སྦྱོང་རྒྱུད་ནས་གསུངས་པའི་ཚེ་དཔག་མེད་ཀྱི་སྒྲུབ་པའི་ཐབས།

༼ཕ༽

༄༅། །སྦྱོང་རྒྱུད་ནས་གསུངས་པའི་ཚེ་དཔག་མེད་ཀྱི་སྒྲུབ་པའི་ཐབས་བཞུགས་སོ།།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔག་ཡས་བསོད་ནམས་ཚོགས་ལས་ཉེར་བསྒྲུབས་པས། །དཔག་ཡས་ཡོན་ཏན་ཚོགས་ལ་དབང་འབྱོར་ཞིང༌། །དཔག་ཡས་ཚེ་དང་ཡེ་ཤེས་མངའ་བརྙེས་པ། །ཚེ་དཔག་མེད་ལ་བཏུད་ནས་འདི་བཤད་བྱ། །དེ་ལ་བདག་བསྐྱེད་ནི་རྡོ་རྗེ་སེམས་དཔའ་དང་འདྲ་བ་ལས་འདི་བསྐྱེད་པའི་ས་བོན་ནི་བྷྲཱུྃ་མོ། །བསྐྱེད་སྔགས་ནི། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ་ཨ་པ་རི་མི་ཏཱ་ཨཱ་ཡུརྤུ་ཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལས་བསྐྱེད་པའོ། །ངོ་བོ་ནི་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པས་བདུད་རྩིས་གང་བའི་བུམ་པ་བསྣམས་པའོ། །ལྷག་མ་ནི་རྡོ་རྗེ་སེམས་དཔའ་དང་འདྲའོ། །བཟླས་པའི་སྔགས་ནི་གོང་མ་ཉིད་དོ། །སྙིང་པོ་ནི། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་ཝེ། ཨ་མི་ཏཱ་བི་ཀྲནྟེ། ཨ་མི་ཏཱ་ག་མི་ནི། ཨ་མི་ཏེ་ཨཱ་ཡུརྡཱ་དེ། ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་ཡེ་སྭཱ་ཧཱ། ཞེས་པའོ། །ཉེ་བའི་སྙིང་པོ་ནི། ཨོཾ་བྷྲཱུྃ་སྭཱ་ཧཱ། ཞེས་པའོ། །བཟླས་པ་རྫོགས་པའི་མཐར། མཆོད་པ་དང་བསྟོད་པ་ཚུལ་བཞིན་དུ་བྱའོ། །གཉིས་པ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་ནི། ཚུལ་བཞིན་དུ་བྲིས་པའི་དཀྱིལ་འཁོར་སུཾ་བྷའི་སྔགས་ཀྱིས་བསངས། ཨོཾ་ཤ་ཤཱུ་ནྱ་ཏཱ་ལ་སོགས་པའི་སྔགས་ཀྱིས་སྦྱངས། སྟོང་པའི་ངང་ལས། ཨོཾ་བྷ་ཞེས་བརྗོད་པས། སྲུང་བའི་འཁོར་ལོ་དང་བཅས་པའི་གཞལ་ཡས་ཁང་པའི་ནང་དུ། འཁོར་ལོ་སྔོན་པོ་རྩིབས་བཞི་པའི་ལྟེ་བ་དང༌། རྩིབས་བཞི་ལ་སོ་སོའི་གདན་གྱི་སྟེང་དུ་དབུས་ནས་བརྩམས་ཏེ། བྷྲཱུཾ་དང༌། ཧཱུྃ། ཏྲཱྃ། ཧྲཱིཿ ཀྲུཾ། རྣམས་སོ་སོའི་ཁ་དོག་དང་མཐུན་པ་ལས་འོད་ཟེར་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། དབུས་སུ་ཚེ་དཔག་ཏུ་མེད་པ་སྔར་སྨོས་པའི་མཚན་ཉིད་ཅན་བསྐྱེད་པའོ། །ཤར་དུ་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་ཐུགས་ཀར་རྡོ་རྗེ་འཛིན་པ། གཡོན་པས་དྲིལ་བུ་དཀུར་བརྟེན་པ། ལྷོར་ནམ་མཁའི་སྙིང་པོ་ནམ་མཁའི་མདོག་ཅན། གཡས་པས་རིན་པོ་ཆེ་དཔྲལ་བའི་ཐད་ཀར་འཛིན་ཅིང༌། གཡོན་པ་གདན་ལ་བརྟེན་པ། ནུབ་ཏུ་འཇིག་རྟེན་དབང་ཕྱུག་དཀར་པོ། གཡས་པ་མཆོག་སྦྱིན། གཡོན་པས་པདྨ་དཀར་པོ་འཛིན་པ། བྱང་དུ་རྡོ་རྗེ་ལས་ལྗང་གུ་གཡས་པས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་པས་དྲིལ་བུ་དཀུར་བརྟེན་པ། ནང་གི་ཤར་ལྷོ་ནས་བརྩམས་ཏེ་གྲྭ་བཞིར། ཧཱུྃ། ཏྲཱྃ། ཧྲཱིཿ ཨཱཿལས། སྒེག་མོ། ཕྲེང་བ་མ། གླུ་མ། གར་མ་རྣམས་བསྐྱེད། ཕྱིའི་ཤར་ལྷོར་ནས་བརྩམས་ཏེ་གྲྭ་བཞིར། ཧཱུྃ། ཏྲཱྃ། ཧྲཱིཿ ཨཱཿལས། བདུག་སྤོས། མེ་ཏོག མར་མེ། དྲི་མ་རྣམས་བསྐྱེད་དོ། །ཤར་ནས་བརྩམས་ཏེ་སྒོ་བཞིར། ཛཿཧཱུྃ་བྃ་ཧོཿལས་སྒོ་བ་བཞི་བསྐྱེད་དོ། །ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ། རྡོ་རྗེ་ལས་ནི་ཅུང་ཟད་ཁྲོས་པའི་རྣམ་པ་ཅན་ཡིན་ལ། གཞན་རྣམས་ནི་ཞི་བའི་སྐུའོ། །དེ་ནས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་པ་ལ་སོགས་པས་སྤྱན་དྲང༌། ཛཿཧཱུྃ་བྃ་ཧོཿལ་སོགས་པས་གཉིས་སུ་མེད་པར་བསྟིམ། དེ་ནས་ཡེ་ཤེས་པ་དབབ་པ་མན་ཆད་ནི་བདག་བསྐྱེད་དང་འདྲའོ། །དེ་ནས་མཆོད་པ་ནི། གཞན་ལ་ཕན་པའི་འོད་ཟེར་ལས་འབྱུང་བ་དང་མཚུངས་སོ། །བསྟོད་པ་ཅི་ཤེས་པས་བསྟོད། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཅི་འདོད་པའི་དངོས་གྲུབ་བླང་ངོ༌། །གསུམ་པ་བུམ་པའི་ཆོ་ག་ནི། བུམ་པ་བསང་བ་དང་སྦྱང་བ་བྱས་ལ། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་བྷྲཱུྃ་ལས་བུམ་པ་བསྐྱེད་ལ། དེའི་ནང་དུ་འཁོར་ལོ་རྩིབས་བཞི་པ་ལ་རྩ་བའི་ལྷ་ལྔའམ་ཡང་ན་ལྷ་བཅུ་བདུན་པོ་ཐམས་ཅད་སྔ་མ་བཞིན་དུ་བསྐྱེད། མཆོད་པ་དང་བསྟོད་པ་བྱ། ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པའི་ནང་དུ་བསྒྲུབ་བྱ་བསྐྱེད་ལ། རང་གི་སྙིང་གའི་བྷྲཱུྃ་ལས་འོད་འཕྲོས། བུམ་པའི་ནང་གི་གཙོ་བོའི་ཐུགས་ཀར་ཕོག དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་བདུད་རྩིའི་རྣམ་པས་བཀུག ཕྱག་གི་བུམ་པའི་ནང་དུ་ཞུགས། བསྒྲུབ་བྱའི་སྙིང་གའི་བྷྲཱུྃ་ལ་ཐིམ་པས་ཚེ་སྤེལ་ནས་བྷྲཱུྃ་དེ་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་གྱུར། བདུད་རྩིའི་ལྷག་མས་ཕྱིའི་བུམ་པ་ཡོངས་སུ་གང་བར་བསྒོམ་ཞིང་སྔ་མས་སྔ་མ་རྣམས་བཟླའོ། །འཁོར་གྱི་ལྷ་རྣམས་ཀྱི་སྔགས་ནི། ཨོཾ་ཧཱུྃ་སྭཱ་ཧཱ། ཕྱག་ན་རྡོ་རྗེའི་འོ། །ཨོཾ་ཏྲཱཾ་སྭཱ་ཧཱ། ནམ་མཁའི་སྙིང་པོའིའོ། །ཨོཾ་ཧྲཱིཿསྭཱ་ཧཱ། སྤྱན་རས་གཟིགས་ཀྱིའོ། །ཨོཾ་ཀྲུྃ་སྭཱ་ཧཱ། རྡོ་རྗེ་ལས་ཀྱིའོ། །མཆོད་པའི་ལྷ་དང་སྒོ་བ་རྣམས་ཀྱང་སོ་སོའི་ས་བོན་ཨོཾ་དང་སྭཱ་ཧཱ་དང་སྤེལ་བའོ། །དེ་ལྟར་བཟླས་པ་ཚར་བ་དང་མཆོད་པ་དང་བསྟོད་པ་བྱའོ། །བཞི་པ་གཏོར་མ་བྱིན་གྱིས་བརླབ་པ་ནི། གཞན་དང་འདྲ་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཨ་ཀཱ་རོའི་སྔགས་ཀྱིས་དབུལ་ལོ། །དེ་ནས་ཕྱོགས་སྐྱོང་དང་འབྱུང་པོའི་ཚོགས་ལ་སོ་སོའི་ཆོ་གས་གཏོར་མ་སྦྱིན་ནོ། །སླར་ཡང་དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་བསྟོད་ནས་འདོད་པའི་དོན་ལ་གསོལ་བ་གདབ། ཆོ་ག་ལྷག་ཆད་བཟོད་པར་གསོལ་ཞིང་དགེ་བའི་རྩ་བ་བསྔོའོ། །གཏོར་མའི་མགྲོན་གཤེགས་སུ་གསོལ། ཚུལ་དེ་ལྟར་ཐུན་བཞིའམ་དྲུག་གིས་ངེས་པར་རྒྱུན་དུ་བསྒྲུབ་པར་བྱའོ། །དེ་ནས་རྨི་ལམ་ལ་སོགས་པ་ལྟས་བཟང་པོ་མཐོང་བ་དང༌། སྔ་མ་བཞིན་དུ་ཆོ་ག་རྣམས་རྫོགས་པ་དང༌། དཀྱིལ་འཁོར་དང་བུམ་པའི་ལྷ་ཡེ་ཤེས་པ་རྣམས་ལ་བཟོད་པར་གསོལ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་པ་དང༌། ཡི་གེ་བརྒྱ་པའི་མཐར་མུཿ ཞེས་བརྗོད་ལ་གཤེགས་སུ་གསོལ་ལོ། །དཀྱིལ་འཁོར་གྱི་དམ་ཚིག་པ་རྣམས་བདག་ལ་བསྡུ། བུམ་པའི་དམ་ཚིག་པ་རྣམས་ཞུ་བ་ལས་བྱུང་བའི་ཆུར་བསམས་པས་རང་དང་གཞན་གྱི་དོན་ཁྲུས་ལ་སོགས་པ་བྱ། རྡུལ་ཚོན་རྣམས་ཆུ་བོ་ལ་སོགས་པར་དོར་ནས། དཀྱིལ་འཁོར་གྱི་རྗེས་བ་བྱུང་དང་དྲི་བཟང་གིས་བྱུགས་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ནས་དགའ་སྟོན་ལ་ལོངས་སྤྱོད་དོ། །མཇུག་གི་ཆོ་གའོ། །ཆོ་ག་མ་ལུས་པར་རྫོགས་པར་བསྟན་ཟིན་ཏོ། །དུས་མིན་འཆི་བ་ངེས་པར་འཇོམས་བྱེད་པའི། །ཆོ་གའི་རིམ་པ་ངན་སོང་སྦྱོང་རྒྱུད་ལས། །ལེགས་པར་གསུངས་པ་བླ་མའི་མན་ངག་གིས། །གསལ་བར་བྱས་པ་འདི་ནི་འཕགས་པས་སྦྱར། །དེ་ལས་དགེ་བ་རྒྱ་ཆེན་གང་བསྐྲུན་པ། །དེ་ཡིས་འགྲོ་བ་མ་ལུས་འཆི་བདག་གི །གཡུལ་ལས་རྣམ་པར་འདས་ནས་ཚེ་ཡི་དཔལ། །བདེ་དགའ་རྒྱ་མཚོས་བརྒྱན་པ་ཐོབ་པར་ཤོག །ས་མོ་ལུག་གི་ལོ་དབྱར་ཟླ་འབྲིང་པོའི་ཚེས་ཉི་ཤུ་གསུམ་ལ། རྒྱལ་བུ་བྱང་ཆུབ་སེམས་དཔའི་ཕོ་བྲང་ཆེན་པོར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*