བླ་མ་ལྔ་བཅུ་པའི་བསྡུས་དོན།

༼ཕ༽

༄༅། །བླ་མ་ལྔ་བཅུ་པའི་བསྡུས་དོན་བཞུགས།།

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གང་གིས་བསྐལ་པ་དུ་མར་རྙེད་དཀའ་བའི། །བྱང་ཆུབ་ཚེ་འདི་ཉིད་ལ་སྟེར་མཛད་པའི། །བླ་མའི་ཞབས་པད་བཏུད་ནས་མགོན་པོ་དེའི། །མཉེས་བྱེད་གཞུང་གི་བསྡུས་དོན་བྲི་བར་བྱ། །སློབ་དཔོན་ཆེན་པོ་བྷ་ཝི་ལྷས་མཛད་པའི་བླ་མ་མཉེས་པར་བྱེད་པའི་ཐབས་སྟོན་པའི་གཞུང་གི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་འདིའི་བསྡུས་པའི་དོན་ལ་གསུམ་སྟེ། རྩོམ་པ་དང་འབྲེལ་པ་ཀླད་ཀྱི་དོན། བརྩམ་པར་བྱ་བ་སྐབས་ཀྱི་དོན། མཐར་ཕྱིན་པ་མཇུག་གི་དོན་ཏོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བའོ། །སྐབས་ཀྱི་དོན་ལ་གཉིས། སངས་རྒྱས་ཀྱིས་བླ་མ་བཀུར་བས་ཞིང་དམ་པར་བསྟན་པ་དང༌། དེ་ཇི་ལྟར་བཙལ་ཞིང་བསྟེན་པའི་ཚུལ་ལོ། །དེ་ལ་གཉིས། སློབ་དཔོན་དུ་མ་གྱུར་པའི་གོང་དུ་ཇི་ལྟར་བྱ་བ་དང༌། སློབ་དཔོན་དུ་གྱུར་ནས་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། སྤྱིར་སློབ་དཔོན་དུ་གསོལ་བ་གདབ་པའི་ཚུལ། བྱེ་བྲག་ཏུ་ཁྱིམ་པ་དང་གསར་བུ་ལ་ཇི་ལྟར་བྱ་བ། ཕན་ཚུན་ཡིད་ཆེས་པའི་དོན་དུ་འབྲེལ་པ་བརྟག་པའོ། །གཉིས་པ་ལ་གཉིས། གཞན་གྱིས་སྨོད་པ་སྤང་བའི་དོན་དུ་ཕྱག་མི་བྱ་བ། རང་གི་ཚོགས་རྫོགས་པའི་དོན་དུ་བཀུར་སྟི་གཞན་བྱ་བའོ། །གསུམ་པ་འབྲེལ་པ་བརྟག་པ་ལ་གཉིས། འབྲེལ་བརྟག་དགོས་པའི་རྒྱུ་མཚན་དང༌། མཚན་ཉིད་དོ། །དེ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ལ་གཉིས། སྤང་བྱའི་མཚན་ཉིད་དང༌། བསྟེན་བྱའི་མཚན་ཉིད་དོ། །སྤྱི་དོན་གཉིས་པ་སློབ་དཔོན་དུ་གྱུར་ནས་ཇི་ལྟར་བྱ་བ་ལ་གསུམ། བླ་མ་མཉེས་པར་བྱ་དགོས་པའི་རྒྱུ་མཚན་གཙོ་བོར་བསྟན་པ་དང༌། མཉེས་པར་བྱེད་པའི་ཐབས་གཙོ་བོར་བསྟན་པ་དང༌། ཐབས་ནམ་སྦྱིན་པའི་དུས་སོ། །དང་པོ་ལ་གསུམ། མ་མཉེས་པའི་ཉེས་དམིགས་མཉེས་པའི་ཕན་ཡོན། བླ་མ་ལ་ཇི་ལྟར་བལྟ་བའོ། །དང་པོ་ལ་གཉིས། ཉེས་དམིགས་དངོས་དང༌། དེས་ན་མི་སྨད་པར་བྱ་བའོ། །དང་པོ་ལ་གཉིས། རྒྱུ་མཚན་དང་བཅས་པའི་མདོར་བསྟན། རྒྱས་བཤད་དོ། །དེ་ལ་གཉིས། མཐོང་ཆོས་ལ་མྱོང་བའི་ཉེས་དམིགས་དང༌། རྣམ་སྨིན་གྱི་ཉེས་དམིགས་སོ། །གཉིས་པ་མཉེས་པའི་ཕན་ཡོན་ལ་གསུམ། ཕན་ཡོན་དངོས། མཉེས་པར་བྱེད་པའི་ཚུལ། མཉེས་ནས་དངོས་གྲུབ་བྱུང་བ་འཐད་པ་དང་བཅས་པའོ། །དང་པོ་ལ་གསུམ། མཐོང་ཆོས་ཀྱི་ཕན་ཡོན། གང་གིས་བསྟེན་པའི་ཐབས་དངོས། མཐར་ཐུག་པའི་ཕན་ཡོན་ནོ། །གཉིས་པ་མཉེས་པར་བྱེད་པའི་ཚུལ་ལ་གཉིས། ཐུན་མོང་གི་བསླབ་བྱ་ལ་བསླབ་པ་དང༌། གང་གིས་མཆོད་པའི་ཡོ་བྱད་དོ། །སྤྱི་དོན་གཉིས་པ་མཉེས་པར་བྱེད་པའི་ཐབས་གཙོ་བོར་བསྟན་པ་ལ་གཉིས། བསླབ་བྱ་རྒྱས་པར་བཤད་པ་དང༌། མདོར་བསྡུ་བའོ། །དང་པོ་ལ་གསུམ། རང་གིས་ཇི་ལྟར་བྱ་བ་དང༌། གྲོགས་ཀྱི་བྱ་བ་ངན་པ་ལས་བཟློག་པ་དང༌། ཉེས་པར་མི་འགྱུར་བའི་སྐབས་དཔྱད་པའོ། །དང་པོ་ལ་དྲུག འགོམ་པར་མི་བྱ་བ། བཀའ་ལས་མི་འདའ་བ། བླ་མའི་རྫས་དང་འཁོར་ལ་ཇི་ལྟར་བལྟ་བ། ཀུན་ཏུ་སྤྱོད་པའི་རིམ་པ། སློབ་དཔོན་གྱི་ལས་རྗེས་སུ་མ་གནང་བར་མི་བྱ་བ། གནང་ནས་བྱས་པའི་རྙེད་པས་བླ་མ་བཀུར་བའོ། །གཉིས་པ་ལ་གཉིས། བཀའ་བཞིན་བསྒྲུབ་ཅིང་མི་ནུས་ན་ཚིག་གི་སྦྱང་བ་དང༌། དེའི་འཐད་པའོ། །གསུམ་པ་ལ་བཞི། བྱ་བ་དང་བྱ་བ་མ་ཡིན་པའི་དབྱེ་བ། ང་རྒྱལ་སྤང་བ། བག་ཡོད་པར་བྱ་བ། མི་རིགས་པ་གཞན་བརྟགས་ནས་འདོར་བའོ། །དང་པོ་ལ་བདུན། མ་གུས་པའི་སྤྱོད་པ་སྤང་བ། གུས་པས་ཞབས་འབྲིང་བྱ་བ། མཚན་སྨོས་པའི་ཚུལ། བསྒོ་བ་ཉན་པ་དང་ཞུ་བའི་ཚུལ། བྱ་བ་བྱས་པ་གདམས་པའི་ཚུལ། བྱས་ནས་ཇི་ལྟར་གནས་པའི་ཚུལ། ཆོས་ཞུ་བའི་ཚུལ་ལོ། །སྤྱི་དོན་གསུམ་པ་ཐབས་ནམ་སྦྱིན་པའི་དུས་ལ་གཉིས། གཞུང་འདི་སྦྱིན་པའི་དུས་དང༌། དམ་ཚིག་གཞན་སྦྱིན་པའི་དུས་སོ། །བསྡུས་དོན་བྱེད་པ་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོ་ཉིད་ཡིན་འདི་ལ་གང་འགལ་བ། །དེ་ལ་མཁས་མཆོག་རྣམས་ཀྱིས་བཟོད་པར་མཛོད། །དགེ་བ་གང་དེས་འགྲོ་ཀུན་རྒྱལ་གྱུར་ཅིག །མེ་ཕོ་འབྲུག་ལོ་སྨིན་དྲུག་གི །ཉི་ཤུ་ལྔ་ཡི་ཉིན་པར་ནི། །རི་བོ་རྩེ་ལྔའི་དབང་ལྡན་མཚམས། །ཧུ་ཆུ་ཞེས་བྱར་བྲིས་པའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*