ཚེ་དཔག་མེད་ཀྱི་བསྟོད་པ་པདྨོའི་ཕྲེང་བ།

༼ཕ༽

༄༅། །ཚེ་དཔག་མེད་ཀྱི་བསྟོད་པ་པདྨོའི་ཕྲེང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དྲི་མེད་པདྨ་རཱ་གའི་མདངས་ལྡན་ཞིང༌། །མཚན་མཆོག་སུམ་ཅུ་གཉིས་དང་དཔེ་བྱད་བཟང༌། །བརྒྱད་ཅུས་ལེགས་སྤྲས་བདུད་རྩིས་ཡོངས་གང་བའི། །ལྷུང་བཟེད་མཉམ་བཞག་གིས་བསྣམས་ཕྱག་འཚལ་ལོ། །ཐེག་མཆོག་སྟོན་པ་ཡན་ལག་དྲུག་ཅུའི་དབྱངས། །སེང་གེའི་སྒྲ་ཡིས་བདུད་དང་གཤིན་རྗེའི་དཔའ། །ཀུན་ཏུ་འཇོམས་བྱེད་གདུལ་བྱའི་ཚོགས་སྐྱོང་བ། །ཚེ་དཔག་མེད་མགོན་གསུང་ལ་ཕྱག་འཚལ་ལོ། །རྣམ་པར་མི་རྟོག་མཁྱེན་པས་ཤེས་བྱར་ཁྱབ། །བྱམས་དང་ཐུགས་རྗེས་འགྲོ་ཀུན་རྗེས་འཛིན་ཅིང༌། །དབྱིངས་དང་ཡེ་ཤེས་ཀུན་ཏུ་རོ་གཅིག་པ། །ཡེ་ཤེས་ལྔ་ཡི་ཐུགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་རྒྱ་མཚོ་གཏིང་མཐའ་རབ་ཡངས་པ། །མི་འགག་འགྱུར་མེད་ཚེ་ཡི་ལྷུན་པོས་བརྒྱན། །ཡོན་ཏན་རིན་ཆེན་སྣ་ཚོགས་གཏེར་འཛིན་པ། །དཔག་ཡས་འབྱུང་བའི་རྟེན་ལ་ཕྱག་འཚལ་ལོ། །རང་བཞིན་ཆོས་སྐུའི་མཁའ་ལས་མ་གཡོས་ཀྱང༌། །སྣ་ཚོགས་ཕྲིན་ལས་འོད་ཟེར་རབ་བཀྱེ་བ། །མ་རིག་མུན་སེལ་ཚེ་དང་ཡེ་ཤེས་ཀྱི། །སྣང་བ་བསྐྱེད་པར་མཛད་ལ་ཕྱག་འཚལ་ལོ། །ནོར་བུ་དཔག་བསམ་ཤིང་དང་བུམ་བཟང་དང༌། །དྲང་སྲོང་གིས་སྦྱར་རིག་སྔགས་མཐུ་ཡིས་ཀྱང༌། །འདི་ལྟར་འགྲོ་བའི་དཔལ་འབྱོར་རྒྱས་བྱེད་ཅིང༌། །སྐྱེ་དགུའི་འདོད་ཡོན་གང་ལགས་བསྒྲུབ་བགྱིད་ན། །སྐྱབས་མཆོག་ཁྱོད་ནི་མགོན་དུ་ལེགས་བགྱིས་ནས། །གསང་སྔགས་རྒྱལ་པོ་རྟག་ཏུ་བརྗོད་བགྱིད་ཅིང༌། །རྩེ་གཅིག་ཡིད་ཀྱིས་གུས་པས་གསོལ་བཏབ་ཀྱང༌། །འདི་ལྟར་སྐལ་དམན་གྱུར་བ་ཅི་ཞིག་ཀྱེ། །དེ་ལྟར་དགོངས་ནས་མ་ལུས་མཁྱེན་པའི་ཐུགས། །ཐུགས་རྗེའི་དབང་གིས་བདག་ལ་དགོངས་ནས་ཀྱང༌། །ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི། །གཤིན་རྗེའི་གནོད་པ་རབ་ཏུ་བཟློག་ཏུ་གསོལ། །གཞན་ཡང་ནད་དང་ཉེ་བར་འཚེ་བ་དང༌། །ཀུན་རྟོག་ཀུན་ནས་ཉོན་མོངས་ལ་སོགས་པ། །འཇིག་རྟེན་འཇིག་རྟེན་འདས་པའི་རྒུད་པའི་རྐྱེན། །དེ་ཀུན་དྲུངས་ནས་དབྱུང་བར་མཛད་དུ་གསོལ། །འཆི་མེད་ཚེ་ཡི་དཔལ་དང་ལོངས་སྤྱོད་དང༌། །རིག་པའི་བློ་དང་རྣམ་གྲོལ་ཤེས་རབ་སོགས། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །བདག་ལ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །དེ་ལྟར་གསོལ་བས་ཐུགས་རྗེའི་འོད་ཟེར་གྱིས། །བདག་ཡིད་ཀུན་ནས་དང་བའི་དད་མཚོ་ལས། །རེ་བའི་འབྲས་བུས་ཡོངས་གང་ཡོན་ཏན་གྱི། །སྙིང་པོ་ཡོངས་རྫོགས་པདྨོ་རྒྱས་གྱུར་ཅིག །མངོན་པར་བསྟོད་ཅིང་རབ་ཏུ་གསོལ་བའི་ཚིག །པདྨོའི་ཕྲེང་བ་རྣམ་པར་སྤེལ་བ་འདིས། །ཚེ་དཔག་མེད་མགོན་ཐོབ་ཕྱིར་ཇིམ་གྱིམ་གྱིས། །རབ་ཏུ་བསྐུལ་ནས་འཕགས་པས་སྦྱར་བ་ཡིན། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་བསྟོད་པའི་ཚིག པདྨོའི་ཕྲེང་བ་ཞེས་བྱ་བ་འདི་ནི། ལུང་དང་རིགས་པའི་དེ་ཁོ་ན་ཉིད་སྨྲ་བ། འཕགས་པ་ཞེས་བྱ་བས་ས་ཕོ་སྟག་གི་ལོ་དབྱུ་གུའི་ཟླ་བའི་ཚེས་བརྒྱད་ལ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*