མི་གཡོ་བ་ཕྱག་བཞི་པའི་སྒྲུབ་ཐབས།

༼ཕ༽

༄༅། །མི་གཡོ་བ་ཕྱག་བཞི་པའི་སྒྲུབ་ཐབས་བཞུགས།།

༄༅། །རྒྱ་གར་སྐད་དུ། ཙ་ཏུརྦྷཱུ་ཛ་ཨཱརྻ་ཨ་ཙ་ལ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་མི་གཡོ་བ་ཕྱག་བཞི་པའི་སྒྲུབ་ཐབས། མི་གཡོ་མགོན་པོ་ལ་ཕྱག་འཚལ་ལོ། །དང་པོ་ཁོ་ནར་སྐྱབས་སུ་འགྲོ་བ་དང༌། ཚངས་པའི་གནས་བཞི་དང༌། བྱང་ཆུབ་ཀྱི་སེམས་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷསྶརྦ་དྷརྨཱསྶྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པ་ལས་མངོན་པར་གྲུབ་པའི་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། གུར་དང༌། བླ་རེ་དང༌། རྡོ་རྗེ་རྭ་བའི་ཕྱི་རོལ་དུ་རལ་གྲིའི་རྭ་བ་དང༌། དེའི་ཕྱི་རོལ་དུ་སྲིད་པའི་རྩེ་མོ་ལ་ཐུག་པའི་མེ་འབར་བའི་ཕུང་པོ་བསྒོམ་པར་བྱའོ། །ཡང་དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་བདུད་བཞི་མཉམ་པར་མནན་པའི་གདན་ལ། ཧཱུྃ་གི་ཡི་གེ་ཡོངས་སུ་གྱུར་པ་ལས། རལ་གྲིའི་ཆང་ཟུང་ལ་ཧཱུྃ་གིས་མཚན་པ་ལས། འོད་ཟེར་ཕར་འཕྲོས། གདུག་པ་ཐམས་ཅད་བཏུལ་ནས། སླར་འདུས་ཏེ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྗེ་བཙུན་མི་གཡོ་བ། ཞལ་བཞི་པ། ཕྱག་བཞི་པ། གཡོན་དང་གཡས་བསྐུམ་པ་དང༌། བརྐྱང་པའི་ཞབས་བཞིས་བདུད་བཞི་མནན་པ། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་པ། མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོས་རལ་གྲི་འབར་བ་འདེབས་པའི་ཚུལ་དུ་འཛིན་ཅིང༌། གཉིས་པས་རྡོ་རྗེ་གསོར་བ། གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་ཅིང༌། གཉིས་པ་ཁྲག་གིས་གང་བའི་ཐོད་པ་འཛིན་པ། སྦྲུལ་གདུག་པ་དང་རུས་པ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། མིའི་པགས་པའི་སྟོད་གཡོགས་དང༌། སྟག་གི་པགས་པས་སྨད་གཡོགས་པ། སྐྲ་སེར་པོ་གྱེན་དུ་འབར་ཞིང༌། མཚོན་ཆ་སྣ་ཚོགས་པ་འཛིན་པའི་ཁྲོ་བོའི་སྤྲིན་གྱི་ཚོགས་མངོན་པར་འཕྲོ་བ་བསྒོམ་པར་བྱའོ། །དེའི་གནས་གསུམ་དུ། ཨོཾ་ཨཱཿཧཱུྃ་བཀོད་ནས། ཡེ་ཤེས་པ་དང་རོ་གཅིག་པར་བྱས་ཏེ། དབང་བསྐུར་ནས་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེའི་ཐུགས་ཀའི་ཧཱུྃ་གི་མཐའ་མ་སྔགས་ཀྱིས་བསྐོར་བ་ལ་ཡིད་གཏད་དེ། ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཎཱཾ། ཨོཾ་ཨ་ཙ་ལ་ཀ་ན་ཀ་ན། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུྃ་ཏྲཾ་མཾ་ཧཾ། བསྙེན་པའི་སྔགས་སོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཤ་ཏྲཱུན། ཨ་མུ་ཀ་སྱ་ཤི་རཾ་ཀཱི་ལ་ཡ་ཧཱུྃ་ཕཊ། ཀ་ཏི་མུ་ཀ་སྟྭཾ་བྷ་ཡ། ཧྲྀ་དཾ་ཀཱི་ལ་ཡ་ཧཱུྃ་ཕཊ། ལས་ལ་སྦྱར་བའི་སྔགས་སོ། །ཨོཾ་ཨ་ཙ་ལ་ཏེ་ཛ་བཛྲ་པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ནཻ་ཝི་དྱེ། ས་པ་རི་ཝཱ་རེ་བྷྱཿ ཛཿཧཱུྃ་བྃ་ཧོཿ པཎྜི་པ་ཏྲ་སརྦ་སཏྭ་ནི། ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ། ཁ་ཁ་ཁཱ་ཧི་ཁཱ་ཧི། བྷཀྵ་བྷཀྵ་ནི་ཧཱུྃ་ཕཊ། གཏོར་མའི་སྔགས་སོ། །བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་ལས་གཟུགས་མངོན་པར་བྱས་ཏེ། མངོན་པར་བསྔགས་པའི་སེང་ལྡེང་གི་ཕུར་པ་སོར་བཅུ་གཉིས་པས། ཞག་ཉི་ཤུ་རྩ་གཅིག་གི་བར་དུ་གདབ་པའི་ལས་བྱའོ། །ཕྱག་བཞི་པ་འཕགས་པ་མི་གཡོ་བའི་སྒྲུབ་ཐབས་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*