རྡོ་རྗེ་ཐེག་པའི་རྩ་ལྟུང་གི་རྣམ་བཤད་དམ་ཚིག་རབ་གསལ།

༼ཕ༽

༄༅། །རྡོ་རྗེ་ཐེག་པའི་རྩ་ལྟུང་གི་རྣམ་བཤད་དམ་ཚིག་རབ་གསལ་བཞུགས།།

༄༅། །རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལཱངྒཱ་པཏྟི་བྱཱ་ཁྱཱ་ནཾ་ས་མ་ཡ་པྲ་ཀཱ་ཤ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཐེག་པ་རྩ་བ་དང་ཡན་ལག་གི་ལྟུང་བའི་རྣམ་པར་བཤད་པ་དམ་ཚིག་རབ་ཏུ་གསལ་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དམ་ཚིག་གྲུབ་པ་དམ་ཚིག་རྡོ་རྗེ་དང༌། །གཉིས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ནས། །སྒྲུབ་པོའི་དམ་ཚིག་རྣམ་པར་དག་བྱའི་ཕྱིར། །དམ་ཚིག་རབ་ཏུ་གསལ་བ་བཤད་པར་བྱ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཐེག་པ་མཐའ་དག་གི་ལམ་གྱི་རྩ་བ་དང་རང་བཞིན་དུ་གྱུར་པ་ནི། སོ་སོའི་སྡོམ་པ་ཡིན་ཏེ། ཐེག་པ་ཆུང་ངུའི་དབང་དུ་བྱས་ནས། ཇི་སྐད་དུ་སོ་སོར་ཐར་པའི་མདོ་ལས། དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། །ངེས་པར་ཐར་པ་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་བསྲུང༌། །ཞེས་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དབང་དུ་བྱས་ནས། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་པ་དང༌། རིག་པ་འཛིན་པའི་སྡེ་སྣོད་ཀྱི་དབང་དུ་བྱས་ནས། གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་གསང་སྔགས་ཀྱི་རྒྱུད་སྡེ་བཞི་པོའི་སྨིན་པར་བྱེད་པའི་དབང་མི་འདྲ་བའི་ཕྱིར། དམ་ཚིག་གི་རྣམ་པར་གཞག་པའང་ཅུང་ཟད་མི་འདྲ་བ་ལས། འདིར་སྐབས་སུ་བབ་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དམ་ཚིག་གི་རྣམ་པར་གཞག་པ་བརྗོད་པར་བྱའོ། །དེའང་དམ་ཚིག་རང་གི་ངོ་བོ་གང་ཡིན་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ། ཉམས་པའི་ཉེས་དམིགས། མ་ཉམས་པར་བསྲུངས་པའི་ཕན་ཡོན་ལྔས་ངེས་པར་བྱ་བ་ལས། དང་པོ་ནི། སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ཁྱད་པར་ཅན་ཇི་ལྟར་ཁས་བླངས་པ་ལས་མི་འདའ་བར་བསྲུང་བའི་སེམས་པ་རྒྱུན་ཆགས་པ་ཅན་ནོ། །གཉིས་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་ནི། ཡན་ལག་ཕུན་སུམ་ཚོགས་པའི་དབང་བསྐུར་བ་ཉིད་དོ། །གསུམ་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ་ལ། བསྲུང་བྱ་དམ་ཚིག་གི་རང་བཞིན། དེ་ཇི་ལྟར་བསྲུང་བའི་ཐབས། ཉམས་ན་སླར་བཅོས་པའི་ཚུལ་གསུམ་གྱི་དང་པོ་ལའང༌། བསྲུང་བ། བཟའ་བ། མི་འབྲལ་བ། བསྒྲུབ་པའི་དམ་ཚིག་བཞི་ལས། དང་པོ་ནི་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་སོ། །དེ་སྟོན་པའི་གཞུང་མཛད་པའི་སློབ་དཔོན་ནི། གཞན་དག་ན་རེ། སློབ་དཔོན་ཀླུ་སྒྲུབ་དང༌། བྷ་ཝི་ལྷ་ལ་སོགས་པ་ཡིན་ཟེར་ལ། རྗེ་བཙུན་ཤཱཀྱ་ཡེ་ཤེས་ཀྱི་ཞལ་སྔ་ནས་ནི། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་མཛད་ཅེས་གསུང་ཞིང་རྗེ་ས་སྐྱ་པ་ཡབ་སྲས་ནི་འདི་དག་རྒྱུད་ཀྱི་ཚིག་ཡིན་པའི་ཕྱིར། དེ་དག་ཐམས་ཅད་ཀྱིས་ཕྱུང་ནས་བསྡེབས་པ་ལ་འགལ་བ་མེད་དོ། །ཞེས་གསུང་ངོ༌། །རྒྱུད་གང་ནས་ཕྱུང་ན། ཇི་ལྟ་བ་བཞིན་གསང་བ་འདུས་པའི་རྒྱུད་འབུམ་པ་ན་བཞུགས་ཞེས་གྲགས་ལ། ཅུང་ཟད་ཚུལ་མི་འདྲ་བ་ནི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང༌། ཅུང་ཟད་མ་ཚང་ཞིང་གོ་རིམ་འཁྲུགས་པ་ནི་རྡོ་རྗེ་གུར་དང༌། གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་རྣམས་ལས་འབྱུང་ངོ༌། །འདིའི་དོན་ནི་གཉིས་ཀྱིས་བསྡུས་ཏེ། རྩ་བའི་ལྟུང་བ་དང༌། ཡན་ལག་གི་ལྟུང་བའོ། །དང་པོ་ལ་ཀླད་ཀྱི་དོན་དང༌། གཞུང་གི་དོན་གཉིས་ལས། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་ཀླད་ཀྱི་དོན་ནི། གང་ཟག་རྩོམ་པ་པོའི་བསམ་པ་ཀུན་ནས་དང་བའི་དད་པས་ཡུལ་དབང་བསྐུར་བ་ཐོབ་ཅིང་རྒྱུད་དང་མན་ངག་སྟོན་པའི་བླ་མའི་ཞབས་ཀྱི་པདྨོ་ལ་ཚུལ་བསྟོད་པ་བརྗོད་ཅིང༌། ལུས་སྨད་ལྔ་ས་ལ་གཏུགས་པས་བཏུད་དེ། རྩ་བའི་ལྟུང་བ་བཅུ་བཞི་ནི། ཉན་ཐོས་ཀྱི་ཁྲིམས་ལྟར་དུས་དང༌། གནས་དང༌། གང་ཟག་སོ་སོ་ལ་རིམ་གྱིས་བཅས་པ་ནི་མ་ཡིན་གྱི། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་ཅིག་ཅར་རྣམ་པར་བཅས་ཤིང༌། གོང་དུ་སྨོས་པའི་རྒྱུད་དག་ལས་གསུངས་པའི་དོན། ལས་དང་པོ་པ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། གསལ་བ་དང༌། ཚང་བ་དང༌། གོ་རིམ་ངེས་པ་དང༌། ཉུང་ངུའི་ཚིག་གིས་བཤད་པར་བྱ། ཞེས་བྱ་བའི་དོན་ཏོ། །གཉིས་པ་གཞུང་གི་དོན་ནི། ལྟུང་བའི་རང་བཞིན་ངེས་པར་བྱ་བ། བསྲུངས་པའི་ཕན་ཡོན། མ་བསྲུངས་པའི་ཉེས་དམིགས། མི་འབྱུང་བར་བྱ་བའི་ཐབས། བྱུང་བ་ཕྱིར་བཅོས་པ་སྟེ། ལྔས་བསྡུས་པ་ལས་དང་པོ་ལའང་ཐུན་མོང་གི་རྣམ་གཞག་དང༌། སོ་སོའི་རྣམ་གཞག་གཉིས་སོ། །དང་པོ་ནི་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ། བཅུ་བཞིར་གྲངས་ངེས་པ། གོ་རིམ་ངེས་པ། ཡན་ལག་བརྩི་བ། ལྟུང་བར་འགྱུར་བའི་རྒྱུ་མཚན། ཆེ་འབྲིང་རྣམ་པར་གཞག་པ། ལྟུང་བ་མེད་པའི་སྐབས་དཔྱད་པ། བདུན་གྱིས་བསྡུས་པ་ལས། དང་པོ་ནི་གང་ཞིག་སྤྱད་པས་ལྗོན་པའི་རྩ་བ་བཅད་པ་ལྟར། ལམ་གྱི་རྩ་བ་བཅད་པས་ཡན་ལག་བསྲུངས་ཀྱང་ཕན་ཡོན་མི་འབྱུང་བར་འོག་ནས་འོག་ཏུ་ལྟུང་བར་འགྱུར་ལ། དེ་ཉིད་བསྲུངས་ན་རྩ་བ་མ་ཉམས་པའི་ལྗོན་ཤིང་བསྐྱེད་པ་ལྟར། ཡན་ལག་ཅུང་ཟད་ཉམས་ཀྱང་འབྲས་བུ་འབྱིན་པས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་ཕྱིར། རྩ་བའི་ལྟུང་བ་སྟེ། བླ་མ་ལ་བརྙས་པ་ལ་སོགས་པ་རྣམས་སོ། །བཅུ་བཞིར་གྲངས་ངེས་པ་ནི། རྩ་བ་གཅོད་པའི་ཆོས་འདི་སྙེད་དུ་འདུ་བར་དགོངས་ནས། རྡོ་རྗེ་འཆང་ཉིད་ཀྱིས་རྩ་བའི་ལྟུང་བ་བཅུ་བཞིར་གསུངས་པའི་ཕྱིར་རོ། །གོ་རིམ་ངེས་པ་ནི། སྔ་མ་སྔ་མ་ལྕི་ལ། ཕྱི་མ་ཕྱི་མ་ཡང་བར་དགོངས་སོ། །ཞེས་བླ་མ་རྣམས་གསུང་ངོ༌། །ཡན་ལག་བརྩི་བ་ནི་ལྔ་སྟེ། རྟེན་གྱི་གང་ཟག་དམ་ཚིག་དང་ལྡན་ཞིང་རྒྱུད་རང་བཞིན་དུ་གནས་པའོ། །ཡུལ་ནི་བླ་མ་ལ་སོགས་པ་བཅུ་བཞི་སྟེ། དེ་ལ་དེར་ཤེས་པ་དང་བཅས་པའོ། །ངོ་བོ་ནི་བརྙེས་པ་ལ་སོགས་པ་སྟེ། ཡིད་ཀྱིས་རྫོགས་པ་རྣམས་ལ་ཡིད་འབའ་ཞིག་དང༌། གཞན་རྣམས་ལུས་ངག་གིས་གྲོགས་བྱས་པའོ། །རྒྱུ་ནི་མི་ཤེས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་མང་བ་དང༌། མ་གུས་པའི་དབང་གིས་ལས་དེ་དག་བྱེད་པར་འདུན་པས་ཀུན་ནས་བསླང་བའོ། །དུས་སྐབས་ནི། ཡིད་ཀྱིས་རྫོགས་པའི་ལྟུང་བ་བཞི་པ། ལྔ་པ། དགུ་པ། བཅུ་གཅིག་པ་རྣམས་ཀྱི་ཉིན་མཚན་གྱི་དྲུག་ཆ་ཡིན་ལ། གཞན་རྣམས་ནི་བྱ་བ་ཟིན་པར་བྱས་པ་ཉིད་དོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། དབང་གི་སྐབས་སུ་རང་གིས་ཁས་བླངས་པ་དང་འགལ་ཞིང་ལམ་གྱི་རྩ་བའི་མི་མཐུན་པའི་ཕྱོགས་བསྟེན་པའི་ཕྱིར་རོ། །ཆེ་འབྲིང་རྣམ་པར་གཞག་པ་ནི། ལྟུང་བ་རྣམས་ཀྱི་ཡུལ་མཆོག་དང་མང་པོ་ལ་ཆེན་པོ་དང༌། འབྲིང་ལ་འབྲིང་དང༌། དམན་པ་དང་ཉུང་ངུ་ལ་ཉུང་ངུ་སྟེ་ལྟུང་བ་ལྔ་པ། དགུ་པ། བཅུ་གཅིག་པ། བཅུ་གསུམ་པ་ལ་ནི་དབྱེ་བ་མེད་དོ། །བསམ་པ་ཉོན་མོངས་པས་ཀུན་ནས་བསླང་བ་ཆེན་པོ། མ་གུས་པ་དང༌། བག་མེད་པ་འབྲིང༌། མི་ཤེས་པས་བསླང་བ་ཆུང་ངུའོ། །ངོ་བོ་ནི་ལུས་ངག་ཡིད་གསུམ་ཀ་ཚང་ན་ཆེན་པོ། གཉིས་འབྲིང༌། ཡིད་གཅིག་པུ་ཆུང་ངུ་དང༌། ཡིད་ཁོ་ནས་རྫོགས་པ་ལ་ནི་ཡིད་ཀྱི་ལས་དྲག་ཞན་གྱིས་འཇོག་གོ །ཉེས་པར་བྱེད་པ་ནི། ཡུལ་ལ་གནོད་པ་ཆེ་ཆུང་གིས་གཞག་སྟེ། དགུ་པ་དང༌། བཅུ་གཅིག་པ་ལ་ནི་མེད་དོ། །ལན་གྲངས་ནི། གྲངས་མང་ཉུང་གིས་རྣམ་པར་གཞག་གོ །ཆེ་འབྲིང་རྣམ་པར་གཞག་པ་འདི་དག་ཆུང་ངུ་སྤྱད་ཀྱང་རྩ་བའི་ལྟུང་བར་འགྱུར་བའི་ཕྱིར་དང༌། ལན་ཅིག་སྤྱད་པས་རྩ་བ་ཉམས་པའི་ཕྱིར་དང༌། ཕྱི་མ་ལྟུང་བ་མི་འགྱུར་བས་ལྟུང་བའི་སྒོ་ནས་འཇོག་པ་མ་ཡིན་ལ། རྣམ་སྨིན་གྱི་སྒོ་ནས་རྣམ་པར་འཇོག་པའོ། །ལྟུང་བར་མི་འགྱུར་བ་ནི། ཇི་སྐད་བཤད་པའི་ཡན་ལག་རྣམས་མ་ཚང་ན་བཤགས་བྱ་ཡིན་ལ། བསམ་པ་དགེ་བས་ཀུན་ནས་བསླང་བ་དང༌། དོན་ཆེན་པོ་གཞན་མཐོང་ན་ནི་ཉེས་པ་གཏན་མེད་དོ། །གཉིས་པ་སོ་སོའི་རྣམ་གཞག་ནི་བཅུ་བཞི་སྟེ། རེ་རེ་ལའང་གཞུང་ནས་ཡུལ་དང་ངོ་བོ་འབྱུང་ལ། ཀུན་སློང་བསམ་པ་དང༌། དུས་སྐབས་དང༌། མི་འབྱུང་བར་བྱ་བའི་ཐབས་རྣམས་ཀྱིས་མི་འདྲ་བའི་ཁྱད་པར་བསྟན་ཏེ། ལྔ་ལྔས་ངེས་པར་བྱ་བའོ། །དེ་ལ་རྩ་བའི་ལྟུང་བ་དང་པོ་ནི། རྒྱུ་མཚན་གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་འཛིན་པ་དེས་སྒྲུབ་པ་པོའི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དབང་བསྐུར་བ་ཡང་དག་པར་ཐོབ་པའི་རྡོ་རྗེ་སློབ་དཔོན་གྱིས་ཉེ་བར་བསྟན་པ་དང༌། བྱིན་གྱིས་བརླབས་པའི་བཀའ་དྲིན་གྱི་རྗེས་སུ་འབྲང་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་དང༌། ཡང་དག་པར་སྦྱོར་བ་དང༌། རྡོ་རྗེ་གུར་གྱི་རྒྱུད་ལ་སོགས་པ་རྣམས་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་དང༌། ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །ཞེས་པ་དང༌། སངས་རྒྱས་རྡོ་རྗེ་སེམས་དཔའ་དང༌། །རྡོ་རྗེ་ཆོས་དང་གཟི་བརྗིད་དང༌། །བདུན་གྱི་རྒྱལ་པོའི་དངོས་གྲུབ་ནི། །གང་ཕྱིར་དེ་ཡིས་དཀའ་བ་མེད། །ཅེས་བྱ་བ་ལ་སོགས་པ་དུ་མ་གསུངས་ལ། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ། དེ་བཞིན་གཤེགས་པ་འབའ་ཞིག་ཚད་མ་ཡིན་ལ་དེ་བས་ན་ཡུལ་བླ་མ་དེ་ལའོ། །དབང་མ་བསྐུར་བའི་སློབ་དཔོན་ནི་སློབ་དཔོན་ཡིན་གྱི། བླ་མ་དང་རྡོ་རྗེ་སློབ་དཔོན་མ་ཡིན་པས་བརྙས་ཀྱང་རྩ་བའི་ལྟུང་བར་མི་འགྱུར་ལ་དེ་དང་ཆ་མཐུན་པའི་ཉེས་པ་ཆེན་པོར་འགྱུར་བས་ཚུལ་བཞིན་དུ་བཤགས་ན་འདག་པ་ཉིད་དོ། །དེ་ལྟར་ན་བླ་མ་ནི་སྔགས་དང༌། རྒྱུ་དང༌། མན་ངག་སྦྱིན་པའོ། །ཞེས་གསུམ་དང༌། དམ་ཚིག་ཀློག་པ་སྦྱིན་པ་དང༌། །འཆད་བྱེད་མན་ངག་སྟོན་པ་དང༌། །དབང་བསྐུར་བ་དང་ལས་བྱེད་དང༌། །དེ་རྣམས་སློབ་དཔོན་ཞེས་བཤད་དོ། །ཞེས་དྲུག་ཏུ་གསུངས་པ་དང་མི་འགལ་ལམ་ཞེ་ན། དེ་ནི་བླ་མ་དང་སློབ་དཔོན་གྱི་མིང་འཇུག་པའི་དབྱེ་བ་ཡིན་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་མཛད་པའི་མཆོག་དངོས་སུ་མཛད་པས། དེ་མཉེས་ན་སངས་རྒྱས་ཐམས་ཅད་མཉེས་པས། སངས་རྒྱས་ཀྱི་དངོས་གྲུབ་ཀྱང་བདེ་བླག་ཏུ་སྩོལ་ཞིང༌། དེ་ལ་བརྙས་པས་མ་མཉེས་ན་རྩ་བའི་ལྟུང་བ་དང་པོ་བསྐྱེད་པས་རྒྱལ་བ་ཐམས་ཅད་མི་མཉེས་ཤིང༌། མནར་མེད་པའི་སེམས་ཅན་དམྱལ་བར་སྲེག་པར་བྱེད་པ་ཡིན་ལ་དེ་ནི་དབང་བསྐུར་བ་ལ་ཡོད་ཀྱི་གཞན་ལ་མེད་དེ། དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ཞེས་པ་དང༌། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་གསུངས་ལ་དེ་ལ་དགོངས་ནས་ཆོས་ཀྱི་རྗེའི་ཞལ་སྔ་ནས་ཀྱང༌། དབང་མ་བསྐུར་ལ་བླ་མ་མེད། །ཅེས་ལེགས་པར་གསུངས་སོ། །བརྙས་པ་ནི་ངོ་བོ་སྟེ། ལྷན་ཅིག་སྐྱེས་པ་དང་སྦྱངས་པ་ལས་བྱུང་བའི་ཡོན་ཏན་དག་གི་ཆ་ནས། བདག་ཉིད་ནི་ཁྱད་པར་དུ་འཕགས་ལ། བླ་མ་འདི་ནི་དམན་པའོ་སྙམ་དུ་སེམས་པ་དང༌། འདི་ནི་བྱས་པ་མི་གཟོ་བ་དང༌། ཚུལ་ཁྲིམས་དང་ལྟ་བ་མ་དག་པའོ་ཞེས་སྐྱོན་དང་ལྡན་པ་ཉིད་དུ་འདུ་ཤེས་ནས། ལུས་དག་གིས་གྲོགས་བྱས་པའམ། མ་བྱས་ཀྱང་རུང་སྟེ། ངེས་པ་ཉིད་དུ་མ་དད་པའི་སེམས་འཛིན་པའོ། །ཟིན་པའི་དུས་ནི་བླ་མས་ཀྱང་དེ་ལྟར་དགོངས་ནས་ཐུགས་སུན་ཕྱུང་བའོ། །འདི་ནི་རྩ་བའི་ལྟུང་བ་རྣམ་པར་སྨིན་པ་ཆེས་ལྕི་བའི་ཕྱིར་དང་པོར་བཤད་དོ། །མི་འབྱུང་བར་བྱ་བའི་ཐབས་ནི་བླ་མ་དེས་བདག་ཡང་དག་པའི་ལམ་ལ་སྦྱར་ནས། སངས་རྒྱས་ཀྱི་སའི་བར་དུ་འཁྲིད་པར་བྱེད་པས་བཀའ་དྲིན་ཆེ་བ་དང༌། སངས་རྒྱས་ཀྱི་མཛད་པ་དངོས་སུ་མཛད་པའི་ཕྱིར་སངས་རྒྱས་ཉིད་དང༌། དངོས་གྲུབ་ཐམས་ཅད་སྩོལ་བའི་ཕྱིར། ལྷག་པའི་ལྷའི་འདུ་ཤེས་དང༌། དེ་མ་མཉེས་ན་སྲིད་པ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དང་མི་འཕྲད་པ་དང༌། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པར་མི་འགྱུར་བའི་ཉེས་དམིགས་དང༌། དེ་མཉེས་ན་སྲིད་པ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང༌། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པར་འགྱུར་བའི་ཕན་ཡོན་དང༌། དེ་ལ་སྐྱོན་མཐོང་ན་རང་གི་མ་དག་པའི་སྣང་བར་ཤེས་པས་རང་གི་སྐྱོན་དུ་རྟོགས་པ་དང༌། ཡོན་ཏན་མཐོང་ན་དག་པའི་སྣང་བར་ཤེས་ནས། དགའ་བ་བསྒོམ་པ་རྣམས་ལ་བསླབ་ཅིང༌། རྟག་ཏུ་རྗེས་སུ་དྲན་པ་དང༌། ཅི་འབྱོར་པས་མཆོད་པ་ལ་བརྩོན་པར་བྱའོ། །ལྟུང་བ་གཉིས་པ་ནི། བདེ་བར་གཤེགས་པས་ཉན་ཐོས་དང༌། །བྱང་ཆུབ་སེམས་དཔའ་དང༌། རིག་པ་འཛིན་པའི་སྡེ་སྣོད་དག་ལས། སོ་སོའི་རྩ་བ་དང་ཡན་ལག་གི་ཁྲིམས་ཤིན་ཏུ་ཕྲ་མོའི་བར་རྣམ་པར་བཅས་པའི་བཀའ་ནི་ཡུལ་ལོ། །དེ་ལས་འདས་པ་ནི་ངོ་བོ་སྟེ། དེ་དག་ལ་ཞུགས་བཞིན་དུ། ཐུབ་པ་ཉིད་ཀྱིས་འདི་ལྟར་འཆའ་བར་མི་རིགས། ཞེས་སམ། ཕྲ་མོ་འདི་ཙམ་ཞིག་གིས་ཅི་ཞིག་སྐྱོན་ཞེའམ། གནང་བའི་སྐབས་མེད་བཞིན་དུ་བདག་ནི་ཡོན་ཏན་ལ་སོགས་པ་མཆོག་ཏུ་གྱུར་པས་ནོངས་པར་མི་འགྱུར་རོ། །སྙམ་དུ་བསམས་ནས་བཅས་པ་དེ་ལ་ཁྱད་དུ་བསད་དེ། བཀག་པ་སྤྱོད་པའོ། །ཁྱད་དུ་གསོད་པའི་ཡིད་མེད་ན་ཉན་ཐོས་ཀྱི་ཕམ་པ་སྤྱད་ཀྱང་འདི་ལྟུང་བར་མི་འགྱུར་བའི་སྐབས་ཡོད་དེ། སྙིང་རྗེས་མང་པོའི་དོན་དུ་མི་གཅིག་གསོད་པར་ལྟ་བུའོ། །བསླབ་པ་ཀུན་ལས་བཏུས་པ་ལས་འབྱུང་བ་ལྟར། ཉན་ཐོས་ཀྱི་བསླབ་པ་ཕུལ་ནས་ཀུན་ཏུ་སྤྱད་པ་ནི་གང་གི་ཡང་ཉེས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་རྣམས་ནི། བརྩེ་བས་ཀུན་ནས་བསླང་ན། དེ་ཉིད་ཀྱི་ལུགས་ལའང་ལྟུང་བར་མི་འགྱུར་ཏེ། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་འབྱུང་ལ། རང་དོན་ཉོན་མོངས་པས་ཀུན་ནས་བསླང་བ་ནི་ཁྱད་དུ་གསོད་པ་དང༌། རྗེས་སུ་འབྲེལ་བའི་ཕྱིར། བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་སྤྱད་ན་འདིའི་ལྟུང་བ་གཉིས་པ་མི་འབྱུང་བའི་སྐབས་མི་སྲིད་དོ། །ཞེས་རྗེ་བཙུན་རིན་པོ་ཆེའི་གསུང་རབ་ལས་འབྱུང་ངོ༌། །དུས་ནི་ཕ་རོལ་པོའི་སྲོག་ཆགས་པ་ལྟ་བུ་དངོས་གཞི་གྲུབ་པའོ། །འདི་ནི་རྩ་བའི་ལྟུང་བ་གཉིས་པ་ཡིན་པར་བཤད་དོ། །མི་འབྱུང་བའི་ཐབས་ནི་ཐམས་ཅད་མཁྱེན་པའི་གསུང་མཐའ་དག་ཡིད་བརྟན་པའི་གནས་ཉིད་དང༌། རང་གི་དམ་ཚིག་དང་སྡོམ་པ་ཡུལ་ཁྱད་པར་ཅན་གྱི་མདུན་དུ་ཁས་བླངས་པ་དང༌། དེ་ཉིད་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ཡོན་ཏན་སྒྲུབ་པའི་ཐབས་ཀྱི་གཙོ་བོ་དང༌། ཡན་ལག་ཕྲ་མོ་ལའང་སྲོག་པས་གཅེས་པའི་བསྲུང་བྱ་ཉིད་དུ་ཤེས་ནས། རྟག་ཏུ་རང་གི་རྒྱུད་ལ་སོ་སོར་བརྟག་པར་བྱ་བ་དང༌། བསྒྲུབ་པར་མ་ནུས་པ་ལ་སོགས་པས་བཅས་པ་ཕྲ་མོ་ལས་འདས་དགོས་པ་བྱུང་ནའང་འདི་ནི་ཆོས་མ་ཡིན། རིགས་པ་མ་ཡིན། སྤང་བར་བྱ་བ་ཡིན་མོད་ཀྱི་བདག་ལོག་པར་གོམས་པ་དང༌། གཉེན་པོ་དམན་པས་ནོངས་པར་སྤྱད་དོ་ཞེས། སེམས་ཞུམ་པ་དང་བཅས་པ་སྤྱད་པས་ནི་ཉན་ཐོས་ཀྱི་ཇི་སྐད་བཤད་པའི་ཉེས་པ་འབྱུང་མོད། གསང་སྔགས་ཀྱི་ལྟུང་བར་མི་འགྱུར་རོ། །མདོར་ན་ཐམས་ཅད་དུ་དམ་ཚིག་དང༌། སྡོམ་པ་ལ་གུས་པ་ལ་བསླབ་བོ། །ལྟུང་བ་གསུམ་པ་ནི། རྣལ་འབྱོར་བླ་ན་མེད་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་མཚན་ཉིད་པ་ཐོབ་པའི་གང་ཟག་གཞན་ནི། དཔལ་ཧེ་རུ་ཀ་ཆེན་པོའི་ཐུགས་ལས་འཁྲུངས་ཤིང༌། དམ་ཚིག་ཟབ་མོས་སྦྲེལ་བའི་རྡོ་རྗེའི་སྤུན་ཡིན་ལ་དེ་ནི་ཡུལ་ལོ། །རྒྱུད་སྡེ་འོག་མ་མན་ཆད་ལ་ཞུགས་པ་ནི་ཆོས་ཀྱི་སྤུན་ཡིན་པས་བཤགས་པར་བྱ་བའི་ཉེས་བྱས་སྐྱེད་པའི་ཡུལ་ཡིན་གྱི་རྩ་བའི་ལྟུང་བའི་དངོས་མི་བསྐྱེད་དོ། །བླ་མ་དང༌། དཀྱིལ་འཁོར་དུ་དུས་གཅིག་གིས་བསྡུས་པ་ཁོ་ནས་རྩ་ལྟུང་སྐྱེད་ཀྱི་གཞན་ལ་བསྲུང་མི་དགོས་སོ་ཞེས་སྨྲ་བ་ནི། རྨོངས་པས་བརྟགས་པའི་ལོག་རྟོག་ཡིན་ལ། དེ་ནི་ཉེ་བའི་རྡོ་རྗེ་སྤུན་ཡིན་པས། དེ་ལ་ཁྲོས་ན་རྣམ་སྨིན་ཆེས་ལྕི་བ་སྐྱེད་ཀྱི་ལྟུང་བའི་ངོ་བོ་ཙམ་བསྐྱེད་པ་ལ་ནི་ཁྱད་པར་མེད་དོ། །ཁྲོས་པ་ནི་ངོ་བོ་སྟེ་ཁྲོས་ནས་ཁོན་དུ་འཛིན་པས། ལུས་དང་ངག་གིས་དེའི་རྣམ་འགྱུར་ཀུན་ཏུ་སྟོན་པའོ། །དུས་ནི་རྡོ་རྗེའི་སྤུན་དེས་དེར་འདུ་ཤེས་པའོ། །འདི་ནི་ལྟུང་བར་འགྱུར་བའི་ཉེས་པར་བརྗོད་པ་གསུམ་པ་ཡིན་ནོ། །དང་པོ་དང་འདི་གཉིས་ནི་ཡིད་ཀྱིས་རྫོགས་པར་འགྱུར་བ་སྲིད་དོ་སྙམ་དུ་སེམས་སོ། །མི་འབྱུང་བའི་ཐབས་ནི། རྡོ་རྗེ་སྤུན་ལ་དམ་ཚིག་རིན་པོ་ཆེས་བརྒྱན་པས་མཆོད་བྱ་ཁྱད་པར་ཅན་དང༌། རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གྲོགས་ཀྱི་དམ་པའི་འདུ་ཤེས་ཀྱིས་གུས་པར་བྱ་བ་ལ་བསླབ་བོ། །ལྟུང་བ་བཞི་པ་ནི་སེམས་ཅན་གཅིག་ནས་མང་པོའི་བར་རྣམས་ནི་ཡུལ་ལོ། །སྤྱིའི་མ་རེ་རེ་ལ་བྱམས་པ་སྤང་བ་ནི་ངོ་བོ་སྟེ་དམིགས་པའི་ཡུལ་སེམས་ཅན་ལ། བདེ་བ་དང་བདེ་བའི་རྒྱུ་དགེ་བ་དང་ཕྲད་པར་འདོད་པའི་བློའི་རྣམ་པ་ནི་བྱམས་པ་ཡིན་ལ་དེ་སྤངས་ནས་སེམས་ཅན་འདི་དང་འདི་དག་ནི། བདེ་བ་དང་དགེ་བ་དང་བྲལ་བའམ། སྡུག་བསྔལ་བ་དང་མི་དགེ་བའི་སྤྱོད་པར་གྱུར་ཀྱང་གྱུར་ལ་རག་ཅེས་རྟག་ཏུ་བློས་ཡོངས་སུ་གཏོང་བའོ། །ལུས་དང་ངག་གིས་གྲོགས་མ་བྱས་ཀྱང་ལྟུང་བར་འགྱུར་ཏེ། ཡིད་ཀྱི་ལས་འབའ་ཞིག་ཡིན་པའི་ཕྱིར་རོ། །དུས་ནི་བཤད་ཟིན་ཏོ། །འདི་ནི་ལྟུང་བ་བཞི་པ་ཡིན་པར་རྒྱལ་བས་གསུངས་སོ། །མི་འབྱུང་བའི་ཐབས་ནི། སེམས་ཅན་ཐམས་ཅད་ལ་མའམ། བུ་གཅིག་པའི་འདུ་ཤེས་དང་འདི་དག་ལ་མ་བརྟེན་ན་བདག་གིས་བྱང་ཆུབ་མི་འགྲུབ་བོ་ཞེས་རག་ལས་པའི་འདུ་ཤེས་བསྐྱེད་ནས། བྱམས་པ་དང༌། སྲི་ཞུའི་ཡིད་དང་དེས་ཀུན་ནས་བསླང་བའི་སྦྱོར་བ་ལ་གོམས་པར་བྱའོ། །ལྟུང་བ་ལྔ་པ་ནི། ཐར་པ་དང་ཐམས་ཅད་མཁྱེན་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཇི་སྐད་དུ་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང༌། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་ཀྱི་སེམས་ནི་མངོན་པར་རྟོགས་པའི་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་ནི་སྨོན་པའོ། །དེའི་ཡུལ་ནི་ཐོབ་བྱ་སངས་རྒྱས་དང༌། དོན་དུ་གཉེར་བྱ་སེམས་ཅན་ནོ། །དེ་སྤང་བ་ནི་ངོ་བོ་སྟེ། མདོ་སྡེ་རྒྱན་ལས། བརྟན་པ་གྲོགས་ངན་སྡུག་བསྔལ་དང༌། །ཟབ་མོ་ཐོབ་པས་མི་གཡོ་བའོ། །ཞེས་གསུངས་པ་ལྟར་གྲོགས་ངན་པའི་ལོག་བསྒྲུབ་དང༌། བརྣག་དཀའ་བའི་སྡུག་བསྔལ་ཉམས་སུ་མྱོང་བ་དང༌། ཟབ་མོ་སྟོང་པ་ཉིད་སྟོན་པའི་སྒྲ་ཐོས་པའི་རྐྱེན་གྱིས་ཞུམ་པ་དང༌། སྒྱིད་ལུག་པ་དང༌། མྱ་ངན་ལས་འདས་པ་ལ་ཆེས་རིང་བའི་འདུ་ཤེས་སྐྱེས་ཏེ། སངས་རྒྱས་ཐོབ་པར་མི་འདུན་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐོབ་པར་འདུན་པའོ། །བྱང་ཆུབ་ཀྱི་སེམས་དེ་དོན་དམ་པ་དང༌། རྟེན་ཞུ་བར་འཆད་པ་ནི་མི་རིགས་ཏེ། དེ་སྟོན་པའི་སྐབས་མ་ཡིན་པའི་ཕྱིར་རོ། །བྱམས་པ་ལས་བྱང་ཆུབ་ཀྱི་སེམས་འབྱུང་བའི་ཕྱིར། ལྟུང་བ་ལྔ་པ་ཡིན་པར་གསུངས་སོ། །དུས་ནི་བཤད་ཟིན་ཏོ། །མི་འབྱུང་བའི་ཐབས་ནི། སྲིད་ཞིའི་ཉེས་དམིགས་དང༌། སངས་རྒྱས་ཀྱི་ཡོན་ཏན་དང༌། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རྗེས་སུ་དྲན་པ་དང༌། བྱང་ཆུབ་ཀྱི་སེམས་ཉིད་བསྒོམ་པ་ལ་བརྩོན་པར་བྱའོ། །ལྟུང་བ་དྲུག་པ་ནི། རང་གི་གཞུང་རྡོ་རྗེའི་ཐེག་པའམ། ཐེག་པ་ཆེན་པོ་ཙམ་དང༌། གཞན་གྱི་ཚུལ་ནི་ཐེག་པ་ཆུང་ངུའོ། །དེ་དག་གི་ལུགས་ཀྱིས་དངོས་པོ་གྲུབ་པའི་གནས་ལུགས་ཀྱི་མཐའ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། སེམས་འོད་གསལ་བ་དང༌། རྡུལ་དང༌། རིག་པ་སྐད་ཅིག་དང༌། འདུས་མ་བྱས་སུ་འདོད་ལ། ལམ་གྲུབ་པའི་མཐའ་འབྲས་བུ་ནི། དོན་གཉིས་གྲུབ་པ་རྒྱུན་མི་འཆད་པ་མི་གནས་པའི་མྱ་ངན་ལས་འདས་པ་དང༌། ཕུང་པོ་ལྷག་མ་དང་བཅས་པའི་སྤངས་པ་དང༌། རྟོགས་པའི་ཡོན་ཏན་ཡང་ལྷག་མ་མེད་པའི་དབྱིངས་སུ་ཞི་ཞིང་ཟད་པའི་མཐར་ཐུག་པ་ཙམ་དུ་འདོད་པ་སྟེ། དེ་དག་སྟོན་པའི་གཞུང་རྣམས་ལ་ཆོས་ཞེས་བརྗོད་དེ་ཡུལ་ལོ། །དེ་ལ་སྨོད་པ་ནི་ངོ་བོ་སྟེ། ཕྲག་དོག་དང༌། ཁྲོ་བས་སྒྲོ་སྐུར་དང་བཅས་ཏེ་འདི་ནི་ལམ་མ་ཡིན་རིགས་པ་མ་ཡིན་ནོ་ཞེས་སྨོད་པའོ། །ཐེག་པ་ཆུང་ངུའི་གནས་ལུགས་ཀྱི་སྐྱོན་བརྗོད་པ་ལ་ནི་ཉེས་པ་མེད་ལ། གཞན་མི་དད་ན་བསྡམ་བྱར་འགྱུར་རོ། །མུ་སྟེགས་ལ་ལྡང་བས་སྨད་པ་ནི་བཤགས་པར་བྱ་བའོ། །གོ་བར་བྱ་བའི་ཕྱིར་གནས་ལུགས་ཀྱི་སྐྱོན་བརྗོད་པ་ལ་ནི་ཉེས་པ་ཅུང་ཟད་ཀྱང་མེད་དོ། །དུས་ནི་ཕ་རོལ་པོས་གོ་བའོ། །འདི་ནི་ལྟུང་བ་དྲུག་པ་ཡིན་པར་དགོངས་སོ། །མི་འབྱུང་བའི་ཐབས་ནི། གསུང་བ་པོ་སྟོན་པའི་ཆེ་བ་དང༌། དེས་གསུངས་པ་ཆོས་ཀྱི་ཁྱད་པར་དང༌། གཉིས་ཀའང་ཆེས་དཀོན་པ་དང༌། ཐེག་པ་ཆུང་ངུ་དང༌། དྲང་བའི་དོན་རྣམས་ཀྱང་ནད་ཀྱི་རིགས་ཀྱི་གཉེན་པོའི་སྨན་ལྟར་དེས་འདུལ་བའི་སེམས་ཅན་གྱི་དོན་དུ་འགྱུར་ཞིང༌། རིམ་གྱིས་དམ་པའི་དོན་ལ་འཁྲིད་པར་བྱེད་པའི་ཐབས་དང༌། བདག་ཉིད་ཀྱིས་ཀྱང་སེམས་ཅན་གྱི་ཁམས་སྣ་ཚོགས་རྗེས་སུ་འཛིན་དགོས་པས་དེ་དག་ཅི་ནས་ཀྱང་ཤེས་དགོས་པར་ངེས་ནས། རྟོགས་པར་བྱ་བ་དང༌། གུས་པ་ལ་བསླབ་བོ། །ལྟུང་བ་བདུན་པ་ནི། དབང་བསྐུར་བ་མཚན་ཉིད་དང་ལྡན་པས་ཡོངས་སུ་མ་སྨིན་པའི་སེམས་ཅན་མིའི་འགྲོ་བར་གཏོགས་པ་བརྡ་ཤེས་ཤིང་དོན་གོ་བ་བསམ་པ་རང་བཞིན་དུ་གནས་པ་སྟེ་ཡུལ་ལོ། །སྨིན་པར་བྱས་ཀྱང་མ་དད་པ་དང༌། ཉམས་པ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་བསྐྱེད་དོ། །ཞེས་གསུངས་པ་ནི་ལེགས་པར་གསུང་བའོ། །དེ་ལ་གསང་བ་སྒྲོགས་པ་ནི་ངོ་བོ་སྟེ། དཀྱིལ་འཁོར་དང༌། གླེགས་བམ་ལ་སོགས་པ་རྟེན་དང༌། རྡོ་རྗེ་དྲིལ་བུ་ལ་སོགས་པ་ཡོ་བྱད་དང༌། བདུད་རྩི་རི་ལུ་ལ་སོགས་པ་རྫས་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ཀུན་ཏུ་སྤྱོད་པ་དང༌། གསང་བ་ཟབ་མོ་སྟོན་པའི་ཆོས་ཀྱི་རྣམ་གྲངས་དག་བསྟེན་པར་འདོད་པས་ཀུན་ནས་བསླངས་ནས་སྟོན་ཅིང་འཆད་པའོ། །དུས་སྐབས་ནི་ཡུལ་དེས་གོ་བར་གྱུར་པའོ། །འདི་ནི་ལྟུང་བ་བདུན་པ་ཡིན་པར་གསུངས་སོ། །མི་འབྱུང་བའི་ཐབས་ནི། གསང་བར་བྱ་བ་འདི་དག་ལ་རྙེད་པར་དཀའ་བ་དང༌། ཤིན་ཏུ་གཅེས་པ་དང༌། ཐོབ་པའི་དོན་ཉམས་ཀྱིས་དོགས་པ་དང༌། མཁའ་འགྲོ་དང་ཆོས་སྐྱོང་བ་མ་མཉེས་ཀྱིས་དོགས་པའི་འདུ་ཤེས་ཀྱིས་ཀུན་ཏུ་སྦ་བ་ལ་བསླབ་པར་བྱའོ། །ལྟུང་བ་བརྒྱད་པ་ནི། ཕུང་པོ་ལྔ་གདོད་མ་ནས་རྣམ་པ་འདྲ་བ་དང༌། ཆོས་ཉིད་གཉིས་སུ་མེད་པར་གནས་པ། དབང་གི་ཚེ་བླ་མ་དམ་པས་བྱིན་གྱིས་བརླབས་པས། །གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཚོར་བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །འདུ་བྱེད་དེ་བཞིན་རྡོ་རྗེ་རྒྱལ། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་འབྱུང་བ་ལྟར། སངས་རྒྱས་རིགས་ལྔའི་བདག་ཉིད་དུ་གནས་པ་ནི་ཡུལ་ལོ། །དེ་ལ་སྨོད་པ་ནི་ངོ་བོ་སྟེ། ལུས་དམན་པ་དང༌། སྨད་པ་དང༌། དེ་ལ་འཚེ་བས་སྡིག་པ་འདག་པ་དང༌། དགེ་བ་འབྱུང་བ་དང༌། ལྷ་མཉེས་པར་བསམས་ནས། སྨོད་ཅིང་འཚེ་བར་འདོད་པས་སྨྱུང་བར་གནས་པ་དང༌། སྲེག་པ་དང༌། གཅོད་པ་ལ་སོགས་པས་གདུང་བར་བྱེད་པ་ནས་བརྩམས་ཏེ། རང་གི་སྲོག་གཅོད་པའི་བར་དུ་བྱེད་པའོ། །དུས་ནི་ཟིན་པར་བྱས་པ་ཉིད་དོ། །འདི་ནི་ལྟུང་བ་བརྒྱད་པ་ཡིན་པར་གསུངས་སོ། །མི་འབྱུང་བའི་ཐབས་ནི། དལ་འབྱོར་གྱི་ལུས་ཀྱི་ཡོན་ཏན་བསམ་པ་དང༌། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང༌། མཆོད་བྱར་ཤེས་ཤིང་བསྒོམ་པ་གོམས་པར་བྱའོ།།  །།ལྟུང་བ་དགུ་པ་ནི། མདོ་སྡེ་རྒྱན་ལས། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་དུ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཅེས་གསུངས་པས། རྒྱུ་དང་རྐྱེན་ལ་རག་མ་ལས་པའི་ཆོས་འགའ་ཡང་མེད་ལ། རག་ལས་པའི་ཕྱིར་ངོ་བོས་མ་གྲུབ་ཅིང༌། རྒྱུ་རྐྱེན་གྱིས་བསྐྱེད་པའི་ཆོས་དེ་ཡང་དུས་གཉིས་པར་མི་སྡོད་པའི་ངང་ཚུལ་ཡིན་ལ། རྟག་པ་དང༌། གཅིག་པུ་ལ་སོགས་པ་བྱིས་པས་བརྟགས་པ་ལ་འགྱུར་བ་དང༌། ཕྱོགས་ཆ་དུ་མ་དང་འབྲེལ་པ་ལ་སོགས་པའི་གནོད་བྱེད་ཡོད་པས་གནས་ལུགས་མ་ཡིན་པའི་ཕྱིར། རང་བཞིན་གྱིས་མཚན་མའི་སྤྲོས་པ་ཐམས་ཅད་རྣམ་པར་དག་པའི་ཆོས་ཉིད་ནི་ཆོས་རྣམས་ཀྱི་གནས་ལུགས་ཏེ་ཡུལ་ལོ། །དེ་ལ་སོམ་ཉི་ཟ་བ་ནི། ངོ་བོ་སྟེ་རང་བཞིན་རྣམ་པར་མི་དཔྱོད་པར་ལོག་པར་བརྟགས་པ་ལ་ཡིད་མངོན་པར་ཕྱོགས་པའི་དབང་གིས་དེ་བཞིན་གཤེགས་པས་དེ་ལྟར་གསུངས་ཀྱང༌། གནས་ལུག་ནི་ཡོད་པའམ་མེད་པ་ལ་སོགས་པའོ། །ཞེས་མཚན་མར་ལྟ་བ་ལ་ཤས་ཆེར་འཛིན་པའི་ཐེ་ཚོམ་གྱི་ཡིད་ཀུན་ཏུ་སྐྱེས་པའོ། །དུས་སྐབས་ནི་བརྗོད་ཟིན་ཏོ། །དཔྱོད་པའི་བྱ་བ་མ་རྫོགས་པ་དང༌། གནས་ལུགས་ལ་ཤས་ཆེར་འཛིན་པའི་ཐེ་ཚོམ་ནི་དེར་མི་འགྱུར་རོ། །འདི་ནི་ལྟུང་བ་དགུ་པ་ཡིན་པར་གསུངས་སོ། །མི་འབྱུང་བའི་ཐབས་ནི། དོན་འདི་ལ་ནི་རྒྱལ་བ་ལས། ལྷག་མའི་ཚད་མ་གཞན་དུའང་མེད། །ཅེས་གསུངས་པས། ངེས་པ་དོན་གྱི་ལུང་ལ་ཡང་ཡིད་ཆེས་པར་བྱ་བ་དང༌། བདེ་མཆོག་རྩ་བའི་རྒྱུད་ལས། དེས་ན་ཟབ་མོའི་ཆོས་འདི་ལ། །མོས་པ་ཉིད་དུ་མ་གྱུར་ཀྱང༌། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་དབྱིངས་བསམ་མི་ཁྱབ་དྲན་བྱ། །ཞེས་གསུངས་པ་ལྟར། ཡུལ་བློ་ལས་འདས་པ་དང༌། མདོ་སྡེ་རྒྱན་ལས། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །དེ་ཕྱིར་དེ་ནི་དེའི་ཡུལ་མིན། །ཞེས་གསུངས་པ་ལྟར། དམན་པའི་ཡུལ་མ་ཡིན་པར་ཤེས་ནས། ཇི་སྐད་གསུངས་པའི་དོན་ལ་ཡིད་ཆེས་པ་ལ་བསླབ་པར་བྱའོ།།  །།ལྟུང་བ་བཅུ་པ་ནི། སེམས་ཅན་དང༌། དཀོན་མཆོག་དང༌། བདག་གམ་ཡུལ་དེ་ཉིད་ཀྱི་ཡང་དག་པའི་བླ་མ་ལ་བསམས་ནས་ཆེར་གནོད་པ་བྱེད་པ་ནི་གདུག་པ་ཅན་དེ་ཡུལ་ལོ། །དེ་ལ་རྟག་ཏུ་བྱམས་པ་དང་ལྡན་པར་བྱེད་པ་དེ་ནི་ངོ་བོ་སྟེ། འདི་ནི་ལས་མི་བཟད་པ་བྱེད་མོད་ཀྱི་བདག་ལ་ཕན་བཏགས་པའམ། བདག་གི་མཛའ་བཤེས་ཡིན་པའམ། འདིས་བདག་ལ་རྙེད་པ་སྦྱིན་པར་འགྱུར་བས། བདག་གིས་འདི་ལ་ཆེར་ཕན་གདགས་པར་བྱའོ་སྙམ་དུ་བསམས་ནས། ནུས་བཞིན་དུ་མི་ཟློག་པར་ལུས་དང་ངག་དང་འབྱོར་པ་དག་གིས་ཉེ་བར་ཕན་འདོགས་པའོ། །དུས་ནི་དེ་ལ་ཕན་པ་ཉིད་དུ་གྱུར་པའོ། །འདི་ནི་ལྟུང་བ་བཅུ་པ་ཡིན་པར་འདོད་དོ། །མི་འབྱུང་བའི་ཐབས་ནི་བདག་གིས་སེམས་ཅན་ཐམས་ཅད་བདག་གིར་བྱས་པའི་ཕྱིར། བདག་གི་ལུས་ཀྱི་ནད་ལྟར་སེམས་ཅན་གྱི་ཉེས་པའང་བདག་གི་བསལ་བྱ་ཉིད་དུ་རིགས་ནས། དེ་བཟློག་པ་ལ་བསླབ་ཅིང་གོམས་པར་བྱའོ།།  །།ལྟུང་བ་བཅུ་གཅིག་པ་ནི་རྒྱལ་བའི་ཡུམ་ལས། གཟུགས་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་གསུངས་པས། ཆོས་ཐམས་ཅད་མིང་དང་སོགས་ཀྱིས་བསྡུས་པས་མཚན་མ་དང་བྲལ་བ་སྟེ། འདི་ལྟར་མིང་ནི་ཕྱི་རོལ་ན་མི་གནས། ནང་ནའང་མི་གནས། ཡིད་ཀྱི་གཡོ་བ་ལས་ཀུན་ཏུ་བརྟེན་པ་བྲག་ཅ་ལྟ་བུ་ཙམ་དུ་ཟད་པའི་ཕྱིར་དང༌། དེར་རྣམ་པར་འཇོག་བྱེད་མཚན་ཉིད་མ་གྲུབ་པའི་ཕྱིར་མི་འགྲུབ་སྟེ། མདོ་ལས། མིང་ནི་མིང་གིས་སྟོང་པ་སྟེ། །མིང་ལ་མིང་ནི་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་མིང་མེད་པ། །འོན་ཀྱང་མིང་གིས་ཡོངས་སུ་བརྗོད། །ཅེས་གསུངས་སོ། །མཚན་ཉིད་མེད་དེ། དེ་བརྟེན་པའི་གཞི་གཅིག་དང༌། དུ་མ་དང་བྲལ་བས་མ་གྲུབ་པའི་ཕྱིར། ནམ་མཁའ་བཞིན་ནོ། །དེ་ཉིད་མཚན་མ་མེད་པའང་ཡིན་ནོ། །ལྟོས་པ་ཡོད་པ་མ་གྲུབ་པས་དེ་ལ་ལྟོས་པ་མེད་པ་ཉིད་ཀྱང་མ་གྲུབ་པའི་ཕྱིར། སྤྲོས་པ་དང་བྲལ་བའི་རང་བཞིན་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡུལ་ལོ། །དེ་ལ་དེར་རྟོགས་པ་ནི་ངོ་བོ་སྟེ། མཐར་ལྟ་བ་ལ་ཞེན་པས་ཀུན་ནས་བསླངས་ནས། མིང་དང་མཚན་མ་མེད་པ་ཉི་ཚེ་བའི་སྟོང་པ་ཆོས་ཉིད་དུ་འཛིན་པ་དེ་དབུ་མ་རྩ་བ་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །དུས་ནི་བཤད་ཟིན་ཏོ། །བཅུ་པ་བས་འབྱུང་དཀའ་བའི་ཕྱིར། ལྟུང་བ་བཅུ་གཅིག་པར་གསུངས་སོ། །མི་འབྱུང་བའི་ཐབས་ནི། ཆོས་ཐམས་ཅད་གཅིག་དང་དུ་མའི་བདག་ཉིད་དུ་ཡོད་པར་མ་གྲུབ་ཀྱང༌། རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུན་མི་ཆད་པ་སྒྱུ་མ་ལྟ་བུའི་ཚུལ་དུ་ཤེས་པར་བྱ་སྟེ། གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས། ཆོས་རྣམས་ཀུན་གྱི་སྙིང་པོ་མཆོག །སོ་སོའི་སྐྱེ་བོ་ལ་གསང་བ། །ཀུན་རྫོབ་སྒྱུ་མ་ལྟ་བུ་འདི། །སངས་རྒྱས་བསྟན་པའི་སྙིང་པོ་ཡིན། །ཞེས་གསུངས་པ་ལྟར། བསྒོམ་པ་གོམས་པར་བྱའོ།།  །།ལྟུང་བ་བཅུ་གཉིས་པ་ནི། སེམས་ཅན་གང་ཞིག་དཀོན་མཆོག་གསུམ་ལ་དམིགས་ཏེ། ཡིད་རྙོག་པ་ཞི་ཞིང་དེར་ཕྱོགས་པའི་དང་བ་དང༌། དེ་དོན་དུ་གཉེར་བའི་འདུན་པ་དང༌། རིགས་པས་ངེས་པ་ཡིད་ཆེས་པའི་དད་པ་དག་ལས་གང་ཡང་རུང་བའམ། ཚོགས་པ་དང་ལྡན་པ་ནི་ཡུལ་ལོ། །དེའི་སེམས་སུན་འབྱིན་པ་ནི་ངོ་བོ་སྟེ། ཁྲོ་བའམ་ཕྲག་དོག་གི་དབང་གིས། དེའི་ཡིད་སུན་དབྱུང་བར་འདོད་པས་ཀུན་ནས་བསླང་སྟེ། ལུས་དང་ངག་གིས་དེའི་ཚུལ་ཀུན་ཏུ་སྟོན་པ་དང༌། འདོད་པའི་ཆོས་མི་སྟོན་པའོ། །དུས་སྐབས་ནི་ཕ་རོལ་གྱི་ཡིད་སུན་ཕྱུང་ཟིན་པའོ། །གཅིག་གི་སེམས་རེ་ཞིག་སུན་ཕྱུང་བས་མང་པོ་འཇུག་པ་ལ་སོགས་པའི་རྒྱུར་མཐོང་ན་ནི་ལྟུང་བར་མི་འགྱུར་རོ། །འདི་ནི་ལྟུང་བ་བཅུ་གཉིས་པ་ཡིན་པར་གསུངས་སོ། །མི་འབྱུང་བའི་ཐབས་ནི། སློབ་དཔོན་ཨཱརྻ་དེ་ཝའི་ཞལ་སྔ་ནས། དེ་ལ་ཕན་འདོད་བླ་མ་ཡིས། །སློབ་མ་ལ་ནི་སྲི་ཞུ་བྱ། །གང་ཕྱིར་དེས་ཕན་མི་ཤེས་པ། །དེ་ཕྱིར་སློབ་མ་ཞེས་བཤད་དོ། །ཞེས་གསུངས་པ་ལྟར། ཆོས་ལ་དད་པའི་སྐྱེ་བོ་ཆེས་དཀོན་པ་དང༌། དེ་དང་ཕྲད་ན་བདག་གི་དོན་གྱི་བྱ་བ་ཐམས་ཅད་དོར་ནས། དེའི་ཆོས་ཀྱི་དོན་ཐམས་ཅད་བསྒྲུབ་དགོས་པའི་འདུ་ཤེས་ཀྱི་སྲི་ཞུའི་སྦྱོར་བ་ལ་གོམས་པར་བྱའོ།།  །།ལྟུང་བ་བཅུ་གསུམ་པ་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་གནས་སྐབས་སུ་བཟའ་བའི་དམ་ཚིག་ཤ་དང༌། ཆང་ལ་སོགས་པའི་རྫས་ཚོགས་པའམ། གང་ཟག་ལས་ནི་ཚུལ་ཇི་ལྟ་བ་བཞིན་རྙེད་པ་ནི་ཡུལ་ལོ། །མི་བསྟེན་པ་ནི་ངོ་བོ་སྟེ། རིགས་བསྲུང་བའམ། ཉན་ཐོས་ལ་སོགས་པའི་བརྟུལ་ཞུགས་ལ་ཆེད་ཆེར་འཛིན་པ་དང༌། ཚུལ་འཆོས་པ་དང༌། རྫས་དེ་མ་དག་པ་དང༌། ཁ་ན་མ་ཐོ་བ་དང་བཅས་པར་བརྟགས་ཏེ། བསྟེན་པར་མི་འདོད་པའི་བསམ་པས་ཀུན་ནས་བསླངས་ནས་མི་བསྟེན་པའོ། །དུས་སྐབས་ནི་སྤངས་པ་ཉིད་ཀྱི་ཚེའོ། །འདི་ནི་ལྟུང་བ་བཅུ་གསུམ་པར་གསུངས་སོ། །མི་འབྱུང་བའི་ཐབས་ནི་སྤྱོད་འཇུག་ལས། སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །གོང་ནས་གོང་དུ་ཁྱད་ཞུགས་སྤྱད། །ཅེས་གསུངས་པ་ལྟར། རྡོ་རྗེ་ཐེག་པའི་བརྟུལ་ཞུགས་ཁྱད་པར་ཅན་སྤྱོད་པའི་ཚེ། ཉན་ཐོས་ཀྱི་བཅའ་བ་ཕྲ་མོ་ལས་འདས་པས་ནོངས་པར་མི་འགྱུར་བ་དང༌། དམ་ཚིག་གི་རྫས་དེ་དག་གི་ཕན་ཡོན་གསུངས་པ་རྗེས་སུ་དྲན་པས་ཚུལ་བཞིན་དུ་བསྟེན་པ་ལ་བསླབ་པར་བྱའོ།།  །།ལྟུང་བ་བཅུ་བཞི་པ་ནི། རྡོ་རྗེ་རྩེ་མོ་ལས། སངས་རྒྱས་སྐུ་ཡང་བུད་མེད་གཟུགས་ཅན་དུ། །སེམས་ཅན་ཁམས་ནི་གདུལ་ཕྱིར་ཡང་དག་བསྟན། །བུད་མེད་གཟུགས་ཀྱང་ཆོས་ཉིད་དག་པ་སྟེ། །སངས་རྒྱས་ཀུན་གྱི་རིགས་སུ་གནས་པར་འགྱུར། །ཞེས་གསུངས་པས། ཤེས་རབ་ཤེས་ཆེ་བ་དང༌། འཇིག་རྟེན་ལས་འདས་པའི་ཤེས་རབ་བསྐྱེད་པའི་རྟེན་ཁྱད་པར་ཅན་དུ་འགྱུར་བ་དང༌། ཆོས་ཀྱི་དབྱིངས་ཀྱི་མཚོན་བྱེད་དུ་གྱུར་པའི་ཕྱིར། ཤེས་རབ་ཀྱི་རང་བཞིན་ནི་བུད་མེད་ཀྱི་རྟེན་ཉིད་དེ། ཚོགས་པའམ་རེ་རེའང་ཡུལ་ལོ། །དེ་ལ་སྨོད་པར་བྱེད་པ་ནི་ངོ་བོ་སྟེ། རང་ཉིད་སྐྱེས་པའམ། བུད་མེད་ཀྱི་རྟེན་གང་ཡིན་ཡང༌། བུད་མེད་ནི་སྐྱེས་པ་བས་ཆེས་དམན་སྙམ་དུ་བསམས་ནས། དེ་ལ་སྨོད་པར་འདོད་པས་ཀུན་ནས་བསླངས་ཏེ། ཚིག་ཏུ་བརྗོད་པའམ། ལུས་ཀྱི་རྣམ་འགྱུར་གྱིས་སྨོད་པར་བྱེད་པའོ། །དུས་སྐབས་ནི་ཡུལ་དེས་གོ་བའོ། །འདི་ནི་རྩ་བའི་ལྟུང་བ་བཅུ་བཞི་པ་ཡིན་པར་གསུངས་སོ། །མི་འབྱུང་བར་བྱ་བའི་ཐབས་ནི། བུད་མེད་ཀྱང་དེ་བཞིན་གཤེགས་པའི་རིགས་ཡིན་པ་དང༌། དེ་བཞིན་གཤེགས་པའང་བུད་མེད་ཀྱི་གཟུགས་སུ་ཀུན་ཏུ་སྟོན་པ་དང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་འགྲུབ་ཉེ་བའི་ཕྱིར། བུད་མེད་ཉིད་མཆོད་བྱར་ཤེས་ནས་གུས་པར་བྱ་བ་ལ་བསླབ་བོ།།  །།གཉིས་པ་བསྲུངས་པའི་ཕན་ཡོན་ནི། དཀྱིལ་འཁོར་ཆེན་པོར་སྨིན་པར་བྱས་ཤིང་སྔགས་ཀྱི་ལམ་ཉམས་སུ་ལེན་པར་བྱེད་པའི་རྡོ་རྗེ་འཛིན་པས་ཇི་སྐད་བཤད་པའི་རྩ་བའི་ལྟུང་བར་འགྱུར་བའི་ཆོས་འདི་དག་སྤངས་པས་ལྟུང་བས་གོས་པར་མ་གྱུར་ན་ནི། ལྷག་པའི་ལྷ་དང༌། ཆོས་སྐྱོང་བ་དང༌། མཁའ་འགྲོའི་ཚོགས་མཉེས་པས་ཐུན་མོང་གི་དངོས་གྲུབ་སྩོལ་བར་མཛད་ཅིང༌། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་པ་ལྟར། མཆོག་གི་དངོས་གྲུབ་ཀྱང་རིམ་གྱིས་ངེས་པར་ཐོབ་པར་འགྱུར་བ་ཉིད་དོ།།  །།གསུམ་པ་མ་བསྲུངས་པའི་ཉེས་དམིགས་ནི། ལྟུང་བར་འགྱུར་བའི་ཆོས་སྤང་བ་ལས་གཞན་དུ་སྟེ། རྩ་བའི་ལྟུང་བ་ཀུན་ཏུ་སྤྱད་པས་དམ་ཚིག་ལས་ཉམས་ན་ནི། དམ་ཚིག་དང་སྡོམ་པའི་གོ་ཆ་ཉམས་པ་ལ་གླགས་རྙེད་པར་སླ་བའི་ཕྱིར། ཕྱི་དང་ནང་གི་བདུད་ཀྱིས་ཡོངས་སུ་གཟུང་བར་འགྱུར་ལ། དེའི་དབང་གིས། དེ་ནས་བརྩམས་ཏེ། མ་གསང་སྦྲུལ་དང་ཆོམ་རྐུན་དང༌། །ས་སྤྱོད་མེ་ཡིས་སྡུག་བསྔལ་བྱེད། །ཅེས་ཀྱེའི་རྡོ་རྗེ་ལས་གསུངས་པ་ལྟར། མཐོང་བའི་ཆོས་ལ་བརྣག་དཀའ་བའི་སྡུག་བསྔལ་དང་མ་མྱོང་བར་འགྱུར་ཞིང་ཚེའི་དུས་བྱས་ནས་ཀྱང་ཐུར་དུ་བལྟས་ཏེ། མནར་མེད་པའི་དམྱལ་བ་ལ་སོགས་པ་ལོག་པར་ལྟུང་བར་འགྲོ་ལ། དེ་དག་ཏུ་སྡུག་བསྔལ་མི་བཟད་པས་གདུང་ཞིང༌། མཐོ་རིས་དང་ཐར་པའི་བདེ་བ་ཡུན་རིང་པོར་ཐོབ་པར་མི་འགྱུར་བའི་ཉེས་དམིགས་ཀྱི་འཇིགས་པས། དམ་ཚིག་བསྲུང་བ་ལ་ནན་ཏན་བྱའོ།།  །།བཞི་པ་མི་འབྱུང་བར་བྱ་བའི་ཐབས་ནི། བསྲུངས་ན་ཕན་ཡོན་དང༌། མ་བསྲུངས་ན་ཉེས་དམིགས་ཤིན་ཏུ་ཆེ་བས་དེ་བས་ན་ལྟུང་བ་འབྱུང་བའི་རྒྱུ་དཀོན་མཆོག་དང༌། བསླབ་པ་དང༌། རྒྱུ་འབྲས་ལ་མ་དད་པ་ནི། བདག་ཉིད་ལྷག་པར་རློམ་པའི་ང་རྒྱལ་ལས་བྱུང་བས་དེ་དང་དེ་མཚོན་ནས། མི་ཤེས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་ལ་གོམས་པའི་ཡིད་རིམ་གྱིས་བཅོམ་ནས་ནི། བདག་ཉིད་ཀྱི་གང་བསྲུང་བར་བྱ་བའི་དམ་ཚིག་གི་རྣམ་གྲངས་དང༌། ཇི་ལྟར་བསྲུང་བའི་ཚུལ་དང༌། ཀུན་ཏུ་སྤྱོད་པ་རྣམས་ལ་ཁས་བླངས་པའི་ཚུལ་རྗེས་སུ་དྲན་པ་དང༌། ཤེས་བཞིན་དང་ལྡན་པས་མ་འཁྲུལ་པར་ཤེས་པར་བྱས་ལ་ཉེས་པ་ཕྲ་བས་ཀྱང་མ་གོས་པ་ལ་བསླབ་པར་བྱའོ།།  །།ལྔ་པ་བྱུང་བ་ཕྱིར་བཅོས་པའི་ཐབས་ནི། ཡིད་མཉམ་པར་བཞག་པས་རང་གི་རྒྱུད་ལ་སོ་སོར་བརྟགས་ཏེ་བསྡམས་པ་དང༌། བཤགས་པར་བྱ་བའི་ཉེས་པ་དང་ལྡན་པར་རིགས་ནས། ཡུལ་གྱི་གཙོ་བོ་བླ་མ་དང༌། ལྷག་པའི་ལྷ་དང༌། ཉེས་པ་དེས་མ་གོས་པའི་རྡོ་རྗེ་སྤུན་མངོན་དུ་བྱས་པ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྒོ་ནས་ཕྱི་དང་ནང་གི་མཆོད་པའི་ཡོ་བྱད་ཅི་འབྱོར་པས་མཆོད་པ་བྱས་ལ། བསྡམ་པར་བྱ་བའི་ཉེས་བྱས་བསྡམ་པ་དང༌། བཤགས་པར་བྱ་བ་རིགས་དང་མིང་ནས་སྨོས་ཏེ། སྟོབས་བཞིའི་སྒོ་ནས་བཤགས་པར་བྱ་བ་ནི། ཡན་ལག་མ་ཚང་བའི་ཉེས་བྱས་ལས་ལྡང་བའི་ཐབས་སོ། །གལ་ཏེ་ཡན་ལག་ཚང་བའི་རྩ་བའི་ལྟུང་བ་བྱུང་ན། ཉན་ཐོས་ལྟར་བཅོས་སུ་མེད་པ་མ་ཡིན་པས། སླར་བླང་བའི་ཐབས་ནི། རྣམ་པར་སྨིན་པ་དག་པར་བྱ་བའི་ཕྱིར་ཕུང་པོ་གསུམ་པའི་མདོ་གདོན་པ་ལ་སོགས་པ་ཐུན་མོང་གི་སྡིག་པ་སྦྱང་བའི་ཆོ་ག་རྣམས་བྱས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བླངས་པ་ནས་བརྩམས་ཏེ། སྨོན་པ་དང་འཇུག་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། སོགས་ཀྱིས་བསྟན་པ་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ལས་དཀྱིལ་འཁོར་ཆེན་པོར་རིག་པ་འཛིན་པའི་སྡོམ་པ་དང༌། དབང་བསྐུར་བ་ཡོངས་སུ་རྫོགས་པའི་བར་ནི། གལ་ཏེ་བདག་ཉིད་ཀྱིས་བདག་ཉིད་ལ་གནས་སྐབས་དང་མཐར་ཐུག་ཏུ་ཕན་པ་དང་བདེ་བར་འདོད་པའི་སེམས་ཡོད་ན། སྔགས་པས་འབད་པ་ཆེར་བསྐྱེད་དེ། ཡང་དག་པར་བླང་བ་དང༌། བླངས་པའི་དོན་མི་ཉམས་པར་གཟུང་བར་བྱས་ན་གོང་དུ་བསྟན་པའི་ཕན་ཡོན་སླར་ཡང་འབྱུང་བར་ཤེས་པར་བྱའོ། །རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བའི་རྣམ་པར་བཤད་པ་རྫོགས་སོ།།  །།དེ་ནས་ཡན་ལག་གི་དམ་ཚིག་གང་ལས་འདས་པའི་ཤིང་ལྗོན་པའི་ཡལ་ག་བཅད་པ་ལྟར། རྩ་བ་ཡོངས་སུ་མི་ཉམས་ཀྱང་གནས་སྐབས་ཀྱི་བར་དུ་གཅོད་པ་དང༌། མཐར་ཐུག་གི་དངོས་གྲུབ་འགྱང་བར་འགྱུར་བས་ཡན་ལག་གི་ལྟུང་བའམ། སྦོམ་པོ་ཞེས་བྱ་བ་བརྒྱད་གསུངས་པས། དེ་བཤད་པར་བྱའོ། །དེ་ལ་བཞི། ཡན་ལག་གི་ལྟུང་བའི་ངོ་བོ་བཤད་པ་དང༌། དེའི་མིང་གི་རྣམ་གྲངས། མ་བསྲུངས་པའི་ཉེས་དམིགས། བསྲུང་བའི་ཚུལ་ལོ། །དང་པོ་ལ་གཉིས་ལས། སྤྱིའི་དོན་བདུན་གྱི་དང་པོ་ཡན་ལག་གི་ལྟུང་བའི་ངོ་བོ་ནི། འཆད་པར་འགྱུར་བ་བརྒྱད་པོ་ཉིད་དོ། །གྲངས་ངེས་པ་ནི། ཡན་ལག་གཅོད་པའི་ཆོས་དེ་སྙེད་དུ་འདུ་བར་དགོངས་ནས་གསུངས་པའི་ཕྱིར་རོ། །གོ་རིམ་ངེས་པ་ནི། སྔ་མ་བས་ཕྱི་མ་རྣམས་ཡང་བའོ། །ཡན་ལག་ལྔ་སྟེ། རྟེན་ནི་སྔར་བཤད་པ་དང་འདྲའོ། །ཡུལ་ནི། དམ་ཚིག་དང་མི་ལྡན་པའི་རིག་མ་ལ་སོགས་པའི་རིག་མ་བརྒྱད་པོ་ཉིད་དེ། དེ་དག་ལ་དེར་ཤེས་པ་དང་བཅས་པའོ། །ངོ་བོ་ནི་འཆད་པར་འགྱུར་བ་བརྒྱད་པོ་ཉིད་དོ། །རྒྱུ་ནི་མི་ཤེས་པ་ལ་སོགས་པ་ཐུན་མོང་གི་རྒྱུ་གང་རུང་དང་བཅས་པའི་སོ་སོའི་རྒྱུ། དེ་དང་དེ་དག་བྱེད་པར་འདོད་པས་ཀུན་ནས་བསླང་བའོ། །དུས་སྐབས་ནི་འདི་དག་ཐམས་ཅད་ལུས་ངག་དང་བཅས་པས་རྫོགས་པར་བྱེད་པའི་ཕྱིར་ཟིན་པར་བྱས་པ་ཉིད་དོ། །ཡན་ལག་གི་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། ཡན་ལག་གི་དམ་ཚིག་གི་མི་མཐུན་པའི་ཕྱོགས་བསྟེན་པའི་ཕྱིར་རོ། །ཆེ་འབྲིང་རྣམ་པར་གཞག་པ་ནི་གོང་དུ་སྨོས་པ་དང་ཚུལ་མཚུངས་པ་ཉིད་དོ། །ལྟུང་བར་མི་འགྱུར་བ་ནི་དགོས་པ་ཁྱད་པར་ཅན་མཐོང་ནས་བསམ་པ་དགེ་བས་ཀུན་ནས་བསླང་བ་ལ་སོགས་པ་སྟེ། ཞིབ་ཏུ་རང་གིས་དཔྱད་པས་དེ་ཤེས་པར་བྱའོ། །གཉིས་པ་གཞུང་གི་དོན་ལ་བརྒྱད་ལས། ཡན་ལག་གི་ལྟུང་བ་དང་པོ་ནི། དབང་བསྐུར་བ་མ་ཐོབ་པ་དང༌། ཐོབ་ཀྱང་ཡོངས་སུ་ཉམས་པས་དམ་ཚིག་དང་མི་ལྡན་པའི་རིག་མ་ནི་ཡུལ་ལོ། །འདོད་ཆགས་ཀྱིས་ཀུན་ནས་བསླངས་ནས་བསྟེན་པར་དགའ་བ་ནི་ངོ་བོ་སྟེ། དངོས་སུ་སྟེན་པར་བྱེད་པ་ཉིད་དོ། །འདུན་པ་ཙམ་གྱིས་དེར་མི་འགྱུར་ཏེ། སྲོག་གཅོད་པར་འདུན་པ་ལ་སོགས་པ་ལའང་མཚུངས་པའི་ཕྱིར་རོ། །དེ་དག་ནི་ཡིད་ཀྱི་ཁ་ན་མ་ཐོ་བ་བསྡམ་པར་བྱ་བ་ཉིད་དོ། །དངོས་སུ་བསྟེན་པ་ཙམ་གྱིས་གསང་བ་སྒྲོགས་པར་མི་འགྱུར་ཏེ། ཐུན་མོང་མ་ཡིན་པའི་ཐབས་མ་བསྟན་པའི་ཕྱིར་དང༌། གལ་ཏེ་བསྟན་ན་དེ་ཉིད་ཀྱི་དབང་གིས་རྩ་བའི་ལྟུང་བ་བདུན་པར་འགྱུར་གྱི་བསྟེན་པ་ཙམ་གྱིས་ནི་མ་ཡིན་ནོ། །འཁྲིག་པ་ཙམ་ནི་ཐུན་མོང་བ་ཉིད་ཡིན་པའི་ཕྱིར། གསང་བ་བསྟན་པ་མེད་དོ། །ཚངས་པར་སྤྱོད་པའི་བརྟུལ་ཞུགས་དང་ལྡན་པས། འདོད་ཆགས་ཀྱིས་ཀུན་ནས་བསླངས་ནས་བསྟེན་ན་ནི། དམ་ཚིག་དང་ལྡན་པ་དང་མི་ལྡན་པ་གཉིས་ཀ་ལ་བཀའ་ལས་འདས་པའི་རྩ་བའི་ལྟུང་བར་འགྱུར་ལ། དགོས་པ་ཁྱད་པར་ཅན་མཐོང་ནས་བསླབ་པ་ཕུལ་བ་སྔོན་དུ་སོང་ན་གཉིས་ཀ་ལ་ཡང་ཉེས་པར་མི་འགྱུར་རོ། །དུས་ནི་བདེ་བ་མྱོང་བའོ། །མི་འབྱུང་བའི་ཐབས་ནི་ཡུལ་དམན་པ་དམ་ཚིག་དང་མི་ལྡན་པ་དང༌། ཀུན་སློང་དམན་པ་ཆགས་པའི་སེམས་འབའ་ཞིག་དང༌། སྦྱོར་བ་དམན་པ་ཐབས་དང་མི་ལྡན་པའི་འཁྲིག་པས་ཉོན་མོངས་པ་དང་སྡིག་པ་འཕེལ་བའི་ཉེས་དམིགས་རྗེས་སུ་དྲན་པར་བྱའོ། །དང་པོའོ།།  །།ཚོགས་ཀྱི་འཁོར་ལོ་ནི། ཉ་བར་མཚོན་པ་སྟེ། དབང་བསྐུར་བ་དང༌། རབ་ཏུ་གནས་པ་དང༌། ཆོས་ཟབ་མོ་ཉན་པའི་གནས་སྐབས་སུ་འདུས་པའི་བླ་མ་དང༌། རྡོ་རྗེའི་སྤུན་རྣམས་ནི་ཡུལ་ལོ། །གནས་སྐབས་ཀྱི་ཁྲོ་བ་ཙམ་མམ། གཡེང་བ་དང་རྒོད་བག་གི་སེམས་ཀྱིས་ཀུན་ནས་བསླངས་ནས་ངག་གི་རྩོད་པ་དང༌། གཤེ་བ་ནི་ངོ་བོའོ། །དུས་ནི་གཉིས་ཀས་བརྩད་པར་ཤེས་པའོ། །རྩོད་པའི་བྱ་བ་རྫོགས་པ་ནི་མི་དགོས་ཏེ། བརྩད་པ་ཙམ་གྱིས་རྩོད་པའི་དོན་གྲུབ་པའི་ཕྱིར་དང༌། རྩོད་པའི་བྱ་བ་འདིས་རྫོགས་པའི་མཐའ་མ་ངེས་པའི་ཕྱིར་དང༌། འཁོན་དུ་འཛིན་པར་སེམས་པ་ནི་རྩ་བའི་ལྟུང་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །མི་འབྱུང་བའི་ཐབས་ནི། གནས་སྐབས་དེར་འདུས་པ་ཐམས་ཅད་ལ་ལྷག་པའི་ལྷའི་འདུ་ཤེས་བསྐྱེད་པ་དང༌། བག་ཡོད་པ་ལ་གོམས་པར་བྱའོ། །གཉིས་པའོ།།  །།དེ་ནས་གླེགས་བམ་དག་ལས་གསང་བའི་ཆོས་ནི་སྟོན་པ་དང༌། ཞེས་འབྱུང་བ་ནི་འོག་ཏུ་བསྟན་པར་བྱའོ། །བུམ་པའི་དབང་ཐོབ་པའི་སེམས་ཅན་གང་ཞིག་བུམ་དབང་གི་ལམ་ཆེས་ཟབ་པ་ལ་དད་པ་དང་ལྡན་པས་དེ་སྟོན་པར་གསོལ་བ་འདེབས་པ་ནི་ཡུལ་ལོ། །དེ་ལ་བརྙས་པ་དང་དཔེ་མཁྱུད་ལ་སོགས་པས་མི་སྟོན་པར་འདུན་པས་འདོད་པའི་དམ་པའི་ཆོས་ལས་དོན་གཞན་དུ་གྱུར་པ་སྟོན་པ་དང༌། གང་ཅུང་ཟད་ཀྱང་མི་སྟོན་པ་ནི་ངོ་བོ། དུས་ནི་ཡུལ་དེས་མ་བསྟན་པར་ཤེས་པའོ། །མི་འབྱུང་བའི་ཐབས་ནི་ཟབ་པའི་ཆོས་ལ་མོས་པའི་སྐྱེ་བོ་དག་ཆེས་དཀོན་པ་དང༌། དོན་དུ་གཉེར་བྱའི་འདུ་ཤེས་བསྐྱེད་པར་བྱའོ། །གསུམ་པའོ།།  །།ལྟ་བ་དང༌། སྤྱོད་པ་དང༌། གྲུབ་པའི་མཐའ་དག་གིས་ཉན་ཐོས་དག་ཏུ་རློམ་པའི་གང་ཟག་འདུས་པ་ནི་ཡུལ་ལོ། །དེ་དག་གི་ནང་དུ་སྡོད་པར་འདུན་པས་གནས་ཤིང་དེ་དག་དང་མཐུན་པར་ཞུགས་པས་རང་གི་རྣལ་འབྱོར་ལ་གནོད་པ་ནི་ངོ་བོའོ། །དུས་ནི་ཞག་བདུན་རྒྱུན་མི་ཆད་པར་གནས་པ་དང་ངོ༌། །མི་འབྱུང་བའི་ཐབས་ནི་ཉན་ཐོས་ཀྱི་ལམ་གྱིས་མཆོག་གི་བྱང་ཆུབ་མི་འཐོབ་ཅིང༌། གནས་སུ་ཤེས་ནས་དེ་ལྷུར་ལེན་པ་སྤོང་བ་ལ་བསླབ་པར་བྱའོ། །བཞི་པའོ།།  །།དབང་བསྐུར་བ་ཐོབ་པའི་གང་ཟག་གང་ཞིག་ལུས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱའི་ལན་དང༌། ངག་གི་བརྡ་དང་བརྡའི་ལན་མི་ཤེས་པ་དང་མི་མཁས་པ་ཚོགས་ཀྱི་འཁོར་ལོའི་གནས་སྐབས་སུ་འདུས་པ་ནི་ཡུལ་ལོ། །དེ་ལ་སྟོན་པར་འདུན་པས་ལུས་ཀྱི་ཕྱག་རྒྱ་སྟོན་པ་དང༌། ངག་གི་བརྡ་སྟོན་པ་ནི་ངོ་བོའོ། །དེས་མཚོན་ནས་དུས་མ་ཡིན་པར་ཐོ་ཆོ་དང༌། ཀྱལ་ཀའི་ཕྱིར་ལུས་ངག་གི་བརྡ་སྟོན་པ་དང༌། ཚོགས་ཀྱི་འཁོར་ལོའི་དུས་སུ་གཞན་གྱི་ལུས་ཀྱི་བརྡ་བྱས་པ་ལ་ལན་མི་སྟོན་པ་དང༌། བརྡའི་སྐད་ཀྱིས་མི་སྨོས་པའང་བཟུང་སྟེ། ཀྱེ་ཡི་རྡོ་རྗེར་དབང་བསྐུར་གང༌། །གསང་བའི་སྐད་ཀྱིས་མི་སྨྲ་བ། །དེ་ཡི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་འབྱུང་བའི་ཕྱིར་རོ། །དུས་ནི་བརྡ་བསྟན་པ་དང་མ་བསྟན་པའི་བྱ་བ་རྫོགས་པའོ། །ཉེས་པར་འགྱུར་བའི་རྒྱུ་མཚན་ནི་བརྡ་དང་བརྡའི་ལན་མ་འཕྲོད་པ་མ་ཕྱུང་ན་ནི་ཆོ་ག་ཉམས་པར་འགྱུར་ལ། ཕྱུང་ན་ནི་དད་པ་ཅན་གྱི་སེམས་སུན་འབྱིན་པར་འགྱུར་བའི་ཕྱིར་རོ། །མི་འབྱུང་བའི་ཐབས་ནི་ཡུལ་དེ་དག་ལ་སྔོན་དུ་བརྡ་སྤྲད་དེ་བརྡས་མཚོན་ནས་འདུ་བའི་གནས་སུ་འོང་དུ་མི་གཞུག་པ་དང༌། རང་གིས་ཕན་ཡོན་དང་ཉེས་དམིགས་རྗེས་སུ་དྲན་པའི་སྒོ་ནས་ཇི་སྐད་གསུངས་པ་བཞིན་བསྒྲུབ་པ་ལ་བསླབ་པར་བྱའོ། །ལྔ་པའོ།།  །།རྡོ་རྗེ་སློབ་དཔོན་གྱི་དབང་གིས་སྦྱོར་བ་ངེས་པར་མ་བྱས་པར་གནས་པའི་གང་ཟག་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་མཉན་པའི་སྐལ་བ་དང་ལྡན་པ་མིན་པ་ནི་ཡུལ་ལོ། །དེ་དག་ལ་དོན་སྟོན་པར་འདུན་པས་གསང་བར་བྱ་བའི་དཀྱིལ་འཁོར་དང་ལྷ་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་པ་ནི་ངོ་བོ་སྟེ། ཇི་སྐད་དུ། དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་སློབ་དཔོན་དང༌། །སློབ་མ་གཉིས་ཀ་དངོས་གྲུབ་ནི། །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པ་ཉིད་ཀྱིས་བསྟན། །ཞེས་འབྱུང་བའི་ཕྱིར་རོ། །དུས་ནི་ངེས་གོ་བའོ། །མི་འབྱུང་བའི་ཐབས་ནི། བསྟན་པའི་ཡུལ་གང་ཟག་གི་རིམ་པ་དང༌། བསྟན་པར་བྱ་བའི་རིམ་པ་ངེས་པར་ཤེས་ཤིང་གོམས་པར་བྱ་བ་ལ་བསླབ་བོ། །གོང་དུ་སྨོས་པ་གསང་བའི་ཆོས་ནི་སྟོན་པ་དང༌། ཞེས་པ་དང༌། ཁྱད་པར་མེད་པའི་ཕྱིར་ཡི་གེ་པས་ལྷག་པར་བྲིས་པའམ། མདོ་རྒྱས་སུ་ཤེས་པར་བྱའོ། །དབང་གོང་མ་མ་ཐོབ་པ་ལ་དེའི་ལམ་སྟོན་པར་འཆད་པ་ནི་སྐབས་མ་ཡིན་ཏེ། དེ་ནི་གོང་མའི་དམ་ཚིག་ཏུ་འགྱུར་རོ། །རྩ་བའི་ལྟུང་བ་བཅུ་བཞི་དང་ཡན་ལག་གི་ལྟུང་བ་བརྒྱད་ནི་བུམ་དབང་གི་དམ་ཚིག་ཡིན་པའི་ཕྱིར་རོ། །དྲུག་པའོ།།  །།གང་ཟག་གང་ཞིག་ལྷག་པའི་ལྷའི་སྔགས་ཀྱི་བསྙེན་པ་དང༌། སོགས་ཀྱིས་བསྡུ་བ་བླ་མའི་བཀས་གནང་བས་རང་གི་རྒྱུད་དག་པར་མ་བྱས་པར་གནས་པའི་གང་ཟག་ནི་རྟེན་ནོ། །དཀྱིལ་འཁོར་གྱི་ལས་དང༌། དེས་མཚོན་པ་རབ་ཏུ་གནས་པ་དང་སྦྱིན་སྲེག་ལ་སོགས་པའི་ཆོ་ག་ནི་ཡུལ་ལོ། །དེ་བྱ་བར་འདོད་པས་ཆོ་ག་དེ་དག་ལ་འཇུག་པ་ནི་ངོ་བོའོ། །དུས་ནི་བྱས་པའོ། །མི་འབྱུང་བའི་ཐབས་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོ་ག་ཤིན་ཏུ་བཙན་པས། ཆོ་ག་ལ་རིམ་པ་ངེས་པ་ཉིད་དགོས་པར་ཤེས་ཤིང༌། དེ་ལྟར་བྱས་པའི་ཕན་ཡོན་དང༌། མ་བྱས་པའི་ཉེས་དམིགས་རྗེས་སུ་དྲན་པ་ལ་བསླབ་བོ། །བདུན་པའོ།།  །།ཉན་ཐོས་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ཀྱིས་བསྡམས་པའི་བརྟུལ་ཞུགས་དང་ལྡན་པ་ནི་རྟེན་ནོ། །དེ་དག་གི་བཅས་པ་ཕྲ་མོ་རྣམས་ནི་ཡུལ་ལོ། །དེ་ལ་དགོས་པ་ཆེན་པོ་མེད་པར་ཤེས་བཞིན་དུ་ཁྱད་གསོད་མེད་པའི་ཡིད་ཀྱིས་འདའ་བར་འདོད་པས་འདའ་བ་ནི་ངོ་བོའོ། །དུས་ནི་འདས་པའོ། །མི་འབྱུང་བའི་ཐབས་ནི་སྤྱིར་རྒྱལ་བའི་གསུང་ལ་ཡིད་ཆེས་པའི་དད་པ་དང༌། ཁྱད་པར་དང་བཅས་པ་རྣམས་ལ་གུས་པས་མི་འདའ་བ་ལ་བསླབ་བོ། །བརྒྱད་པའོ།།  །།གཉིས་པ་དེའི་མིང་གི་རྣམ་གྲངས་ནི། ཁ་ན་མ་ཐོ་བ་འབྲིང་དང་བཅས་པར་འགྱུར་ཏེ། ཡན་ལག་མ་ཚང་བའི་རྩ་བའི་ལྟུང་བ་རྣམས་ཀྱང་འབྲིང་དུ་འགྱུར་བས། ཡུལ་གྱི་མདུན་དུ་ཆོ་གའི་ཡན་ལག་ཚང་བས་བཤགས་པར་བྱའོ། །ཁ་ན་མ་ཐོ་བ་ཆེན་པོ་ནི་སྔར་སྨོས་པའི་རྩ་བའི་ལྟུང་བ་རྣམས་ཡིན་ལ་ཆུང་ངུ་ནི་ཡན་ལག་གི་ལྟུང་བའི་ཡན་ལག་མ་ཚང་བ་རྣམས་དང༌། ཉེས་བྱས་ཕྲ་མོ་རྣམས་ཏེ་བསྡམ་པར་བྱའོ། །གསུམ་པ་མ་བསྲུངས་པའི་ཉེས་དམིགས་ནི། སྔགས་པ་དེའི་ཡན་ལག་གི་དམ་ཚིག་ཟད་ཅིང་ཉམས་པར་འགྱུར་ལ། ཟད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པར་མི་འགྱུར་ཞིང༌། མི་མཐུན་པའི་ཕྱོགས་ཕྱི་དང་ནང་གི་བདུད་དང༌། ཚེ་འདི་དང་ཕ་རོལ་གྱི་ལུས་དང་སེམས་ཀྱི་སྡུག་བསྔལ་མང་དུ་འཕེལ་བས་གདུང་བར་འགྱུར་བའོ། །བཞི་པ་བསྲུང་བའི་ཚུལ་ནི། ཉིན་མོ་ལན་གསུམ་དང༌། མཚན་མོ་ལན་གསུམ་དུ་ཉིན་རེ་ཞིང་ནི་རྩ་བ་དང་ཡན་ལག་གི་དམ་ཚིག་དེ་དག་ངག་ཏུ་བཟླས་པར་བྱས་ནས་རང་གི་རྒྱུད་ལ་སོ་སོར་རྟགས་ལ་ཉེས་པས་མི་གོས་པར་བྱའོ། །བཤགས་པའི་དུས་ཀྱི་ཚད་ཀྱང་འདིས་བསྟན་ཏེ། ཉིན་ཞག་གི་བཞི་ཆའམ། དྲུག་ཆ་ལས་མི་འདའ་བར་བཤགས་པར་བྱའོ།།  །།ཇི་སྐད་དུ་བྱང་ཆུབ་སེམས་དཔའ་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས། འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སྔ་དྲོའི་དུས་སུ་ཉེས་པ་བྱུང་བ་ལ། ཉི་མའི་གུང་ལ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་ན། དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །ཕྱི་མ་རེད་ཀྱི་དུས་སུ་ཉེས་པ་བྱུང་བ་ནམ་གུང་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་ན། དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །ནམ་གུང་ལ་ཉེས་པ་བྱུང་ན། སྔ་དྲོའི་དུས་སུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཉིད་དུ་རིག་པར་བྱའོ། །ཞེས་འབྱུང་བ་ལྟར་རོ། །ཡན་ལག་གི་ལྟུང་བའི་རྣམ་པར་བཤད་པ་རྫོགས་སོ།།  །།གཉིས་པ་བཟའ་བའི་དམ་ཚིག་ལ་རྒྱུན་དང༌། ཁྱད་པར་གཉིས་ལས། དང་པོ་ནི་བདུད་རྩི་རི་ལུ་རྒྱུན་དུ་བསྟེན་པ་དང༌། ཟས་ཟ་བ་ཐམས་ཅད་ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱོད་པའོ། །ཁྱད་པར་གྱི་བཟའ་བའི་དམ་ཚིག་ནི། ཀྱེའི་རྡོ་རྗེ་ལས། ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང༌། །དེ་བཞིན་དུ་ཡང་བརྒྱད་པ་ཉིད། །ཅེས་པ་དང༌། འཁོར་ལོ་བདེ་མཆོག་ལས། གཉིས་མེད་གཉིས་མེད་པང་ན་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཅེས་འབྱུང་བས། དུས་ཁྱད་པར་དུ་འཕགས་པ་དེ་དག་ལ་ཚོགས་ཀྱི་འཁོར་ལོ་མཚན་ཉིད་དང་ལྡན་པར་བྱེད་པའོ། །གསུམ་པ་མི་འབྲལ་བའི་དམ་ཚིག་ནི། བྲིས་སྐུ། གླེགས་བམ། རྡོ་རྗེ། དྲིལ་བུ། ཌཱ་མ་རུ། ཀ་པཱ་ལ། ཁ་ཊྭཱཾ་ག དགང་གཟར། བླུགས་གཟར། བགྲང་ཕྲེང༌། ན་རའི་ཆོས་གོས། སྟག་གི་ཤམ་ཐབས། སྟག་ལྤགས་སམ་རོ་རས་ཀྱི་གདན། རིགས་ལྔས་མཚན་པའི་དབུ་རྒྱན། རུས་པའི་རྒྱན་དྲུག མཆོད་ཕྱིར་ཐོགས་རྣམས་འཆང་བའོ།།  །།བཞི་པ་བསྒྲུབ་པའི་དམ་ཚིག་ནི། ཉིན་ཞག་ཕྲུགས་གཅིག་ལ་མཉམ་གཞག་གི་རྣལ་འབྱོར་ཐུན་དྲུག་གམ། བཞིའམ། གསུམ་མམ། ཐ་མས་ཀྱང་ཐུན་གཅིག་བསྒོམ་ཞིང༌། ཡན་ལག་གི་རྣལ་འབྱོར་རྣམས་ལ་ཇི་ལྟར་རིགས་པར་རྣལ་འབྱོར་དུ་བྱེད་པའོ།།  །།གཉིས་པ་ཇི་ལྟར་བསྲུང་བའི་ཐབས་ལ་གཉིས། གཞན་ལ་བརྟེན་ནས་བསྲུང་བ་དང༌། བདག་ཉིད་ཀྱི་དབང་གིས་བསྲུང་བའོ། །དང་པོ་ལ་གཉིས་ལས། རྟེན་མཚུངས་པ་ལ་བརྟེན་ནས་བསྲུང་བ་ནི། བཤེས་པའི་སྤྲིང་ཡིག་ལས། དགེ་བའི་བཤེས་གཉེན་བསྟེན་པས་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱིས་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་གསུངས་པ་ལྟར། བླ་མ་དམ་པ་གུས་པས་བསྟེན་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་མཆོག་དང་འགྲོགས་ཤིང༌། དེ་དག་གི་རྗེས་སུ་སློབ་པའི་སྒོ་ནས་བསྲུང་བའོ། །གཉིས་པ་རྟེན་མི་མཚུངས་པ་ལ་བརྟེན་ནས་བསྲུང་བ་ནི། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཀུན་གྱི་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང༌། །ཁྲུས་དང་འཇིགས་ལྡན་དེ་བཞིན་མནོས། །དེས་ནི་སངས་རྒྱས་རྗེས་དྲན་པ་འང༌། །དེ་ལ་ཡང་ནས་ཡང་དུ་འབྱུང༌། །ཞེས་གསུངས་པ་ལྟར། ལྷག་པའི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲིབ་པ་མེད་པའི་སྤྱན་མངའ་བས། བདག་གིས་ཚུལ་མ་ཡིན་པ་སྤྱད་ན། དེ་དག་གི་ཐུགས་ཀྱིས་བས་པར་འགྱུར་རོ་སྙམ་པའི་གུས་པ་དང༌། འཇིགས་པ་དང༌། ངོ་ཚ་ཤེས་པའི་སེམས་ཀྱིས་བསྲུང་བའོ། །གཉིས་པ་བདག་ཉིད་ཀྱི་དབང་གིས་བསྲུང་བ་ལ་གཉིས། །ལྟུང་བ་འབྱུང་བའི་རྒྱུ་བཞི་སྤང་བ་ལ་བསླབ་པ་དང༌། ལྟུང་བ་མི་འབྱུང་བའི་ཐབས་བསྟེན་པ་ལ་བསླབ་པའོ། །དང་པོ་ནི་ལྟུང་བའི་རྒྱུ་མི་ཤེས་པ་སྤང་བའི་ཕྱིར། རྡོ་རྗེ་འཛིན་པས་ཇི་ལྟར་གསུངས་པའི་དམ་ཚིག་དང་སྡོམ་པ་ཡན་ལག་ཕྲ་མོ་དང་བཅས་པའི་རང་བཞིན་དང༌། དེས་གནང་བ་དང༌། ལྟུང་བར་མི་འགྱུར་བའི་སྐབས་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །བག་མེད་པ་སྤང་བའི་ཕྱིར། ལུས་དང༌། སྲོག་དང༌། ལོངས་སྤྱོད་དང༌། དགེ་བའི་རྩ་བ་ཐམས་ཅད་ཉམས་པར་བྱེད་པ་བག་མེད་པ་ཡིན་པར་ཤེས་ནས། དེ་རིམ་གྱིས་སྤོང་བ་ལ་གོམས་པར་བྱའོ། །ཉོན་མོངས་པ་མང་བ་སྤང་བའི་ཕྱིར། གང་ལ་བརྟེན་ནས་ཉོན་མོངས་པ་འབྱུང་བའི་ཡུལ་ཐག་བསྲིང་བ་དང༌། ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ཡིད་ལ་མི་བྱ་བ་ལ་རིམ་གྱིས་བསླབ་བོ། །མ་གུས་པ་སྤང་བའི་ཕྱིར། བླ་མ་དང་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པ་དང༌། ཡོན་ཏན་དེ་དག་བདག་ཉིད་ཀྱིས་ཐོབ་པར་འདུན་པ་དང༌། ལས་དང༌། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ལ་བསླབ་པར་བྱའོ། །གཉིས་པ་མི་འབྱུང་བའི་ཐབས་བསྟན་པ་ལ་གསུམ་ལས། དང་པོ་བག་ཡོད་པར་བྱ་བ་ནི། བཤེས་པའི་སྤྲིང་ཡིག་ལས། བག་ཡོད་བདུད་རྩིའི་གནས་དེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །ཅེས་པ་དང༌། སྤྱོད་འཇུག་ལས། མ་གྲང་དྲོ་བའི་ཁྲོད་གནས་ན། །བསྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང༌། །སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང༌། །རྨ་ཡི་སྡུག་བསྔལ་ཆུང་ངུ་ཡིས། །སྐྲག་པའང་རྨ་ཡི་བག་བྱེད་ན། །རི་བོ་ཆེས་འཇོམས་སྐྲག་པ་དག །སེམས་ཀྱི་རྨ་འདི་ཅིས་མི་བསྲུང༌། །ཞེས་འབྱུང་བས། རང་གི་སེམས་ལ་ཐོག་མ་མེད་པ་ནས། ཉོན་མོངས་པའི་རྨ་དོད་པ། དམ་ཚིག་དང་སྡོམ་པའི་སྨན་དང་རྩིས་གསོ་བའི་ཕྱིར། ཉེ་བར་ཞུགས་པ་སོས་ནས་འཕགས་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་ཉོན་མོངས་པའི་རྨ་སྣད་པ་དང༌། སྨན་ཉམས་ན་ངན་འགྲོ་དང་གཏིང་མཐའ་མེད་པའི་འཁོར་བའི་སྡུག་བསྔལ་གྱིས་ཀུན་ནས་ཉོན་མོངས་པར་འགྱུར་བར་དོགས་པས། དུས་ཐམས་ཅད་དུ་སྒོ་གསུམ་གྱི་ལས་ཐམས་ཅད་བག་ཡོད་པས་སྤྱོད་པ་ལ་གོམས་པར་བྱའོ། །གཉིས་པ་དྲན་ཤེས་བཞིན་དང་ལྡན་པར་བྱ་བ་ནི། སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུང་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱར། །ཞེས་འབྱུང་བས། དབང་གི་དུས་སུ་རང་གིས་དངོས་སུ་ཁས་བླངས་པ་དང༌། དེའི་ཕྱོགས་སུ་གཏོགས་པའི་བསྲུང་བྱ་དང༌། བསྟེན་པར་བྱ་བའི་དམ་ཚིག་ཐམས་ཅད་དུས་དྲུག་ཏུ་ཁ་ཏོན་དུ་བརྗོད་ཅིང་དེའི་དོན་དྲན་པར་བྱ་བ་དང༌། རྣམ་གྲངས་རྗེས་སུ་དྲན་པ་དང༌། སྒོ་གསུམ་གྱིས་གང་ཅུང་ཟད་བྱེད་པའི་ལས་ཐམས་ཅད་དགེ་བ་དང༌། མི་དགེ་བའི་ཕྱོགས་སུ་གཏོགས་པ་བརྟགས་ནས་སྡིག་པ་ལས་ལྡོག་པ་དང༌། དགེ་བའི་ཕྱོགས་ལ་དེར་ཤེས་ནས་འདུན་པས་བསྟུན་ཏེ་བསྒྲུབ་པ་ལ་བསླབ་པར་བྱའོ། །གསུམ་པ་རྣལ་འབྱོར་ལ་ནན་ཏན་དུ་བྱ་བ་ནི་མཉམ་པར་གཞག་པ་དང༌། ཡན་ལག་གི་རྣལ་འབྱོར་ལ་རྒྱུན་མི་ཆད་པར་རྣལ་འབྱོར་དུ་བྱེད་པ་ལ་ནི་ཉེས་པ་དང༌། ལྟུང་བ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར། དམ་ཚིག་བསྲུང་བའི་ཚུལ་རྣམས་ཀྱི་མཆོག་ཡིན་ནོ། །དོན་གསུམ་པ་ཉམས་ན་སླར་བཅོས་པའི་ཐབས་ལ་གཉིས། ཉེས་ལྟུང་སོ་སོ་ལས་ལྡང་བ་དང༌། ཐུན་མོང་དུ་རྣམ་པར་སྨིན་པ་སྦྱང་བའི་ཐབས་སོ། །དང་པོ་ལ་གསུམ་ལས། རྩ་བའི་ལྟུང་བ་བཅོས་པའི་ཐབས་ནི་སྔར་བཤད་ཟིན་ལ། གཉིས་པ་རྩ་བའི་ཕྱོགས་སུ་གཏོགས་པ་ཡན་ལག་མ་ཚང་བ་དང༌། ཡན་ལག་གི་ལྟུང་བ་རྣམས་ལས། ལྡང་བ་ནི་སྟོབས་བཞིའི་སྒོ་ནས་བཤགས་པ་སྟེ། ཡུལ་བླ་མ་དམ་པ་དངོས་སམ། རིགས་དེ་དང་མཚུངས་པའི་ཉེས་ལྟུང་གིས་མ་གོས་པའི་རྡོ་རྗེའི་སྤུན་ཚོགས་པའམ། གང་ཟག་ལ་ཚོགས་ཀྱི་འཁོར་ལོའམ། བསྙེན་བཀུར་བ་གཞན་ནམ། ཐ་ན་མཎྜལ་དང་མེ་ཏོག་ཙམ་གྱིས་མཆོད་ནས། བླ་མ་སློབ་དཔོན་དང༌། རང་བས་རྒན་པ་རྣམས་ལ་ཕྱག་འཚལ་ཞིང༌། གཞོན་པ་རྣམས་ལ་ནི་ཐལ་མོ་སྦྱར་ལ། ཙོག་ཙོག་པོར་འདུག་ནས་སྔར་བྱས་པའི་སྡིག་པ་དང༌། བྱེ་བྲག་ཏུ་ལྟུང་བ་དེ་ལ་ཤིན་ཏུ་འགྱོད་པ་དང༌། སླར་སྡོམ་ཞིང་དགེ་བའི་ཆོས་ཀུན་ཏུ་སྤྱོད་པར་འདུན་པས་འདི་སྐད་ཅེས། བླ་མའམ། སློབ་དཔོན་ནམ། རིག་པ་འཛིན་པའི་དགེ་འདུན་ནམ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། བདག་རྡོ་རྗེ་འཛིན་པ་ཆེ་གེ་མོ་ཞེས་བགྱི་བ་ལ། རྩ་བའི་ལྟུང་བའི་ཕྱོགས་སུ་གཏོགས་པ། བླ་མ་དམ་པ་ལ་མ་གུས་པའི་ལྟུང་བའམ། ཡན་ལག་གི་ལྟུང་བའི་ཕྱོགས་སུ་གཏོགས་པ་དམ་ཚིག་དང་མི་ལྡན་པའི་རིག་མ་བསྟེན་པའི་ལྟུང་བ་གཅིག་གམ། གཉིས་སམ། མང་པོའམ། རབ་ཏུ་མང་པོ་ཞིག་བྱུང་སྟེ། བླ་མའམ། སློབ་དཔོན་ནམ། རིག་པ་འཛིན་པའི་དགེ་འདུན་ནམ། རྡོ་རྗེ་འཛིན་པའི་སྤྱན་སྔར་མཐོལ་ལོ། །བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་བསྡམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་ལགས་ཀྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་ལགས་སོ། །ཞེས་ལན་གསུམ་བརྗོད་ནས། ཡུལ་གྱིས་རྡོ་རྗེ་འཛིན་པ་ཁྱོད་ཀྱིས་ཉེས་པ་ལ་ཉེས་པར་མཐོང་ངམ། ཞེས་དྲི། འཆགས་པ་པོས་མཐོང་ལགས། ཞེས་བརྗོད། སླར་ཡང་སླན་ཆད་བསྡམ་མམ། ཞེས་དྲི། སྡོམ་ལགས་སོ་ཞེས་ལན་གདབ། ཡུལ་གྱིས་ཐབས་ཡིན་ནོ་དང༌། འཆགས་པ་པོས་ལེགས་སོ་ཞེས་བརྗོད་ནས། ཕྱག་འཚལ་བའམ་ཐལ་མོ་སྦྱར་ལ་ལྟུང་བ་ལས་བསླངས་པ་བཀའ་དྲིན་ཆེ་ལགས་སོ་ཞེས་གཏང་རག་དབུལ་ལོ། །བཤགས་པར་བྱ་བའི་ལྟུང་བ་གཞན་ཡང་མིང་སྨོས་ལ་འདི་ཉིད་ཀྱི་ཚུལ་གྱིས་བཤགས་པར་བྱའོ། །གསུམ་པ་ཡན་ལག་མ་ཚང་བའི་ཡན་ལག་གི་ལྟུང་བ་དང༌། ཉེས་བྱས་ཕྲ་མོ་རྣམས་ནི། བླ་མ་དང་རྡོ་རྗེ་སྤུན་ནམ་ལྷག་པའི་ལྷ་དམིགས་པའི་མདུན་དུ་སྔར་བྱས་པ་ལ་འགྱོད་པ་དང༌། ཕྱིན་ཆད་བསྡམ་པའི་ཡིད་ཀྱིས་སྡོམ་པར་དམ་འཆའ་བ་ཉིད་དོ། །གཉིས་པ་ཐུན་མོན་དུ་རྣམ་པར་སྨིན་པ་སྦྱང་བའི་ཐབས་ལ་གཉིས་ལས། ཐུན་མོང་གི་ཐབས་ནི། ཕྱག་དང་བསྐོར་བ་དང༌། ཕུང་པོ་གསུམ་པའི་མདོ་གདོན་པ་ལ་སོགས་པ་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཐབས་ལ་གཉིས་ལས། ཡི་གེ་བརྒྱ་པའི་བསྒོམ་བཟླས་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་དམ་ཚིག་རྡོ་རྗེའི་སྒོ་ནས་སྦྱང་བ་ནི། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་སྔོན་དུ་སོང་ནས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སྦྱངས། སླར་འདུས་ནས་གཅིག་དུ་གྱུར་པ་ལས། དམ་ཚིག་རྡོ་རྗེ་ལྗང་གུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། ཞལ་གཅིག ཕྱག་གཉིས་ཀྱིས་རལ་གྲི་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་དམ་ཚིག་སྒྲོལ་མ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པའི། གནས་གསུམ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་དང་རོ་གཅིག་པར་བྱས་པ་ལ་དབང་བསྐུར་ནས། རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམས་པ་ལ། བདག་གི་སྡིག་པ་དང༌། ལས་ངན་པ་དང༌། དམ་ཚིག་གི་ཉེས་པ་ཐམས་ཅད་སྦྱང་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཐུགས་ཀའི་ཁྃ་ལས་བདུད་རྩིའི་རྒྱུན་བབས་པས་རང་གི་ལུས་ཐམས་ཅད་ཡོངས་སུ་གང་བས་དྲི་མ་ཐམས་ཅད་བཀྲུས་པར་བསམ་ཞིང༌། ཨོཾ་ཨ་ཁྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླས་ལ། མཐར་རང་ལ་ཐིམ་པར་བསམ་མོ། །དེ་ལྟ་བུ་ཐུན་བཞིའམ་དྲུག་གི་ངེས་པས་སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་བསྙེན་པ་བྱའོ། །ཐུན་མོང་གི་རྣམ་པར་སྨིན་པ་སྦྱང་བ་འདི་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་སྦྱོང་བར་བྱེད་པས་ཉེས་པ་དང་ལྟུང་བ་མ་བྱུང་དུ་ཟིན་ཀྱང་རྒྱུན་དུ་རྣལ་འབྱོར་དུ་བྱ་བར་རིགས་པ་ཉིད་དོ། །བཞི་པ་ཉམས་པའི་ཉེས་དམིགས་ལ་གཉིས་ལས། གནས་སྐབས་ཀྱི་ཉེས་དམིགས་ནི། མཁའ་འགྲོ་དང༌། ཆོས་སྐྱོང་བ་དང༌། འབྱུང་པོའི་ཚོགས་ཁྲོ་ཞིང༌། འདོད་པའི་དོན་མི་འགྲུབ་པ་དང༌། ཉེ་བར་འཚོ་བ་སྣ་ཚོགས་ཀྱིས་གདུང་བ་དང༌། གདོན་དང༌། རིམས་དང༌། དུག་དང༌། རྒྱལ་པོའི་ཆད་པ་ལ་སོགས་པས་ཚེའི་དུས་བྱེད་པའོ། །གཉིས་པ་མཐར་ཐུག་གི་ཉེས་དམིགས་ལ་རྩ་བའི་ལྟུང་བ་བྱུང་བས་ནི། སྐྱེ་བ་བརྒྱུད་མར་མནར་མེད་པའི་སེམས་ཅན་དམྱལ་བར་འགྱུར་བ་དང༌། དེ་ལས་ཐར་ན་ཡང་སྲིད་པ་ཐམས་ཅད་དུ་ངན་འགྲོ་དང༌། ལོག་པར་ལྟུང་བར་སྐྱེ་བ་དང༌། སངས་རྒྱས་དང་ཆོས་འབྱུང་བ་དང་མི་ཕྲད་པར་འགྱུར་རོ། །ཡན་ལག་གི་དམ་ཚིག་ཉམས་པས་ནི་འཁོར་བ་དང་ངན་འགྲོའི་སྡུག་བསྔལ་ཅི་རིགས་པ་ཉམས་སུ་མྱོང་བ་དང༌། དངོས་གྲུབ་རིང་དུ་འགྱང་བར་བྱེད་པའོ།།  །།ལྔ་པ་མ་ཉམས་པར་བསྲུངས་པའི་ཕན་ཡོན་ལ་གཉིས་ལས། གནས་སྐབས་ཀྱི་ཕན་ཡོན། བླ་མ་དང༌། ལྷག་པའི་ལྷ་དང༌། མཁའ་འགྲོ་དང༌། ཆོས་སྐྱོང་བ་དང༌། བསྟན་པ་ལ་དགའ་བའི་འབྱུང་པོ་ཆེན་པོ་ཐམས་ཅད་ཀྱི་བྱིན་གྱིས་རློབ་ཅིང༌། མཉེས་པས་བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་འགྱུར་བའོ། །གཉིས་པ་མཐར་ཐུག་གི་ཕན་ཡོན་ནི་སྲིད་པ་ཐམས་ཅད་དུ་རིག་པ་འཛིན་པ་དང༌། མཁའ་ལ་སྤྱོད་པ་དང༌། འཁོར་ལོས་སྒྱུར་བ་ལ་སོགས་པ་བདེ་འགྲོའི་མཆོག་ཏུ་སྐྱེས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་ལ་ལོངས་སྤྱོད་དེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །འགྲུབ་པའི་དུས་ནི། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་འབྱུང་བས། ལམ་གཞན་ལ་ནན་ཏན་དུ་མ་བྱས་ཀྱང་སྐྱེ་བ་བཅུ་དྲུག་ན་འགྲུབ་ན། རྣལ་འབྱོར་ལ་ནན་ཏན་དུ་བྱེད་པས་མྱུར་དུ་འགྲུབ་པ་སྨོས་ཅི་ཞིག་དགོས། དེའི་ཕྱིར་གསང་བ་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་དམ་ཚིག་དང་སྡོམ་པའི་རྒྱན་གྱིས་མཛེས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་རིག་པར་བྱའོ། །དེ་ལྟར་བཤད་ལ་ནོངས་པ་གང་མཆིས་པ། །དེ་ལ་བརྩེ་ཆེན་རྣམས་ཀྱི་བཟོད་པར་དགོངས། །དེ་ལས་དགེ་བའི་རྩ་བ་གང་བསྐྲུན་པ། །དེ་ཡིས་བདག་གཞན་ཧེ་རུ་ཀར་གྱུར་ཅིག །རྡོ་རྗེ་ཐེག་པའི་དམ་ཚིག་གི་རྣམ་པར་གཞག་པ་ལ་ཕྱིན་ཅི་ལོག་ཏུ་སྨྲ་བ་དེ་དག་སུན་འབྱིན་ཅིང༌། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིརྺ་པའི་དགོངས་པ། ལུང་དང་རིགས་པས་གྲུབ་པའི་དོན་རྣམ་པར་གཞག་པ། རྩོད་པ་སྤང་བ་དང་བཅས་པ་རྒྱས་པར་ཤེས་པར་འདོད་པས། བླ་མ་རྗེ་བཙུན་རིན་པོ་ཆེའི་གསུང་རབ་འཁྲུལ་པ་སྤོང་བ་ཞེས་བྱ་བ་ལས་རྟོགས་པར་བྱའོ།།  །།འདི་ནི་ཉུང་ཞིང་གསལ་བའི་ངག་གིས་རང་གི་ལུགས་རྣམ་པར་ངེས་པ་ཁོང་དུ་ཆུད་པར་འདོད་པ་དད་པ་དང་ལྡན་ཞིང༌། ཤེས་རབ་གསལ་བ་ཉི་མ་འབུམ་ཞེས་བྱ་བས་ཡང་ནས་ཡང་དུ་གསོལ་བ་བཏབ་ཅིང༌། གཞན་མང་པོས་ཀྱང་ཉེ་བར་བསྐུལ་ནས། བླ་མ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ཀྱི་རྡུལ་སྤྱི་བོས་གུས་པས་བླངས་པ་དགེ་སློང་སྔགས་འཆང་བ་འཕགས་པ་ཞེས་བྱ་བས་ཆུ་ཕོ་སྤྲེའུ་ལོ་དཔྱིད་ཟླ་འབྲིང་པོ་ལ་གཡར་མོ་ཐང་གི་སའི་ཆ་ཤིང་ཀུན་ཏུ་སྦྱར་བ། རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་ལྟུང་བའི་རྣམ་པར་བཤད་པ་དམ་ཚིག་རབ་ཏུ་གསལ་བ་ཞེས་བྱ་བ་རྫོགས་སོ། །ལྷན་ཅིག་བྱེད་པའི་རྐྱེན་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱ་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*