ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ཟབ་མོ།

༼ཕ༽

༄༅། །ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ཟབ་མོ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། མགོན་པོ་ཚེ་དཔག་ཏུ་མེད་པ་སྒྲུབ་པའི་ཐབས། །བསོད་ནམས་གསེར་གྱི་ས་གཞི་རབ་བརྟན་ཅིང༌། །ཡེ་ཤེས་རྒྱ་མཚོ་གཏིང་མཐའ་མེད་པ་ཅན། །ཡོན་ཏན་རིན་ཆེན་དུ་མས་ཡོངས་གཏམས་པ། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རྣལ་འབྱོར་ལ་བརྟེན་ནས། རང་དང་གཞན་གྱི་ཚེ་བསྲིང་བར་འདོད་པའི་གང་ཟག་གིས། ཚུལ་གཉིས་ཀྱིས་རྟོགས་པར་བྱ་སྟེ། ལྷའི་རྣལ་འབྱོར་འབའ་ཞིག་ལ་བརྟེན་པ་དང༌། བུམ་པའི་ཆོ་ག་ལ་བརྟེན་པའོ། །དང་པོ་ནི་བླ་མ་དམ་པ་ལས་ལུང་དང་གནང་བ་རྗེས་སུ་ཐོབ་པའི་གང་ཟག་གིས། རྭབ་བཞི་གང་ཡང་རུང་བའི་ཚེས་གཅིག་ནས་འཇུག་པར་བྱ་སྟེ། ཐོ་རངས་བྱ་རོག་གི་སྒྲ་མི་གྲག་པའི་དུས་སུ་མལ་ནས་ལངས་ལ་ཁ་དང་གདོང་དག་པར་བཀྲུས་ནས། བདེ་བའི་སྟན་ལ་སྐྱིལ་མོ་ཀྲུང་གིས་འདུག་ལ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཞིང༌། བདེ་བ་མཆོག་ལ་དགོད་པའི་ཕྱིར། རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ་མོ། །དེ་ནས་རང་གི་སྙིང་གི་ནང་དུ་པདྨ་དང་ཟླ་བའི་དབུས་ན་གནས་པའི་ཡི་གེ་ཧྲཱིཿབསམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱིས་རང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ནས། བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས་སེམས་ཅན་གྱི་སྡིག་སྒྲིབ་ཐམས་ཅད་དག་པར་བྱས་ནས། དེ་བཞིན་གཤེགས་པའི་ངོ་བོར་གྱུར་ཏེ། སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཉིད་ཀྱང་རིན་པོ་ཆེ་ལས་གྲུབ་པའི་བདེ་བར་གཤེགས་པའི་ཞིང་ཁམས་སུ་བསམ་མོ། །དེ་ནས་རང་གི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་པདྨ་རཱ་ག་ལྟར་དམར་ཞིང༌། ཉི་མའི་དཀྱིལ་འཁོར་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་ལྷུང་བཟེད་འཛིན་པ། མཚན་དང་དཔེ་བྱད་ཀྱི་རྒྱན་གྱིས་སྤྲས་པ། སྤྲུལ་པའི་སྐུའི་ཆ་ལུགས་ཅན་དུ་སྐད་ཅིག་གིས་བསམ་པར་བྱའོ། །བླ་མ་བརྒྱུད་པར་བཅས་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བར་དམིགས་ལ། ཡན་ལག་བདུན་པ་སྔོན་དུ་འགྲོ་བ་ཅན་གྱིས་འདི་སྐད་ཅེས་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས། བདག་གི་རྒྱུད་བྱིན་གྱིས་བརླབ་ཅིང་ཚེ་དང་ཡེ་ཤེས་ཀུན་ནས་རྒྱས་པར་མཛད་དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་མགོན་པོ་དེའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་རབ་ཏུ་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དང་བརྟན་པ་དང་གཡོ་བའི་བཅུད་ཐམས་ཅད་བསྡུས་ཏེ་ལྷུང་བཟེད་ཀྱི་བདུད་རྩི་ལ་ཐིམ་པར་བསམ་མོ། །དེ་ནས་རང་གི་དབུགས་འོད་ཟེར་གྱི་སྦུ་གུའི་རྣམ་པ་ཅན་དུ་སྣའི་བུ་ག་ནས་ཕྱིར་བྱུང་ནས། བདུད་རྩི་ལ་རེག་ཅིང་ནང་དུ་འཇུག་པའི་ཚེ་བདུད་རྩིའི་རྒྱུན་དྲངས་ནས། རང་གི་ལུས་ལ་ཐིམ་པའི་ཚུལ་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་བྱས་ནས། ཐ་མའི་རེས་ལ་འཁོར་གྱི་དཀྱིལ་འཁོར་ཀྱང་མགོན་པོ་ཉིད་ལ་ཐིམ་ཞིང༌། དེ་ཉིད་ཀྱང་རང་གི་ལུས་ལ་ཞུགས་པས་ཐ་མལ་པའི་ལུས་ངག་ཡིད་གསུམ་གནས་གྱུར་ནས་དེ་བཞིན་གཤེགས་པའི་རང་བཞིན་དུ་བསམ་པར་བྱའོ། །དེ་ནས་དེ་ལ་དམིགས་ནས་བཟླས་པ་བྱ་སྟེ། སྔགས་ཀྱི་ཚིག་ནི་ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བྱ་བའོ། །གྲངས་ནི་ལྔ་བརྒྱ་ཕྲག་རེ་རེའོ། །དེ་ཉིད་དང་རྗེས་སུ་འབྲེལ་པར་གཟུངས་འདི་ཡང་བཟླས་པར་བྱ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏཱ། ཨཱ་ཡུརྫྙཱ་ན། སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་སཾ་སྐ་རི། པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ། སྭ་བྷཱ་ཝ་བི་ཤུདྡྷེ། མ་ཧཱ་ཎ་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་བྱ་བ་གྲངས་ཀྱི་ངེས་པ་མེད་པར་བཟླ་བར་བྱའོ། །གལ་ཏེ་གཞན་གྱི་དོན་ཡིན་ན། རང་གི་སྙིང་གར་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་ཟ་མ་ཏོག་གི་ནང་དུ་བསྒྲུབ་བྱ་དམིགས་ལ་རང་གི་ཡེ་ཤེས་ཀྱི་བདུད་རྩིའི་ཚོགས་རྣམས་བསྒྲུབ་བྱའི་ལུས་ལ་ཐིམ་པར་བསམ་ཞིང་སྔགས་བཟླས་པ་བྱའོ། །སྤྱི་དོན་གཉིས་པ་བུམ་པའི་ཆོ་ག་ནི་བུམ་པ་ཚུལ་བཞིན་དུ་བཤམས་ལ་ཆུ་གཙང་མ་བཅུད་དང་ལྡན་པས་ཡོངས་སུ་བཀང་ནས་རྡོ་རྗེ་ལ་གཟུངས་ཐག་བཏགས་ནས་སྟེང་དུ་བཞག་སྟེ། ཉེ་འཁོར་རྣམས་མཆོད་རྫས་ཀྱིས་གང་བར་བྱའོ། །དེ་ནས་མདུན་དུ་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་པའི་སྤྱན་སྔར་གསོ་སྦྱོང་བླངས་ལ་རང་ཉིད་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སུ་སྐད་ཅིག་གིས་བསམས་ནས། བུམ་པ་དང་མཆོད་རྫས་རྣམས་ཨ་མྲྀ་ཏའི་སྔགས་ཀྱིས་བསང་ཞིང༌། སྭ་བྷཱ་ཝས་སྦྱངས་ནས་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཚུལ་བཞིན་དུ་བསྐྱེད་ནས། མཆོད་རྫས་རྣམས་ཀྱང་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་འབའ་ཞིག་ཏུ་བསམ་མོ། །བུམ་པའི་ནང་དུའང་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿའི་ཡི་གེ་ལས་ཚེ་དཔག་ཏུ་མེད་པ་སྔར་བསྟན་པ་ལྟར་བསྐྱེད་ལ། གནས་གསུམ་དུ་ཡི་གེ་གསུམ་བསྒོམ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་གཞུག་པར་བྱའོ། །དེའི་ཐུགས་ཀར་རིན་པོ་ཆེའི་ཟ་མ་ཏོག་བསྒྲུབ་བྱ་དང་བཅས་པ་དམིགས་ལ། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། སྔར་བཞིན་གསོལ་བ་གདབ་པ་བྱས་ལ། བདག་གི་གནས་སུ་བསྒྲུབ་བྱའི་མིང་གཞུག་པར་བྱའོ། །དེ་ནས་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་ཞོན་ཏེ། བུམ་པའི་ནང་གི་བཅོམ་ལྡན་འདས་ཀྱི་སྐུ་ལ་ཕོག་པས་དེའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་བདུད་རྩི་དང་བརྟན་གཡོའི་བཅུད་རྣམས་བསྡུས་ནས། བཅོམ་ལྡན་འདས་ཀྱི་ཤངས་བུག་ནས་ཞུགས་ནས་བསྒྲུབ་བྱའི་ལུས་ལ་ཐིམ་ཞིང༌། ལྷག་མས་བུམ་པ་ཉིད་ཀྱང་ཡོངས་སུ་གང་བར་བསམས་ལ་བཟླས་པ་བྱའོ། །མཐར་མཆོད་པ་ལྔས་ཡང་དག་པར་མཆོད་ནས་བཟོད་པར་གསོལ་ནས་རང་ཉིད་ཇི་ལྟར་བདེ་བར་གནས་པར་བྱའོ། །ཡོངས་སུ་རྫོགས་པའི་ཚེ་ཡེ་ཤེས་པ་ལ་བཟོད་པར་གསོལ་ཞིང༌། གཤེགས་སུ་གསོལ་ནས་དམ་ཚིག་པ་བསྒྲུབ་བྱའི་ལུས་ལ་ཐིམ་པར་བསམ་མོ། །བུམ་པའི་ཆུས་བདག་དང་བསྒྲུབ་བྱའི་ལུས་བཀྲུ་བར་བྱའོ། །བུམ་པ་ལ་བརྟེན་པའི་ཆོ་གའོ། །ཚུལ་འདི་ཡང་བདག་གི་དོན་ལ་ལྷའི་རྣལ་འབྱོར་འབའ་ཞིག་གཙོ་ཆེ་ཞིང༌། སྔགས་ཀྱང་སྙིང་པོ་གཙོ་ཆེའོ། །གཞན་གྱི་དོན་ལ་བུམ་པའི་ཆོ་ག་གཙོ་ཆེ་ཞིང༌། སྔགས་ཀྱང་གཟུང་གཙོ་ཆེའོ། །ཞེས་གསུང་ངོ༌། །རྣལ་འབྱོར་པས་རྟག་ཏུ་ཉམས་སུ་བླངས་ནས། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་འགྱུར་ཞིང༌། མཐར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །བླ་མའི་ཞལ་ལས་ལེགས་པར་རྟོགས་པ་འདི། །བྱང་ཆུབ་སྙན་པར་གྲགས་པས་བསྐུལ་གྱུར་ནས། །དཔལ་ལྡན་འཕགས་པས་གཞན་གྱི་དོན་དུ་སྦྱར། །དགེ་བས་འགྲོ་ཀུན་ཚེ་དཔག་མེད་གྱུར་ཅིག །ཚུལ་འདི་ནི་སློབ་མའི་དམ་པ་གཅིག་གམ་གཉིས་ལ་སྦྱིན་ཞིང་མང་དུ་སྤེལ་བར་མི་བྱ་ཞིང་འབྱུང་ཁུངས་སྦ་བར་མི་བྱ་སྟེ། བླ་མ་དང་ཉེ་བར་གདམས་པ་ལ་བརྙས་པར་འགྱུར་རོ། །ཆུ་མོ་གླང་གི་ལོ་དགུན་ཟླ་ར་བའི་ཡར་གྱི་ངོ་ལ་སྨར་ཁམས་ཙམ་མདོའི་གཙུག་ལག་ཁང་དུ་ཡི་གེར་བཀོད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*