གཤེད་དམར་ལྷ་བཅུ་གསུམ་མའི་སྒྲུབ་པའི་ཐབས།

༼ཕ༽

༄༅། །གཤེད་དམར་ལྷ་བཅུ་གསུམ་མའི་སྒྲུབ་པའི་ཐབས་བཞུགས་སོ།།

༄༅། །དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །རྒྱལ་བའི་གཉིས་མེད་ཡེ་ཤེས་ཐུགས། །རྡོ་རྗེ་ཁྲོ་བོར་རྣམ་སྤྲུལ་པ། །གཤིན་རྗེ་གཤེད་དཔལ་ལ་བཏུད་དེ། །དེ་ཡི་སྒྲུབ་པའི་རིམ་པ་བཤད། །དཀྱིལ་འཁོར་འདིར་ཞུགས་ཤིང་དམ་ཚིག་དང་ལྡན་པ། འདི་ཉམས་སུ་ལེན་པར་འདོད་པའི་རྣལ་འབྱོར་པས་སྟན་བདེ་བ་ལ་ཅི་བདེ་བར་འདུག་ནས། བླ་མ་དང་དཀོན་མཆོག་གསུམ་ལ་ལན་གསུམ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། གཤིན་རྗེ་གཤེད་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་རང་སྐད་ཅིག་གིས་གཤིན་རྗེ་གཤེད་དམར་པོར་མོས་པའི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་དམར་པོ་བསམས་པ་ལས་འོད་འཕྲོས་པས་ལུས་ཐམས་ཅད་གང་བས་རང་གི་སྡིག་པ་སྦྱངས། ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བླ་མ་མི་བསྐྱོད་པའི་རྣམ་པས་གཙོ་བོའི་དབུར་བརྒྱན་པར་སྤྱན་དྲངས་ནས། ན་མོ་གུ་རུ་བྷྱཿས་བླ་མ་དང༌། ན་མཿཤྲཱི་ཡ་མཱ་རི་མཎྜ་ལེ་བྷྱཿས་དཀྱིལ་འཁོར་ལ་ཕྱག་འཚལ་ལོ། ཨོཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད་ཡོན། ཨོཾ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་གིས་རོལ་མོ་འཛིན་པའི་ལྷ་མོ་སྙིང་ག་ནས་སྤྲོས་པས་མཆོད་ནས། ལུས་དང་ངག་དང་ཡིད་ཀྱི་སྡིག །བགྱིས་དང་དེ་བཞིན་བགྱིད་སྩལ་གང༌། །གང་ཡང་རྗེས་སུ་ཡི་རང་བ། །དེ་དག་མགོན་གྱི་སྤྱན་སྔར་བཤགས། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །འཕགས་པའི་དགེ་ཚོགས་རྗེས་ཡི་རང༌། །རྫོགས་པའི་སངས་རྒྱས་དམ་པའི་ཆོས། །ཚོགས་ཀྱི་མཆོག་བཅས་སྐྱབས་སུ་མཆི། །ཡོན་ཏན་རྒྱ་མཚོ་ཁྱོད་རྣམས་ལ། །རང་གི་ལུས་ནི་དབུལ་བར་བགྱི། །དམ་པའི་ཆོས་ཀུན་སྟོན་པ་ཡི། །སྒྲ་དབྱངས་མཛེས་པས་བཞུགས་གྱུར་ཅིག །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དྭང་བས་བསྟེན་པར་བགྱི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །བསོད་ནམས་ཀུན་ནས་གང་བསགས་པ། །རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དུ། །གྱུར་ནས་བདག་གིས་འགྲོ་ཕན་བགྱི། །ཞེས་ལན་གསུམ་བརྗོད་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པ་དང༌། སྡུག་བསྔལ་དང་བྲལ་བ་དང༌། བདེ་བ་དང་མི་འབྲལ་བ་དང༌། མཉམ་པ་ཉིད་ཀྱི་སེམས་དང་ལྡན་པར་གྱུར་ཅིག་སྙམ་པའི་ཚད་མེད་པ་བཞི་བསྒོམ་པ་ནི། བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སྟོང་པ་ཉིད་ཀྱི་ངང་ལས་པྃ་ལས་པདྨ་ཨ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ་ལས། ཕྱོགས་བཅུར་འཕྲོས་པའི་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་ས་ཞི། རྭ་བ། དྲྭ་བ། གུར། བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོ་བསྒོམས་ནས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་གི་བྱིན་གྱིས་བརླབ་བོ། །དེ་ནས་སྲུང་འཁོར་གྱི་ནང་དུ་པདྨ་དང་ཟླ་བ་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། ཕྱི་དཀར་ཞིང་ནང་དམར་ལ་གདེངས་ཁ་གྱེན་དུ་ཕྱོགས་པའི་ནང་དུ་པདྨ་དང་ཉི་མའི་དབུས་སུ་བྷྲཱུྃ་ལས་འཁོར་ལོ་དཀར་པོ་བྷྲཱུྃ་གྱིས་མཚན་པ་ལས་འོད་འཕྲོས་པས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྦྱངས་པས། གཞལ་ཡས་ཁང་པ་རྣམས་སུ་གྱུར་ནས། འོད་སླར་འདུས་ཏེ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་པ་གྲུ་བཞི་པ། སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན། དཀར་པོ། སེར་པོ། དམར་པོ། ལྗང་གུ། ནག་པོའི་རྩིག་པ་ལྔ་དང་ལྡན་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བའི་སྟེང་དུ་མདའ་ཡབ་ལས་རིན་པོ་ཆེའི་ཤར་བུ་འཕྱངས་པ། སྒོ་བཞིའི་ཐད་སོར་རྟ་བབས་བཞིའི་སྟེང་དུ། པདྨ་དང༌། ཆོས་ཀྱི་འཁོར་ལོ་དང༌། རི་དྭགས་གཉིས་གཉིས་དང་བཅས་པའི་སྟེང་དུ་གདུགས་ཕུབ་ཅིང་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོའི་སྟེང་དུ། ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་མཆོད་པ་བྱེད་པ། ནང་ཀ་བ་བརྒྱད་དང་ལྡན་ཞིང༌། རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་ནས། མཛེས་པར་ཕུབ་པའི་དབུས་ཕུར་བུར་གྱུར་བའི་སྟེང་དུ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཚན་པ། ནང་གི་ལྷ་སྣམ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་གྲྭ་རྣམས་སུ་བཅུད་ཀྱིས་གང་ཞིང༌། ཁ་རྒྱན་དང་བཅས་པའི་བུམ་པ་བརྒྱད་དང༌། དབུས་སུ་རྡོ་རྗེ་སྔོན་པོའི་ཕྲེང་བའི་མུ་ཁྱུད་དང་བཅས་པའི་སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག་ཅན་གྱི་ལྟེ་བར་ཉི་མ་དང༌། ཤར་མ་གཏོགས་པའི་རྭ་དབུས་མ་གསུམ་དང༌། སྒོ་བཞིར་པདྨ་དང༌། ཉི་མའི་གདན་དང༌། ཤར་གྱི་རྭ་དབུས་མ་དང༌། ཕྱི་ནང་གི་གྲྭ་བརྒྱད་དུ་པདྨ་དང་ཟླ་བའི་གདན་བསྒོམ་མོ། །དེ་ནས་ལྷ་བསྐྱེད་པའི་ཕྱིར་གདན་དབུས་མའི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་ཕྲག་གཉིས་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བསྒོམས་པའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་྅། ཊ་ཋ་ཌ་ཌྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཌ་ཌྷ་ད་དྷ་ཡ་ལ། ཞེས་ཕྲག་གཉིས་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་དང༌། མི་མགོ་སེར་པོས་མཚན་པའི་དབྱུག་པ་བསྒོམ་ཞིང༌། ཨོཾ་བཛྲ་དཎྜ་ཨཱཏྨ་ཀོ྅་ཧཾ་གི་བྱིན་གྱིས་བརླབ་པ་སོ་སོར་རྟོག་པའི་ཡེ་ཤེས། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་སྦྱངས། འོད་ཟེར་སླར་འདུས་ནས་གཅིག་ཏུ་འདྲེས་པ་འོད་ཀྱི་གོང་བུར་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས། དེ་ལས་བདག་ཉིད་དཔལ་གཤིན་རྗེ་གཤེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་དབྱུག་པ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ། སྤྱན་གསུམ་པ། ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྐུ་ཐུང་ཞིང་སྦོམ་ལ་གཟི་བརྗིད་ཆེ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཞིང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་ཐལ་ཆེན་གྱི་རྒྱ་སྤངས་ཤིང༌། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཞན་སྐུ་མདོག་དང༌། ཕྱག་མཚན་དང༌། ཆ་ལུགས་ཡབ་དང་འདྲ་བ་དང༌། མཉམ་པར་སྦྱོར་བའི་སྐུར་བསྒོམ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། རྣལ་འབྱོར་རོ། །དེ་ནས་ཡུམ་གྱི་མཁའ་པདྨ་འདབ་མ་བརྒྱད་པ་ཨས་མཚན་པ་དང༌། ཡབ་ཀྱི་གསང་བའི་གནས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པར་བསྐྱེད་ནས། སྙོམས་པར་ཞུགས་པའི་རྗེས་སུ་ཆགས་པའི་འོད་ཀྱིས། སེམས་ཅན་ཐམས་ཅད་བཀུག ཞལ་དུ་ཞུགས། སྙིང་གར་འོད་དུ་ཞུ། ཡུམ་གྱི་མཁར་བབས་པ་བདེ་བ་ཆེན་པོའི་ངོ་བོ་ཐིག་ལེར་གྱུར་པ་ལས་བྱུང་བའི། གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་སུ་གྱུར་པ་སྦྱོར་མཚམས་ནས་སྤྲོས་པས། སྣོད་དག་པའི་གཞལ་ཡས་ཁང་རྣམས་སུ་བཀོད་ནས། སླར་ཡང་སྙོམས་པར་ཞུགས་པས། རྗེས་སུ་ཆགས་པའི་མེས་ཡབ་ཡུམ་འོད་དུ་ཞུ་བ། ཨོཾ་ཨཱཿཧཱུྃ་ཧོ། གཉིས་ཀྱིས་མཐའ་བརྟེན་པའི་ཡི་གེ་འབྲུ་ལྔར་གྱུར་ཅིང༌། དེ་དག་ཀྱང་སྐར་མདའ་བཞིན་དུ་ཕན་ཚུན་འདྲེས་པས། བདེ་བ་ཆེན་པོའི་ངོ་བོ་ཐིག་ལེའི་རྣམ་པར་གྱུར་པར་བསམ་མོ། །དེ་ནས་ཐིག་ལེ་དེ་ལས་ཐིག་ལེ་བཞི་མཚམས་བཞིར་འཕྲོས་པ་ལས། ལྷ་མོ་བཞིར་གྱུར་ནས་གླུས་བསྐུལ་བ་ནི། ཤར་ལྷོ་ནས་ཙརྩི་ཀས། ཐུགས་རྗེའི་ཁྲོ་བོའི་རྗེ་བཙུན་ཡིད་བཞེངས་ལ། །ས་གསུམ་མཐའ་དག་རྨོངས་པ་སོལ་མཛོད་ཅིག །ཅེས་པ་དང༌། ལྷོ་ནུབ་ནས་རྡོ་རྗེ་ཕག་མོས། ཇོ་བོ་སེམས་ནི་གཡེངས་སླད་བདུད་བཞི་ལས། །རྣམ་པར་རྒྱལ་བའི་རྗེ་བཙུན་ཉིད་བཞེངས་ཤིག །ཅེས་པ་དང༌། ནུབ་བྱང་ནས་དབྱངས་ཅན་མས། འཇིག་རྟེན་མགྲོན་གཉེར་སྟོང་ཉིད་ཅི་སྟེ་བཞུགས། །རྗེ་བཙུན་འཇིག་རྟེན་བསོད་ནམས་ཀྱིས་བཞེངས་ཤིག །ཅེས་པ་དང༌། བྱང་ཤར་ནས་དཀར་མོས། བྱང་ཆུབ་རང་བཞིན་འཇིག་རྟེན་མགྲོན་གཉེར་ནས། །ཁྱོད་ནི་སྟོང་ཉིད་སེམས་ཤིང་ཅི་སྟེ་བཞུགས། །ཞེས་གླུས་བསྐུལ་ནས། ལྷ་མོ་རྣམས་སྐར་མདའི་ཚུལ་གྱིས། དབུས་ཀྱི་ཐིག་ལེ་ལ་ཐིམ་པ་དང༌། ཐིག་ལེ་རིམ་པ་གཉིས་སུ་གྱུར་ནས། འོག་གི་ཐིག་ལེ་མྃ་ལས་མ་ཧེ་དམར་པོ་དྲེགས་པ་དང་བཅས་ཤིང་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། རྭ་དང་རྨིག་པ་སྔོན་པོ་འབར་བ་དང་བཅས་པ། དམར་ལ་ཟླུམ་པའི་མིག་གསུམ་དང་ལྡན་ཞིང༌། ཁ་ནས་ལྕེ་གློག་ལྟར་འགྱུ་བར་གྱུར་པའི་སྟེང་གི ཐིག་ལེ་ཧཱུྃ་ལས་རྡོ་རྗེ་དབྱུག་པ་ཧཱུྃ་གིས་མཚན་པར་གྱུར་པ་ལས། འོད་ཟེར་ཕར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ནས་ཧཱུྃ་ལ་ཐིམ་པས། བདག་ཉིད་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། གཞན་མཚན་ཉིད་ཐམས་ཅད་གོང་དུ་བསྟན་པ་ལྟར་བསྒོམས་ནས། སྔ་མ་ལྟར་མཁའ་གསང་བྱིན་གྱིས་བརླབས་ནས། སྙོམས་པར་ཞུགས་ཏེ་བདག་སངས་རྒྱས་ཐམས་ཅད་ཀྱི་བདེ་བའི་ངོ་བོར་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསྐྱེད་པའི་རྒྱུའི་ངོ་བོ་བདག་ཡིན་སྙམ་དུ་བསམས་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ་རྗེས་སུ་ཆགས་པའི་རྣལ་འབྱོར་རོ། །སླར་ཡང་སྙོམས་པར་ཞུགས་ཤིང་ཐུགས་ཀ་ནས། འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་ཞུ། གསང་བའི་གནས་ནས་བབས་པས། ཡུམ་གྱི་བྷ་གར་ཐིག་ལེ་བཅུ་བདུན་དུ་གྱུར་པ་ལས། ལྷ་བཅུ་གསུམ་དང་ཐོད་པ་བཞི་སྟེ་བཅུ་བདུན་ཅིག་ཅར་བསྐྱེད་ནས་རིམ་གྱིས་སྤྲོ་བ་དང་དགོད་པར་བྱའོ། །དེའང་དབུས་སུ་ཡ་ལས་རྡོ་རྗེ་ཡས་མཚན་པ་ལས། གཙོ་བོ་ཡབ་ཡུམ་བསྐྱེད་པ། ཧྲཱིཿཥྚྲཱིའི་སྔགས་ཀྱིས་སྦྱོར་མཚམས་ནས་ཕྱུང་ནས་སྤྲོས་པས། སེམས་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། སླར་འདུས་ནས་ཕྱིའི་གཙོ་བོའི་ཐུགས་ཀར་ཐིམ་པར་བསམ། ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ་ལས། གཏི་མུག་གཤིན་རྗེ་གཤེད་དཀར་པོ་ཕྱག་གཡས་པས་འཁོར་ལོ་འཛིན་པ། ཨོཾ་ཛི་ན་ཛིཀ་གིས་སྤྲོས། སེམས་ཅན་རྣམས་ཀྱི་གཏི་མུག་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། སླར་འདུས་ནས་ཤར་གྱི་སྣ་ཚོགས་རྡོ་རྗེའི་ཤར་གྱི་རྭ་དབུས་མ་ལ་དགོད། ལྷོར་མ་ལས་རིན་པོ་ཆེ་མས་མཚན་པ་ལས་ཕྲ་མ་གཤིན་རྗེ་གཤེད་སེར་པོ་རིན་པོ་ཆེ་འཛིན་པ། ཨོཾ་རཏྣ་དྷྲྀཀ་གིས་སྤྲོས། སེམས་ཅན་རྣམས་ཀྱི་སེར་སྣ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད། སླར་འདུས་ནས་ལྷོ་ཕྱོགས་ཀྱི་རྭ་དབུས་མ་ལ་དགོད། ནུབ་ཏུ་མེ་ལས་པདྨ་མེས་མཚན་པ་ལས། འདོད་ཆགས་གཤིན་རྗེ་གཤེད་དམར་པོ་པདྨ་འཛིན་པ། ཨོཾ་ཨཱ་རོ་ལིཀ་གིས་སྤྲོས། སེམས་ཅན་རྣམས་ཀྱི་འདོད་ཆགས་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད། སླར་འདུས་ནས་ནུབ་ཕྱོགས་ཀྱི་རྭ་དབུས་མ་ལ་དགོད། བྱང་དུ་ད་ལས་རལ་གྲི་དས་མཚན་པ་ལས། ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་རལ་གྲི་འཛིན་པ། ཨོཾ་པྲ་ཛྙཱ་དྷྲྀ་ཀ་གིས་སྤྲོས། སེམས་ཅན་རྣམས་ཀྱི་ཕྲག་དོག་སྦྱངས། བྱ་བ་གྲུབ་པའི་ཡེ་ཤེས་ལ་བཀོད། སླར་འདུས་ནས་བྱང་གི་རྭ་དབུས་མ་ལ་དགོད། དེའི་ཕྱི་རོལ་དུ་ཤར་དུ་ཡ་ལས་ཐོ་བ་ཡས་མཚན་པ་ལས། ཐོ་བ་གཤིན་རྗེ་གཤེད་སྔོན་པོ་ཐོ་བ་འཛིན་པ། ཨོཾ་མུཏྐ་ར་དྷྲྀཀ་གིས་སྤྲོས། སེམས་ཅན་རྣམས་ཀྱི་ཕུང་པོའི་བདུད་སྦྱངས། དད་པའི་སྟོབས་ལ་བཀོད། སླར་འདུས་ནས་དཀྱིལ་འཁོར་གྱི་ཤར་གྱི་སྒོར་དགོད། ལྷོར་ཙ་ལས་དབྱུག་པ་ཙས་མཚན་པ་ལས། དབྱུག་པ་གཤིན་རྗེ་གཤེད་དཀར་པོ་ཕྱག་གཡས་ན་དབྱུག་པ་འཛིན་པ། ཨོཾ་དཎྜ་དྷྲྀཀ་གིས་སྤྲོས། སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་བདུད་སྦྱངས། བརྩོན་འགྲུས་ཀྱི་སྟོབས་ལ་བཀོད། སླར་འདུས་ནས་ལྷོ་སྒོར་དགོད། ནུབ་ཏུ་ནི་ལས་པདྨ་ནིས་མཚན་པ་ལས། པདྨ་གཤིན་རྗེ་གཤེད་དམར་པོ་པདྨ་འཛིན་པ། ཨོཾ་པདྨ་དྷྲྀཀ་གིས་སྤྲོས། སེམས་ཅན་རྣམས་ཀྱི་འཆི་བདག་གི་བདུད་སྦྱངས། དྲན་པའི་སྟོབས་ལ་བཀོད། སླར་འདུས་ནས་ནུབ་སྒོར་དགོད། བྱང་དུ་ར་ལས་རལ་གྲི་རས་མཚན་པ་ལས། རལ་གྲི་གཤིན་རྗེ་གཤེད་ལྗང་གུ་རལ་གྲི་འཛིན་པ། ཨོཾ་ཁཌྒ་དྷྲྀཀ་གིས་སྤྲོས། སེམས་ཅན་རྣམས་ཀྱི་ལྷའི་བུའི་བདུད་སྦྱངས། ཏིང་ངེ་འཛིན་གྱི་སྟོབས་ལ་བཀོད། སླར་འདུས་ནས་བྱང་སྒོར་དགོད་དོ། །ནང་གི་ཤར་ལྷོར་ཛཱ་ལས་འཁོར་ལོ་ཛཱས་མཚན་པ་ལས། ཙརྩི་ཀ་དཀར་ཞིང་སྐེམས་པ་འཁོར་ལོ་འཛིན་པ། ཨོཾ་མོ་ཧ་ར་ཏིས་སྤྲོས། སེམས་ཅན་རྣམས་ཀྱི་སའི་ཁམས་སྦྱངས། བྱམས་པ་ལ་བཀོད། སླར་འདུས་ནས་ནང་གི་ཤར་ལྷོར་དགོད། ལྷོ་ནུབ་ཏུ་ས་ལས་རྡོ་རྗེ་སས་མཚན་པ་ལས། ཕག་མོ་སྔོན་མོ་རྡོ་རྗེ་འཛིན་པ། ཨོཾ་དྭེ་ཥ་ར་ཏིས་སྤྲོས། སེམས་ཅན་རྣམས་ཀྱི་ཆུའི་ཁམས་སྦྱངས། སྙིང་རྗེ་ལ་བཀོད། སླར་འདུས་ནས་ནང་གི་ལྷོ་ནུབ་ཏུ་དགོད། ནུབ་བྱང་དུ་དོཿལས་པདྨ་དོཿས་མཚན་པ་ལས། དབྱངས་ཅན་མ་དམར་མོ་པདྨ་འཛིན་པ། ཨོཾ་རཱ་ག་ར་ཏིས་སྤྲོས། སེམས་ཅན་རྣམས་ཀྱི་མེའི་ཁམས་སྦྱངས། དགའ་བ་ལ་བཀོད། སླར་འདུས་ནས་ནང་གི་ནུབ་བྱང་དུ་དགོད། བྱང་ཤར་དུ་རུ་ལས་རལ་གྲི་རུས་མཚན་པ་ལས། གཽ་རཱི་ལྗང་གུ་རལ་གྲི་འཛིན་པ། ཨོཾ་བཛྲ་ར་ཏིས་སྤྲོས། སེམས་ཅན་རྣམས་ཀྱི་རླུང་གིས་ཁམས་སྦྱངས། བཏང་སྙོམས་ལ་བཀོད། སླར་འདུས་ནས་ནང་གི་བྱང་ཤར་དུ་དགོད་དོ། །ལྷ་ཡབ་རྣམས་ཀྱི་རྒྱན་དང་ཆ་ལུགས་གཙོ་བོ་དང་འདྲ་བ། རང་འོད་ཀྱི་རིག་མ་དང་ལྡན་ཞིང་ཡུམ་རྣམས་ཀྱི་རྒྱན་དང་ཆ་ལུགས་གཙོ་མོ་དང་འདྲ་བ། རང་འོད་ཀྱི་ཐབས་དང་བཅས་པ་ཐམས་ཅད་ཀྱི་ཕྱག་གཡོན་པས་བདུད་རྩི་ལྔས་གང་བའི་ཐོད་པ་འཛིན་པས་ཕན་ཚུན་འཁྱུད་པའོ། །ཕྱིའི་གྲྭ་བཞིར་ཎ་ཡོ་ནི་ར་ལས་བྱུང་བའི་བདུད་རྩི་ལྔས་ཡོངས་སུ་གང་བའི་ཐོད་པ་བཞི། ཨོཾ་ཨཱཿཧཱུྃ་གིས་སྤྲོས། སེམས་ཅན་རྣམས་ཀྱི་སྡུག་བསྔལ་བག་ཆགས་དང་བཅས་པ་སྦྱངས། ཟག་པ་མེད་པའི་བདེ་བ་ལ་བཀོད། སླར་འདུས་ནས་དཀྱིལ་འཁོར་གྱི་ཕྱིའི་གྲྭ་བཞིར་དགོད་དོ། །ཤིན་ཏུ་རྣལ་འབྱོར་རོ། །དེ་ནས་ལྷ་རྣམས་ཀྱི་མིག་ལ་སོགས་པར་པདྨ་དང་ཉི་མའི་གདན་བསམས་པའི་སྟེང་དུ། མིག་ཏུ་ཀྵིཾ་ལས་སའི་སྙིང་པོ་གཏི་མུག་གཤིན་རྗེ་གཤེད་ལྟ་བུ། རྣ་བར་ཛྲཱིཾ་ལས་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་ཐོ་བ་འཛིན་པ། སྣར་ཁྃ་ལས་ནམ་མཁའི་སྙིང་པོ་ཕྲ་མ་གཤིན་རྗེ་གཤེད་ལྟ་བུ། ལྕེར་གྃ་ལས་འཇིག་རྟེན་དབང་ཕྱུག་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། དཔྲལ་བར་སྐྃ་ལས་སྒྲིབ་པ་རྣམ་པར་སེལ་བ་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ། སྙིང་གར་སྃ་ལས་ཀུན་ཏུ་བཟང་པོ་རྒྱུ་རྡོ་རྗེ་འཛིན་པ་ལྟ་བུ་བསྐྱེད་པས་སྐྱེ་མཆེད་བྱིན་གྱིས་བརླབས་ནས། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་གཏི་མུག་གཤིན་རྗེ་གཤེད་ལྟ་བུ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་ཕྱག་ན་རྡོ་རྗེ་ལྟ་བུ། ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་གཙོ་བོ་དང་འདྲ་ཞིང༌། རང་སྣང་གི་ཡུམ་དང་བཅས་པ་བསྐྱེད་ནས། དེ་གསུམ་གྱི་ཐུགས་ཀར་ཨོཾ་ཨཱཿཧཱུྃ་བཀོད་པ་ལས་འོད་འཕྲོས་པས། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ལྷ་སྤྱན་དྲངས་ལ་བསྟིམ་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་བདག་ཡིན་སྙམ་དུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པའི་འོད་ཟེར་གྱིས། སངས་རྒྱས་རིགས་ལྔ་ཡབ་ཡུམ་སེམས་དཔའ་དང༌། ཁྲོ་བོ་དང་ལྷ་མོའི་ཚོགས་དང་བཅས་པ་སྤྱན་དྲངས་པ་ལ་སྔ་མ་བཞིན་མཆོད་ནས། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་ནས། རིགས་ལྔ་ཡབ་ཡུམ་གྱིས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་རྣམས་ཀྱི་གསང་གསུམ་གྱི། །གནས་ལས་བྱུང་བ་ཡང་དག་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པའི་ཆར་ཕབ། དབང་གི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ་དང༌། འཁོར་རྣམས་ལ་གཙོ་བོའི་རྣམ་པས་དབུར་བརྒྱན་པར་བསམ། ཡང་དབང་གི་ལྷ་དེ་དག་ལ་སྔ་མ་བཞིན་མཆོད་ནས། རང་གི་སྙིང་ག་ནས་སྒོ་བ་བཞི་སྤྲོས་པས་སྤྱན་དྲངས་ནས། བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་བསྟིམ་པར་བྱ་ཞིང༌། སོ་སོའི་ཕྱག་རྒྱ་བཅས་པ། ཨོཾ་མུཏྐ་ར་ཛཿ ཨོཾ་དཎྜ་ཧཱུྃ། ཨོཾ་པདྨ་བཾ། ཨོཾ་ཁཌྒ་ཧོཿཞེས་བརྗོད་པས་གཉིས་སུ་མེད་པར་གྱུར་ནས། ལྷ་ཐམས་ཅད་ཀྱི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་བའི་ཐུགས་ཀར། ཏིང་ངེ་འཛིན་སེམས་དཔའ་སོ་སོའི་ས་བོན་གྱི་ཡི་གེ་ནས་འབྲུ་ཙམ་པ་བསྒོམ་མོ། །ཡིག་འབྲུ་དེ་རྣམས་ལས་འོད་འཕྲོས་པས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། ཞལ་དུ་ཞུགས། ཐུགས་ཀར་ཞུ། ཡུམ་གྱི་མཁར་བབ་པས་མཆོད་པའི་ལྷ་མོ་རྣམས་སུ་གྱུར་པ། སྦྱོར་མཚམས་ནས་སྤྲོས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པར་བསམ་ཞིང༌། གོང་གི་མཆོད་པའི་སྔགས་རྣམས་དང༌། །ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །ཁོ་བོས་ཁྱོད་མཐོང་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །ཁྱོད་ཀྱིས་གར་མཛད་ས་སྟེངས་དང༌། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པ་ཁྲོ་བོའི་ཡིད། །གར་མཛད་ཁྱོད་ཉིད་རོ་ལངས་ལགས། །སྐུ་ལུས་སྦོམ་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་སྤྲུལ་པའི་སྐུ། །རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚྲཱིའི་གསང་སྔགས་དག་གིས་ནི། །ཁྱོད་ནི་ས་གསུམ་འཁྲུལ་པ་སེལ། །རྗེ་བཙུན་སྙིང་རྗེའི་ཁྲོ་བོ་ལགས། །གར་མཛད་ཁྱོད་ནི་འཇིག་རྟེན་གཟིགས། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་ལྷ་མོ་དེ་རྣམས་ཀྱིས་བསྟོད་པར་བསམ་ཞིང༌། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་ཏུ་གསལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །ཁྱབ་བདག་ཆགས་པའི་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོས་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ནས། ལྷ་མོ་རྣམས་རང་རང་གི་ཐུགས་ཀར་ཐིམ་པར་བསམ་མོ། །དེ་ནས་གཏོར་མ་ལྟར་བྱིན་གྱིས་བརླབས་པའི་བདུད་རྩི། ལྷ་རྣམས་ཀྱིས་གསོལ་བས་སྐུ་ཡོངས་སུ་གང་ཞིང་ཚིམ་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ནས། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ། མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་ཡིད་གཏད་དེ་མཉམ་པར་གཞག་གོ །རྣལ་འབྱོར་ཆེན་པོ་སྟེ་བསྐྱེད་པའི་རིམ་པའོ། །དེ་ནས་རྫོགས་པའི་རིམ་པ་འོད་གསལ་བ་བསྒོམ་པ་ནི། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་འཁོར་འདས་དང༌། སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་ལ་བསྡུ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡུམ་དང་བཅས་པ་ཐམས་ཅད་ཡབ་ལ་བསྡུ། ཡབ་ཐུགས་ཀའི་ཧཱུྃ་ལ་བསྡུ། ཧཱུྃ་གི་ཞབས་ཀྱུ་ཁོག་པ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད་ལ་བསྡུས་ཏེ། སེམས་ཅུང་ཟད་བཟུང་ངོ༌། །མཐར་ནཱ་དའང་ཡལ་བས་མི་དམིགས་པའི་ངང་ལ་མཉམ་པར་གཞག་གོ །དེ་གོམས་པ་ལས་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །རྫོགས་པའི་རིམ་པ་སྟེ། མཉམ་པར་གཞག་པའི་རྣལ་འབྱོར་རོ། །དེ་ནས་མཉམ་གཞག་ལས་ལྡང་བའི་ཕྱིར། འོད་གསལ་བ་ལས་རང་ཉིད་གཤིན་རྗེ་གཤེད་ཡུམ་དང་གཉིས་སུ་མེད་པར་བཞེངས་པའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། རྩ་བའི་དཀྱིལ་འཁོར་སྣོད་བཅུད་དང་བཅས་པ་སྔ་མ་ལྟར་དམིགས་ནས། ལྷ་རྣམས་ཀྱི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐའ་མར་སྔགས་ཀྱི་ཕྲེང་བས་གཡས་སྐོར་དུ་འཁོར་བའི་འོད་ཀྱིས། སྡིག་པ་དང་སྒྲིབ་པ་སྦྱངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས། དེ་དག་གི་བྱིན་རླབས་རང་གི་རྒྱུད་ལ་འཇུག་པར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། གཙོ་བོའི་སྙིང་པོ་དང༌། ཉེ་སྙིང་ངོ༌། །ཨོཾ་ཨཱཿབཛྲ་བེ་ཏཱ་ལཱི་ཧཱུྃ། ཡུམ་གྱིའོ། །ཨོཾ་ཨཱཿཛི་ན་ཛིཀ་ཧཱུྃ། ཨོཾ་ཨཱཿརཏྣ་དྷྲྀཀ་ཧཱུྃ། ཨོཾ་ཨཱཿཨཱ་རོ་ལིཀ་ཧཱུྃ། ཨོཾ་ཨཱཿཔྲ་ཛྙཱ་དྷྲྀཀ་ཧཱུྃ། རིགས་བཞིའོ། །ཨོཾ་ཨཱཿམོ་ཧ་ར་ཏཱི་ཧཱུྃ། ཨོཾ་ཨཱཿདྭེ་ཥ་ར་ཏཱི་ཧཱུྃ། ཨོཾ་ཨཱཿརཱ་ག་ར་ཏཱི་ཧཱུྃ། ཨོཾ་ཨཱཿབཛྲ་ར་ཏཱི་ཧཱུྃ། ཡུམ་བཞིའོ། །ཨོཾ་ཨཱ་མུཏྐ་ར་དྷྲྀཀ་ཧཱུྃ། ཨོཾ་ཨཱཿདཎྜ་དྷྲྀཀ་ཧཱུྃ། ཨོཾ་ཨཱཿཔདྨ་དྷྲྀཀ་ཧཱུྃ། ཨོཾ་ཨཱཿཁཌྒ་དྷྲྀཀ་ཧཱུྃ། སྒོ་བ་རྣམས་ཀྱི་སྔགས་ཏེ་ཅི་ནུས་བཟླས་པ་བྱའོ། །བཟླས་པའི་རྣལ་འབྱོར་རོ། །དེ་ནས་གཏོར་མ་གཉིས་མངོན་དུ་བྱས་པ། ཧྲཱིཿཥྚྲཱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེའི་སྟེང་དུ། ཨཱཿལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། དཔྲལ་བ་རང་ལ་བསྟན་པའི་ནང་དུ། ཤར་དུ་གོ་ལས་བ་ལང་གི་ཤ ལྷོར་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་རྟའི་ཤ བྱང་དུ་ཧ་ལས་གླང་པོ་ཆེའི་ཤ དབུས་སུ་ན་ལས་མིའི་ཤ ཤར་ལྷོར་བི་ལས་དྲི་ཆེན། ལྷོ་ནུབ་ཏུ་ར་ལས་རཀྟ། ནུབ་བྱང་དུ་ཤུ་ལས་བྱང་ཆུབ་ཀྱི་སེམས། བྱང་ཤར་དུ་མ་ལས་ཤ་ཆེན་གྱི་དྭངས་མ། དབུས་སུ་མུ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཁ་ཊྭཱཾ་ག་དཀར་པོ་མགོ་ཐུར་དུ་ལྟ་བ་བསམས་ལ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས། རླུང་གཡོས། མེ་སྦར། དེས་ཤ་ལྔ་བདུད་རྩི་ལྔ་ཤིན་ཏུ་བཞུ་ནས། རྒྱ་སྐྱེགས་གྱི་ཁུ་བ་ལྟར་དམར་ཞིང་ཚ་བར་གྱུར། རླངས་པ་ཁ་ཊྭཱཾ་ག་ལ་ཕོག་པས་དེ་ཐུར་དུ་ལྷུང་ནས་དཀྲུགས་ཏེ་ཞུ་བས་འོ་མ་ལྟར་དཀར་ཞིང་བསིལ་བར་གྱུར་པ་ལས། ལག་པ་གཡོན་བསྟན་ནས། ཨོཾ་ཞེས་བརྗོད་པས་མ་དག་པ་ཐམས་ཅད་སྦྱངས། གཡས་པ་བསྟན་ནས་ཨཱཿཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་རྟོགས་པར་བྱ། གཉིས་ཀ་བསྟན་ནས་ཧཱུྃ་ཞེས་བརྗོད་པས་ནུས་པ་དང༌། གཟི་བརྗིད་འབར་བར་གྱུར། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ནས། ཧོཿཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། འཆི་མེད་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་ཧཱུྃ་བརྗོད་པས་དྭངས་ཤིང་ཐོགས་པ་མེད་པར་བྱིན་གྱིས་བརླབ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བསྟིམ་མོ། །དེ་ནས་མདུན་དུ་རང་གིས་བསྒོམས་པས་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་དམིགས་ལ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་གྲུབ་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ཤིང༌། ཨོཾ་རཀྟ་ཡ་མ་ཨ་རི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས། གཉིས་སུ་མེད་པར་བསྟིམ་པ་ལ་གཏོར་མ་ཕུལ་བས་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊཱ་ཡ། རཀྟ་མུ་ཁཱ་ཡ། རཀྟ་ཤཱ་རི་རཱ་ཡ། རཀྟ་བྷུ་ཛཱ་ཡ། རཀྟ་མུཎྜ་ཎ་མཱ་ལ་ཨ་བྷ་ར་ཎཱ་ཡ། རཀྟ་ར་ཐ་ས་མ་རུ་ཌྷཱ་ཡ། རཀྟ་པདྨ་ཨཱ་ས་ནཱ་ཡ། རཀྟ་ཨ་བྷ་ར་ཎ་བྷུ་ཥ་ཎཱ་ཡ། ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ། མ་མ། བིགྷྣན། ཧ་ར་ཧ་ར། ཙ་ཏུརྨཱ་རཱ་ན། ནི་པཱ་རཱ་ཡ་ནི་བཱ་རཱ་ཡ། བྷྲ་མ་ཡ་བྷྲ་མ་ཡ། ཚིནྡ་ཚིནྡ། བྷིནྡ་བྷིནྡ། ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། ཧཱུྃ་ཧཱུྃ། ཕཊ་ཕཊ། སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་ཕུལ་ལ། སླར་ཡང་ཕྱི་དང་ནང་གིས་མཆོད་ནས། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་པ་ལ་སོགས་པས་བསྟོད་ལ་འདོད་པའི་དོན་གསོལ་བ་གདབ་བོ། །གཏོར་མ་གཉིས་པའང་སྔ་མ་ལྟར་བྱིན་གྱིས་བརླབས་ལ། རང་གི་སྙིང་ག་ནས་འོད་འཕྲོས་པས། ཕྱོགས་སྐྱོང་བ་བཅུ་བཞི་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ། ཕཊ་ཕཊ་སྭཱ་ཧཱ། སརྦ་དུཥྚཱ་ན་ཨིནྡྲཱ་ཡ། ཨཱ་དི་ན་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་བརྗོད་པས་དཀྱིལ་འཁོར་གྱི་ཁོར་ཡུག་གི ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་དབང་ལྡན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། སྟེང་དུ་ཚངས་པ། དེའི་གཡས་སུ་ཟླ་བ། གཡོན་དུ་ཉི་མ། འོག་ཏུ་སའི་ལྷ་མོ། དེའི་གཡས་སུ་ལྷ་མ་ཡིན་ཐག་ཟངས་རིས། གཡོན་དུ་ཁྱབ་འཇུག་རྣམས་འཁོད་པར་བསམས་ནས། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་འཕྲོས་པས། ཕྱོགས་སྐྱོང་བ་རྣམས་གཤིན་རྗེ་གཤེད་འབའ་ཞིག་ཏུ་གྱུར་པ་ལ་གཏོར་མ་འབུལ་བར་བསམ་ཞིང༌། ཨོཾ་ཨིནྡྲཱ་ཡ་ཧྲཱིཿཡ་མཱ་ཡཥྚྲཱིཿབ་རུ་ཎཱ་ཡ་ཝི། ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤ་ནཱ་ཡ་ཏ། ཨགྣ་ཡེ་ཨ། ནཻར་རྀ་ཏྱཱ་ཡ་ན། ཝཱ་ཡ་བེ་ན། ཙནྡྲཱ་ཡ་ཧཱུྃ། ཨརྐཱ་ཡ་ཧཱུྃ། བྲཧྨ་ཎཱ་ཡ་ཕཊ། བ་སུནྡྷཱརྻ་ཡཻ་ཕཊ། བཻ་མ་ཙི་ཏྲ་སྭཱ། བིཥྞ་ཝེ་ཧཱ། སརྦ་བྷཱུ་ཏེ་བྷྱཿཧ། ཧ་ཧ་ཧ། ཧི་ཧི་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕཻཾ་ཕཻཾ་ཕཻཾ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པས་ཕུལ་ལ། སླར་ཡང་མཆོད་ནས་འདོད་པའི་དོན་གསོལ་བ་གདབ་བོ། །དེ་ནས་ནོངས་པར་སྤྱད་པ་རྣམས་བཟོད་པར་གསོལ་ནས་ཡི་གེ་བརྒྱ་པའི་མཐར། བཛྲ་མུཿ ཞེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་ཐམས་ཅད་གཤེགས་སུ་གསོལ་ལ། གཏོར་མ་རྣམས་དོར་རོ། །གཏོར་མའི་རྣལ་འབྱོར་རོ། །ཟས་ཟ་བའི་ཚེ་ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རང་གཤིན་རྗེ་གཤེད་དུ་མོས་པའི་ལྟེ་བར་གཏུམ་མོའི་མེ་སྦར་བའི་མེ་ལྕེས། ལུས་ཐམས་ཅད་ཡོངས་སུ་གང་བའི་སྙིང་གར་གཤིན་རྗེ་གཤེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་བླ་མ་རིགས་བདག་གི་ཚུལ་དུ་བཞུགས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་དང༌། ལྟོ་བར་ཕྱོགས་སྐྱོང་བཅུ་བཞི་ལ། འཇིག་རྟེན་པ་ཐམས་ཅད་ཀྱིས་བསྐོར་བར་དམིགས་ལ། ལག་པ་གཉིས་དགང་བླུགས་ཀྱིས་ཁ་མེའི་སྒོར་ཕུལ་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མཉེས་པར་བསམ་ཞིང་བཟའོ། །ཟས་ཀྱི་ལྷག་མ། ཨོཾ་ཨུཙྪིཥྚ་པིཎྜ་ཨ་སི་བྷྱཿསྭཱ་ཧཱས། ལྷག་མ་ལ་དབང་བའི་འབྱུང་པོ་ལ་སྦྱིན་ནོ། །ཁ་ཟས་ཀྱི་རྣལ་འབྱོར་རོ། །སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་བར་དམིགས་ནས། བཅོམ་ལྡན་འདས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། གཏི་མུག་གཤིན་རྗེ་གཤེད་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཕྲ་མ་གཤིན་རྗེ་གཤེད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། འདོད་ཆགས་གཤིན་རྗེ་གཤེད་ནི་སོ་སོར་རྟོག་པའི་ཡེ་ཤེས། ཕྲག་དོག་གཤིན་རྗེ་གཤེད་ནི་བྱ་བ་གྲུབ་པའི་ཡེ་ཤེས། ཙརྩི་ཀ་བྱམས་པ་ཚད་མེད་པ། རྡོ་རྗེ་ཕག་མོ་སྙིང་རྗེ་ཚད་མེད་པ། དབྱངས་ཅན་མ་དགའ་བ་ཚད་མེད་པ། དཀར་མོ་བཏང་སྙོམས་ཚད་མེད་པ། ཐོ་བ་གཤིན་རྗེ་གཤེད་ཕུང་པོའི་བདུད་ལས་རྒྱལ་བ་དད་པའི་སྟོབས། དབྱུག་པ་གཤིན་རྗེ་གཤེད་ཉོན་མོངས་པའི་བདུད་ལས་རྒྱལ་བ་བརྩོན་འགྲུས་ཀྱི་སྟོབས། པདྨ་གཤིན་རྗེ་གཤེད་འཆི་བདག་གི་བདུད་ལས་རྒྱལ་བ་དྲན་པའི་སྟོབས། རལ་གྲི་གཤིན་རྗེ་གཤེད་ལྷའི་བུའི་བདུད་ལས་རྒྱལ་བ་ཏིང་ངེ་འཛིན་གྱི་སྟོབས། བདུད་རྩིས་གང་བའི་ཐོད་པ་བཞི། འདོད་པའི་ཡོན་ཏན་དག་པ་དགའ་བ་བཞི་དང༌། ཕྲིན་ལས་བཞི་དང༌། བདེ་བ་ཆེན་པོའི་ངོ་བོའོ། །ཞེས་ལྷའི་དག་པ་དང༌། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལམ་གྱི་ཆོས་ཐམས་ཅད་དག་པའི་ངོ་བོའོ། །སྲུང་བའི་འཁོར་ལོ་ནི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་ངོ་བོའོ། །ཞེས་དཀྱིལ་འཁོར་གྱི་དག་པ་དྲན་པར་བྱས་ནས། བདག་གི་དཀྱིལ་འཁོར་ཅི་འདྲ་བ་དེ་ལྟ་བུར། སྣོད་དང་བཅུད་ཐམས་ཅད་རྣམ་དག་དང་བཅས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བལྟས་ལ་ཡིད་གཟུང་ངོ༌། །དེ་ནས་བདག་གིས་བསྒོམས་པའི་དཀྱིལ་འཁོར་རང་གི་སྙིང་གར་བསྡུས་ནས། གཤིན་རྗེ་གཤེད་ཕྱག་གཉིས་པའི་རྣམ་པར་གནས་པ་དོན་བྱེད་པ་པོ་དང༌། མཆོད་པའི་ཡུལ་དང༌། ཕྱིའི་སྣོད་བཅུད་ཐམས་ཅད་དོན་བྱ་བའི་ཡུལ་དང༌། མཆོད་པ་པོ་དང༌། སྒོ་གསུམ་གྱི་ཀུན་ཏུ་སྤྱོད་པ་དང༌། འདོད་ཡོན་ལ་ལོངས་སྤྱོད་པ་ཐམས་ཅད་སེམས་ཅན་གྱི་དོན་གྱི་ལས་དང་ལྷ་མཆོད་པར་བསྒོམ་ཞིང་སྣང་བ་སྣ་ཚོགས་པར་རང་བཞིན་སྟོང་པ་ངོ་བོ་ཟུང་འཇུག་ཏུ་ཤེས་པ་ལ་ནི་དོན་དུ་མི་འགྱུར་བ་ཅུང་ཟད་ཀྱང་མེད་དོ། །སྤྱོད་ལམ་གྱི་རྣལ་འབྱོར་རོ། །ནུབ་མོ་ཉལ་བའི་ཚེ་འོད་གསལ་གྱི་ངང་ལ་ཉལ་ལོ། །ནང་པར་ལྡང་བའི་ཚེ་རང་བཞིན་གྱི་གནས་ནས་ལྷ་མོ་བཞིས་གླུས་བསྐུལ་བས། རང་ཉིད་གཤིན་རྗེ་གཤེད་ཟུང་འཇུག་གི་སྐུར་བཞེངས་པའི་ཐུགས་ཀ་ནས་འོད་འཕྲོས་པས། སྣོད་བཅུད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་བལྟས་ལ་ལྡང་ངོ༌། །ཁྲུས་ནི་དབང་གི་སྐབས་དང་མཚུངས་པ་ལ་ཡི་གེ་བརྒྱ་པ་བརྗོད་པ་དང༌། དབང་གི་ལྷ་གཤེགས་སུ་གསོལ་བ་ནི་ཁྱད་པར་རོ། །དེ་ལྟར་དམ་ཚིག་རྣམ་པར་དག་པ་དང་ལྡན་པས། རིམ་པ་གཉིས་ཡན་ལག་དང་བཅས་པ་ལ་ནན་ཏན་དུ་བྱེད་པ་ནི། ཐུན་མོང་གི་དངོས་གྲུབ་ཀྱི་གནས་སྐབས་རང་དང་གཞན་གྱི་དོན་བྱས་ནས། མཐར་ཐུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དོ། །འདི་ཡི་བརྒྱུད་པ་ནི། བཅོམ་ལྡན་འདས་གཤིན་རྗེ་གཤེད། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ། ཌོམྦི་ཧེ་རུ་ཀ དཔལ་འཛིན། བི་ར་ཌི་པ། མ་ཏི་གརྦྷ། གམྦྷི་ར་མ་ཏི། ནིཥྐ་ལཾ་ཀ་དེ་ཝ། རེ་བེནྡྲ་པྲ་བྷ། བླ་མ་གློ་བོ་ལོ་ཙཱ་བ། འཕགས་པ་རྣམས་སོ། །དེ་ལྟར་བརྒྱུད་པ་མཆོག་ལས་ལེགས་འོངས་པའི། །གཤིན་རྗེ་གཤེད་དཔལ་སྒྲུབ་ཐབས་སྦྱར་བ་ལས། །བྱུང་བའི་དགེ་བས་བདག་དང་འགྲོ་བ་ཀུན། །གཤིན་རྗེ་གཤེད་དཔལ་ཉིད་དུ་འགྱུར་བར་ཤོག །དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། གྲུབ་པ་བརྙེས་པའི་སློབ་དཔོན་དཔལ་འཛིན་གྱི་རྗེས་སུ་འབྲང་བ་འདི་ནི་རྒྱལ་བུ་མངྒ་ལ་ཞེས་བྱ་བས་ཉེ་བར་བསྐུལ་ནས། དགེ་སློང་སྔགས་འཆང་བ་འཕགས་པས་ལྕགས་མོ་ལུག་གི་ལོ་དེ་བཞིན་གཤེགས་པས་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཟླ་བ་ལ་རྒྱ་ནག་ཅོང་ཏོའི་མཁར་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*