འཁོར་ལོ་འཛིན། །གཡོན་གྱི་དང་པོ་སྡིགས་མཛུབ་ལྷག་མ་ཡིས། །དགྲ་སྟྭ་ཞགས་པ་འཛིན་ལ་ཕྱག་འཚལ་བསྟོད། །གསུང་གི་ང་རོ་རིག་སྔགས་དྲག་པོའི་སྒྲ། །འབྲུག་སྟོང་ལྡིར་བ་ལྟ་བུ་ཆེར་བསྒྲགས་པས། །བགེགས་ཀྱི་ཚོགས་ཀྱི་སྙིང་རབ་འགས་བྱེད་པ། །དཔའ་བོ་ཆེན་པོའི་གསུང་ལ་ཕྱག་འཚལ་བསྟོད། །རྣམ་པར་མི་རྟོག་དུས་གསུམ་མཉམ་པ་ཉིད། །སྲིད་དང་ཞི་བའི་མཐའ་ལ་མི་གནས་ཤིང༌། །ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན་སྐྱོབ་པ། །མི་གཡོ་ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །དད་པས་མགོན་པོ་ཁྱོད་ཀྱི་སྐུ་དྲན་ཞིང༌། །ངག་གིས་རིག་སྔགས་བཟླས་བརྗོད་རབ་བགྱིས་ནས། །རྩེ་གཅིག་ཡིད་ཀྱིས་རྟག་ཏུ་གསོལ་འདེབས་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ལུས་ངག་ཡིད་ཀྱིས་བསགས་པའི་སྡིག་པ་དང༌། །ནད་དང་གདོན་དང་བར་དུ་གཅོད་པ་དང༌། །མཚན་མ་ངན་དང་དུས་མིན་འཆི་ལ་སོགས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །བདག་ཡིད་ཤིན་ཏུ་དག་པར་བྱིན་བརླབས་ནས། །མགོན་པོ་ཁྱོད་ཞལ་དངོས་སུ་བསྟན་ནས་ཀྱང༌། །འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་ཀུན། །སྐད་ཅིག་ཉིད་ལ་བདག་ལ་གྲུབ་པར་མཛོད། །ཁྲོ་རྒྱལ་བསྟོད་ཅིང་གསོལ་བ་བཏབ་པ་ལས། །དགེ་བ་རྒྱ་ཆེན་གང་བསགས་དེ་ཡིས་བདག །སྲིད་པ་ཀུན་ཏུ་ཁྱོད་ཀྱིས་རྗེས་འཛིན་ཞིང༌། །མཐར་ཐུག་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །དམ་ཆོས་སྨྲ་བ་དཔལ་ལྡན་འཕགས་པ་ལ། །ཡོན་ཏན་འབུམ་ཞེས་བྱ་བས་གསོལ་བཏབ་ནས། །ཁྲོ་རྒྱལ་བསྟོད་པའི་རབ་ཏུ་བྱེད་པ་འདི། །མེ་འབྲུག་སྨིན་དྲུག་ཟླ་བའི་ཚེས་ལ་སྦྱར།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*