དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས།

༼ཕ༽

༄༅། །དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་བཞུགས།།

༄༅། །དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །པདྨ་རཱ་གའི་རི་བོའི་ལྷུན་ནི་རྣམ་པ་སྣ་ཚོགས་རིན་ཆེན་གྱིས། །རྣམ་པར་བརྒྱན་པ་ཉི་མའི་འོད་ཀྱིས་སྣང་བར་བྱས་པ་ལྟ་བུ་ཡི། །སྐུ་དང་རྒྱན་དང་ཁ་དོག་མཆོག་དང་འོད་ཟེར་འབར་བས་ཉེར་ལྷམ་པ། །དཔལ་ལྡན་གཤིན་རྗེ་གཤེད་དམར་ལ་བཏུད་དེ་ཡི་སྒྲུབ་པ་བདག་གིས་བཤད། །དཀྱིལ་འཁོར་འདིར་ཞུགས་ཤིང༌། དམ་ཚིག་དང་ལྡན་པས་འདི་ཉམས་སུ་ལེན་པར་འདོད་པའི་རྣལ་འབྱོར་པས། དུར་ཁྲོད་ལ་སོགས་པར་སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ། གཤིན་རྗེ་གཤེད་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད། ལག་པ་གཡས་བསྟན་ལ་རེག་ལ། ཨོཾ་བཛྲ་ཨཱ་ས་ནི་ཧཱུྃ། ཞེས་པས་སྟན་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ། རང་སྐད་ཅིག་གིས་གཤིན་རྗེ་གཤེད་དམར་པོར་དམིགས་པའི་དཔྲལ་བར་པདྨ་དང་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་དང་ཉི་མ་ལ་ཨཱཿདམར་པོ། སྙིང་གར་པདྨ་དང་ཉི་ཟླ་བརྩེགས་པ་ལ་ཧཱུྃ་སྔོན་པོ་བསྒོམས་ནས། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདག་ཉིད་བསྲུང༌། སྙིང་གི་ནང་དུ་ཉི་མའི་སྟེང་དུ་ཧཱུྃ་དམར་པོ་བསྒོམས་པ་ལས་འོད་འཕྲོས་པས་རང་གི་སྒྲིབ་པ་སྦྱངས། བ་སྤུའི་བུ་ག་ནས་འཕྲོས་པས། གཤིན་རྗེ་གཤེད་ལྷ་ལྔའི་དཀྱིལ་འཁོར་གཙོ་བོའི་རིགས་བདག་ཏུ་བླ་མ་བཞུགས་པ་སྤྱན་དྲང༌། ན་མོ་གུ་རུ་བྷྱཿདང༌། ན་མཿཤྲཱི་ཡ་མ་ཨ་རི་མཎྜ་ལེ་བྷྱཿས་ཕྱག་འཚལ། སྙིང་ག་ནས་མཆོད་རྫས་རྣམས་འཛིན་པའི་ལྷ་མོ་རྣམས་ཀྱིས་རིམ་པ་བཞིན་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མ་ཨ་རི། ཞེས་ཀུན་ལ་སྦྱར་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དྷཱུ་པེ་ཨཱཿཧཱུྃ། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། བཛྲ་ཤབྡ་ཨཱཿཧཱུྃ། ཞེས་ཕྱག་རྒྱ་དང་བཅས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པའི་ཡན་ལག་བདུན་པ་དང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ལ་སོགས་པའི་སྡོམ་པ་གཟུང་བ་ལན་གསུམ་གསུམ་དུ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པ། སྡུག་བསྔལ་དང་བྲལ་བ། བདེ་བ་དང་མི་འབྲལ་བར་འདོད་པ། ཀུན་ནས་སེམས་སྙོམས་པའི་ཚད་མེད་པ་བཞི་བསྒོམས་པ་བསོད་ནམས་ཀྱི་ཚོགས་བསགས་པའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་མི་དམིགས་པར་བསྒོམས་པ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་སྔོན་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་གྲྭ་བཞིར་རྡོ་རྗེ་ཕྱེད་པས་མཚན་པ། མུྃ་ལས་རི་རབ་ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ་བང་རིམ་བཞི་དང༌། ལྕོག་བརྒྱད་དང་ལྡན་པ་རྣམས་བརྩེགས་པའི་སྟེང་དུ། པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ་ལས། ཕྱོགས་བཅུར་འོད་ཟེར་འཕྲོས་པ་ལས་གྲུབ་པའི་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་གྱི་ནང་དུ། པདྨ་དང་ཟླ་བ་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ཕྱི་དཀར་ཞིང་ནང་དམར་བ་གདེངས་ཁ་གྱེན་དུ་ཕྱོགས་པའི་ནང་དུ། པདྨ་དང་ཉི་མའི་སྟེང་དུ། བྷྲཱུྃ་ལས་འཁོར་ལོ་དཀར་པོ་བྷྲཱུྃ་གྱིས་མཚན་པ་ལས་འོད་འཕྲོས་པས། སྣོད་གྱི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྦྱངས་པ་གཞལ་ཡས་ཁང་པ་རྣམས་སུ་གྱུར་ཏེ། འོད་སླར་འདུས་ནས་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་པ་གྲུ་བཞི་པ། སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན། དཀར་པོ། སེར་པོ། དམར་པོ། ལྗང་གུ། ནག་པོའི་རྩིག་པ་ལྔ་དང་ལྡན་པའི་སྟེང་དུ། མདའ་ཡབ་ཀྱིས་བསྐོར་བའི་འོག་ཏུ། རིན་པོ་ཆེའི་ཤར་བུ་ལས། དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། སྒོ་བཞིའི་ཐད་སོ་བཞིར་རྟ་བབས་བཞིའི་སྟེང་དུ་པདྨ་དང་ཆོས་ཀྱི་འཁོར་ལོ་དང༌། རི་དྭགས་གཉིས་གཉིས་དང་བཅས་པའི་སྟེང་དུ་གདུགས་ཕུབ་ཅིང༌། ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོའི་སྟེང་དུ། ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་མཆོད་པ་བྱེད་པ། ནང་ཀ་བ་བརྒྱད་དང་ལྡན་ཞིང༌། རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་ནས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་སྟེང་དུ། རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཚན་པ། འོག་གི་གཞི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་དབུས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག་ཅན། རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བའི་ལྟེ་བ་དང༌། རྭ་དབུས་མ་བཞིར། པདྨ་དང་ཉི་མའི་གདན་བསམ་མོ། །གདན་དབུས་མའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དང་མི་མགོས་མཚན་པའི་དབྱུག་པ་དཀར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་སྦྱངས། དཔལ་གཤིན་རྗེ་གཤེད་དུ་གྱུར། སླར་འདུས་ནས་ཡོངས་སུ་གྱུར་པ་ལས། བདག་ཉིད་གཤིན་རྗེ་གཤེད། དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དམར་པོ་ཉི་མ་བྱེ་བའི་འོད་དང་མཚུངས་པ། ཕྱག་གཡོན་ན་བདུད་མཐའ་དག་གི་ཁྲག་གིས་གང་བའི་ཐད་པ་འཛིན་པས་ཡུམ་ལ་འཁྱུད་ཅིང༌། གཡས་པ་འཇིག་རྟེན་གསུམ་རྣམ་པར་འདུལ་བའི་དབྱུག་པ་དཀར་པོ་བཟུང་ནས་གདེངས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང༌། མཆེ་བ་རྣམ་པར་གཙིགས་པ་ཅུང་ཟད་བྱེ་ཞིང༌། དྲག་པོར་བཞད་པའི་ཞལ་ལྗགས་འགྱུར་བག་ཅན། སྐུ་སྦོམ་ཞིང་ལྟོ་བ་རྒྱས་པ། དབུ་སྐྲ་དང༌། སྨ་ར་སེར་ཞིང་འབར་བ། བཞེངས་པའི་ཞབས་གཡས་བསྐུམ་པས་མ་ཧེའི་མགོ་དང༌། གཡོན་བརྐྱང་པས་ཚང་ར་མནན་པ། ཀླུའི་རྒྱལ་པོ་མཐའ་ཡས་སྔོན་པོས་དབུ། འཇོག་པོ་དམར་པོས་རྣ་བ། རིགས་ལྡན་ཁྲོ་བོས་དཔུང་པ། དུང་སྐྱོང་སེར་པོས་ཕྱག་གི་མཁྲིག་མ། པདྨ་དཀར་པོས་མགུལ་པ། སྟོབས་ཀྱི་རྒྱུ་ལྗང་གུས་སེ་རལ་ཁ། ནོར་རྒྱས་དཀར་པོས་རྐེད་པ། པདྨ་ཆེན་པོ་དཀར་པོས་ཞབས་ཀྱི་མཁྲིག་མ་རྣམས་བརྒྱན་ཞིང༌། རུས་པའི་རྒྱན་དྲུག་གིས་ཀྱང་སྤྲས་པ། མིའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་དང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཡུམ་རྡོ་རྗེ་རོ་ལངས་མ། ཕྱག་གཡས་པ་གྲི་གུག་འཛིན་པའི་སྡིགས་མཛུབ་ཀྱིས་ཕྱོགས་བཅུར་བསྡིགས་ཤིང༌། གཡོན་ཐོད་པ་གདུག་པའི་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཐལ་ཆེན་གྱི་རྒྱ་སྤངས་ཤིང༌། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཞན་རྣམ་པ་དང་ཆ་ལུགས་བཅོམ་ལྡན་འདས་ཇི་ལྟ་བ་དང་མཉམ་པར་སྦྱོར་བ། བདེ་བ་ཆེན་པོའི་རང་བཞིན་གཉིས་ཀ་ཡང་ཡེ་ཤེས་གྱི་མེ་འབར་བའི་དབུས་ན་བཞུགས་པ་བསྒོམ་པར་བྱའོ། །དེའི་ཐུགས་ཀ་ནས་སྤྲོས་པའི་ཤར་དུ་གཏི་མུག་གཤིན་རྗེ་དཀར་པོ་འཁོར་ལོས་མཚན་པའི་དབྱུག་ཏོ་འཛིན་ཞིང༌། ཙརྩི་ཀ་ནག་མོས་འཁྱུད་པ། ལྷོར་སེར་སྣ་གཤིན་རྗེ་གཤེད་སེར་པོ་རིན་པོ་ཆེས་མཚན་པའི་དབྱུག་ཏོ་འཛིན་ཞིང༌། ཕག་མོ་སེར་མོས་འཁྱུད་པ། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་པདྨས་མཚན་པའི་དབྱུག་ཏོ་འཛིན་ཞིང༌། དབྱངས་ཅན་མ་དཀར་མོས་འཁྱུད་པ། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་རལ་གྲིས་མཚན་པའི་དབྱུག་ཏོ་འཛིན་ཞིང༌། གཽ་རཱི་ལྗང་གུས་འཁྱུད་པ། ཕྱག་མཚན་དང་ཆ་ལུགས་གཞན་རྣམས་ནི་གཙོ་བོ་ཡབ་ཡུམ་དང་འདྲ་བའོ། །མེའི་མཚམས་སུ་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བ། བདེན་བྲལ་དུ་གསེར་གྱི་བུམ་པ་གླ་རྩིས་གང་བ། རླུང་དུ་བྱུ་རུའི་བུམ་པ་སིཧླས་གང་བ། དབང་ལྡན་དུ་དངུལ་གྱི་བུམ་པ་ག་བུར་གྱིས་གང་བ་རྣམས་ཀྱི་ཁར་མེ་ཏོག་དང་འབྲས་བུ་དང་བཅས་པའི་ཤིང་ལོ་དང༌། བདུད་རྩིས་ལྔས་གང་བའི་ཐོད་པས་བརྒྱན་པར་བསྒོམ་པར་བྱའོ། །དེ་ནས་ལྷ་རྣམས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ནས། ཐུགས་ཀའི་ས་བོན་ལས་འཕྲོས་པས། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། སྔ་མ་བཞིན་མཆོད། རང་གི་སྙིང་ག་ནས། ཐོ་བ་དང༌། བེ་ཅོན་དང༌། པདྨ་དང༌། རལ་གྲི་འཛིན་པའི་ཁྲོ་བོ་རྣམས་སྤྲོས་ཏེ། ཨོཾ་ཤྲཱི་རཀྟ་ཡ་མ་ཨ་རི་ས་པ་རི་ཝཱ་ར། ཞེས་ཀུན་ལ་སྦྱར་ལ། ཨོཾ་མུཏྐ་ར་རཀྟ་ཡ་མ་ཨ་རི། ཨཱ་ཀརྵ་ཡ་ཛཿས་དགུག ཨོཾ་དཎྜ་ཡ་མ་ཨ་རི་པྲ་བེ་ཤ་ཡ་ཧཱུྃ་གིས་གཞུག པདྨ་ཡ་མ་ཨ་རི་བནྡྷ་བཾ་གྱིས་དབྱེར་མེད་པར་གྱུར། ཁཌྒ་ཡ་མ་ཨ་ར་བ་ཤཾ་ཀུ་རུ་ཧེཿས་མཉེས་བཞིན་དུ་བཞུགས་པར་བསམ། གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་དང་འདྲ་བ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་དམིགས་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་བདག་ཡིན་སྙམ་དུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །ཡང་ཏིང་ངེ་འཛིན་སེམས་དཔའ་ལས་འོད་འཕྲོས་པས། རིགས་ལྔ་ཡབ་ཡུམ་ལ། སེམས་དཔའ་དང་ཁྲོ་བོ་དང༌། མཆོད་པའི་ལྷ་མོ་དུ་མས་བསྐོར་བ་སྤྱན་དྲངས། སྔ་མ་ལྟར་མཆོད་ནས། ཨོཾ་ཨ་བྷི་ཥིཉྩནྟུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་རྣམས་ཀྱི་གསང་གསུམ་གྱི། །གནས་ལས་བྱུང་བ་ཡང་དག་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། རྡོ་རྗེའི་གླུ་དང༌། བཀྲ་ཤིས་དང༌། མཆོད་པ་རྣམས་ཀྱིས་མཆོད། དབང་གི་ཆུ་རྒྱུན་དེས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་སྤྱི་བོར་ལུད་པས། ཡབ་རྣམས་ལ་རྡོ་རྗེ་སེམས་དཔའ་དང༌། ཡུམ་རྣམས་ལ་རང་རང་གི་ཡབ་རྣམས་ཀྱིས་དབུར་བརྒྱན་པར་བསམ་མོ། །དེ་ནས་ཡུམ་རྣམས་ཀྱི་བྷ་ག་ཨ་ལས་པདྨ་དམར་པོ་འདབ་མ་གསུམ་པ་དང༌། ཡབ་རྣམས་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་མོ་གཅིག་པར་བསྐྱེད་ནས། ལྷ་རྣམས་མཆོད་པའི་འདུ་ཤེས་ཀྱིས་སྙོམས་པར་ཞུགས་པས། ཟག་པ་མེད་པའི་བདེ་བས་ཕྱི་ནང་གི་ལྷ་རྣམས་མཉེས་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །ཡང་སྙོམས་པར་ཞུགས་པའི་སྒྲས། སངས་རྒྱས་ཐམས་ཅད་ཡབ་ཀྱི་ཞལ་དུ་ཞུགས། སྙིང་གར་ཞུ། ཡུམ་གྱི་མཁར་བབས་པས། མཆོད་པའི་ལྷ་མོ་རྣམས་སུ་གྱུར་པ། སྦྱོར་མཚམས་ནས་སྤྲོས་ནས། དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པར་བསྒོམ་ཞིང༌། སྔགས་སྔ་མ་རྣམས་བརྗོད་དོ། །སླར་ཡང་དེ་དག་གིས། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་དགྱེས་འཇིགས་པ་པོ། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེར་ཕྱག་འཚལ་འདུད། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་དགྱེས་འཇིགས་པ་པོ། །སེམས་ཀྱི་རྡོ་རྗེ་སྟོན་མཛད་པ། །རིན་ཆེན་རྡོ་རྗེར་ཕྱག་འཚལ་འདུད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེར་ཕྱག་འཚལ་འདུད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་སྟོན་པ། །ཕྱག་ན་རལ་གྲིར་ཕྱག་འཚལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་གྱི་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཞེས་བསྟོད་ནས། ལྷ་མོ་དེ་དག་རང་གི་ཐུགས་ཀར་བསྟིམ་སྟེ། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་དེ་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པའོ། །དེ་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་འཁོར་འདས་སྣོད་བཅུད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡུམ་དང་བཅས་པ། གཙོ་བོ་ལ་བསྡུ། དེ་ཡང་ཐུགས་ཀའི་ཧཱུྃ་དང༌། དེ་རིམ་གྱིས་ནཱ་ད་ལ་བསྡུས་ཏེ་སེམས་གཟུང་ངོ༌། །མཐར་ནཱ་དའང་ཡལ་ནས་མི་དམིགས་པའི་ངང་ལ་མཉམ་པར་གཞག་གོ །དེ་གོམས་པས་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། འོད་གསལ་བ་བསྒོམ་པའི་ཚུལ་ལོ། །རྫོགས་པའི་རིམ་པ་ནི་གཞན་དུ་ཤེས་པར་བྱའོ། །མཉམ་པར་གཞག་པའི་རྣལ་འབྱོར་རོ། །དེ་ནས་འོད་གསལ་ལས་སྐད་ཅིག་གིས་ཟུང་འཇུག་གི་སྐུ། གཤིན་རྗེ་གཤེད་དུ་བཞེངས་པའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། རྩ་བའི་དཀྱིལ་འཁོར་སྣོད་བཅུད་དང་བཅས་པ་སྔ་མ་ལྟར་གསལ་བཏབ་ནས། ཡབ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་འཕྲོས་ནས། ཡབ་ཡུམ་གྱི་སྟེང་འོག་གི་སྒོ་གཉིས་ནས་འཁོར་བའི་འོད་ཀྱི་སྣང་བས། རང་གི་སྒྲིབ་གཉིས་སྦྱངས། ཚོགས་གཉིས་སྤེལ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཧཽཾ་ཀྵཽཾ། ཀྵ་ཡཾ་ཀ་ར་ཡ། གྲིཧྣ་གྲིཧྣ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་མ་ཧཱ་ཡཀྵ་སེ་ན་ཨ་དྷི་པ་ཏ་ཡེ། མ་ཧཱ་དུརྡཱནྟ་ད་མ་ཀཱ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། བི་ཏྲཱ་པ་ཡ་བི་ཏྲཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཕྲེང་བའི་སྔགས་སོ། །ཨོཾ་དྭེ་ཥ་ར་ཏཱི་ནུ་དྲ་ནུ་དྲ། ཏྲུ་ཊ་ཏྲུ་ཊ་ཧཱུྃ་ཛཿསྭཱ་ཧཱ། རྗེ་བཙུན་མའི་འོ། །ཨོཾ་མོ་ཧཱནྟ་ཀྲྀ་ཏ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པི་ཤུ་ནཱནྟ་ཀྲྀ་ཏ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱ་གཱནྟ་ཀྲྀ་ཏ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨིརྵྱཱནྟ་ཀྲི་ཏ་ཧཱུྃ་ཧཱུྃ་ཕཊ། དཔའ་བོ་བཞིའི་འོ། །ཨོཾ་མོ་ཧ་ར་ཏཱི་ཧཱུྃ་ཛཿ ཨོཾ་པི་ཤུ་ན་ར་ཏཱི་ཧཱུྃ་ཛཿ ཨོཾ་རཱ་ག་ར་ཏཱི་ཧཱུྃ་ཛཿ ཨོཾ་ཨིརྵྱ་ར་ཏཱི་ཧཱུྃ་ཛཿ དཔའ་མོའི་དབང་ཕྱུག་མ་བཞིའི་སྟེ། ཇི་སྲིད་མི་སྐྱོའི་བར་དུ་བཟླས་པ་ནི་བཟླས་པའི་རྣལ་འབྱོར་རོ། །དེ་ནས་གཏོར་མ་གཉིས་བཤམས་ལ། ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེའི་སྟེང་དུ། ཨཱཿལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། དཔྲལ་བ་རང་ལ་བསྟན་པའི་ནང་དུ། ཤར་དུ་གོ་ལས་བ་ལང་གི་ཤ ལྷོར་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་རྟའི་ཤ བྱང་དུ་ཧ་ལས་གླང་པོ་ཆེའི་ཤ དབུས་སུ་ན་ལས་མིའི་ཤ ཤར་ལྷོར་བི་ལས་དྲི་ཆེན། ལྷོ་ནུབ་ཏུ་ར་ལས་རཀྟ། ནུབ་བྱང་དུ་ཤུ་ལས་བྱང་ཆུབ་ཀྱི་སེམས། བྱང་ཤར་དུ་མྃ་ལས་ཤ་ཆེན་གྱི་དྭངས་མ། དབུས་སུ་མུ་ལས་དྲི་ཆུ། སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱིས་ཁ་བཅད་པའི་སྟེང་དུ། ཧཱུྃ་ལས་དབྱུག་ཏོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འོག་ཏུ་འཕྲོས་པས། རླུང་གཡོས། མེ་སྦར། དེས་ཤ་ལྔ་བདུད་རྩི་ལྔ་ཤིན་ཏུ་བཞུ་ནས། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་ཞིང་ཚ་བར་གྱུར། རླངས་པ་དབྱུག་ཏོ་ལ་ཕོག་པས། དེ་ཐུར་དུ་ལྷུང་ནས། དཀྲུགས་ཏེ་ཞུ་བ་ལས་འོ་མ་ལྟར་དཀར་ཞིང་བསིལ་བར་གྱུར་པ་ལས། ཨོཾ་ཨཱཿཧཱུྃ། ཞེས་ཡང་ཡང་བརྗོད་པས་བྱིན་གྱིས་བརླབ། དེ་ནས་མདུན་དུ་རང་གིས་བསྒོམས་པ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་དམིགས་ལ། སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་གྲུབ་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ཤིང༌། ཨོཾ་ཤྲཱི་རཀྟ་ཡ་མ་ཨ་རི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་གཉིས་སུ་མེད་པར་བསྟིམ་པ་ལ། གཏོར་མ་ཕུལ་བས་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊཱ་ཡ། རཀྟ་མུ་ཁཱ་ཡ། རཀྟ་ཤཱ་རི་རཱ་ཡ། རཀྟ་བྷུ་ཛཱ་ཡ། རཀྟ་མུཎྜ་མཱ་ལ་བྷ་ར་ཎཱ་ཡ། རཀྟ་ར་ཐ་ས་མ་རུ་ཌྷཱ་ཡ། རཀྟ་པདྨ་ཨཱ་ས་ནཱ་ཡ། རཀྟཱ་བྷ་ར་ཎ་བྷུ་ཥ་ཎཱ་ཡ། ཨི་མཾ་བ་ལིཾ་གྲིཧྣ་གྲིཧྣ། མ་མ་བྷིགྷྣཱན། ཧ་ར་ཧ་ར། ཙ་ཏུརྨཱ་རཱ་ན། ནི་བཱ་ར་ཡ་ནི་བཱ་ར་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲ་མ་ཡ་བྷྲ་མ་ཡ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། ཧཱུྃ་ཧཱུྃ། ཕཊ་ཕཊ་སྭཱ་ཧཱ། ཨོཾ་མོ་ཧ་ཡ་མ་ཨ་རི་ཡེ། ཨི་མཾ་བ་ལིཾ། གྲིཧྣ་གྲིཧྣ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་པི་ཤུན་ཡ་མ་ཨ་རི་ཡེ། ཨི་མཾ་བ་ལིཾ། གྲིཧྣ་གྲིཧྣ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་རཱ་ག་ཡ་མ་ཨ་རི་ཡེ། ཨི་མཾ་བ་ལིཾ་གྲིཧྣ་གྲིཧྣ། ཧཱུྃ་ཧཱུྃ་ཕཊ་ཕཊ། སྭཱ་ཧཱ། ཨོཾ་ཨིརྵྱཱ་ཡ་མ་ཨ་རི་ཡེ། ཨི་མཾ་བ་ལིཾ། གྲིཧྣ་གྲིཧྣ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མ་རྨེ་མ་རྨཱ། བི་གྷཱ་ཏེ་ཧཱུྃ། བཛྲ་ཙརྩི་ཀ ཧ་ར་ཧ་ར། སུཀྐཾ་མཱ་ར་ཡ། མཱ་ར་ཡ། ཨ་མུ་ཀཾ་ཛཿ ཨོཾ་གྷོ་ཎེ་སུ་གྷོ་ཎེ། བཛྲ་མ་མ་ཀི བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། ས་ར་ས་ར། ཨ་མུ་ཀཾ་ཛཿ ཨོཾ་མ་རྨེ་མ་རྨཱ། ཀྵོ་བྷ་ཎེ། བཛྲ་ས་ར་སྭ་ཏི། ད་ར་ད་ར། ཐ་ར་ཐ་ར། བ་ར་བ་ར། ཀ་ནྱ་ཀ་ནྱ། དྷུ་ན་དྷུ་ན། ཧཱུྃ་ཨ་མུ་ཀཾ ཛཿཛཿ ཨོཾ་གམྦྷི་རེ། བཛྲ་ཀརྟི་ཀེ་གྷ་གྷ་ཧཱུྃ། རཀྟ་ཤོ་ནི་ཏ་པྲི་ཡེ། གཽ་རི་ཡེ་ཨ་མུ་ཀཾ་ཛཿཛཿ ཞེས་གསུམ་མམ་བདུན་གྱིས་དབུལ། མཆོད་པ་རྣམས་ཀྱིས་མཆོད། གཏི་མུག་རྡོ་རྗེ་ལ་སོགས་པས་བསྟོད། འདོད་པའི་དོན་གསོལ་བ་བཏབ་བོ། །གཏོར་མ་གཉིས་པའང་སྔ་མ་ལྟར་བྱིན་གྱིས་བརླབ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། ཕྱོགས་སྐྱོང་བ་འཁོར་དང་བཅས་པ་སྤྱན་དྲང་བར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སརྦ་དུཥྚྲཱན། ཨིནྡྲཱ་ཡ་ཨཱ་དི་ན་ས་པ་རི་ཝཱ་རཱ་ན་ཨཱ་ཀརྵ་ཡ་ཛཿ ཞེས་བརྗོད་པས་དཀྱིལ་འཁོར་གྱི་ཁོར་ཡུག་གི ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་དབང་ལྡན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། སྟེང་དུ་ཚངས་པ། དེའི་གཡས་སུ་ཟླ་བ། གཡོན་དུ་ཉི་མ། འོག་ཏུ་སའི་ལྷ་མོ། དེའི་གཡས་སུ་ལྷ་མ་ཡིན་ཐག་ཟངས་རིས། གཡོན་དུ་ཁྱབ་འཇུག་རྣམས་འཁོད་པར་བསམས་ནས། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་འཕྲོས་པས། ཕྱོགས་སྐྱོང་བ་རྣམས་གཤིན་རྗེ་གཤེད་དུ་གྱུར་པ་ལ་གཏོར་མ་དབུལ་བར་བསམ་ཞིང༌། ཨོཾ་ཨིནྡྲཱ་ཡ་ན་མཿཧྲཱིཿ ཡ་མཱ་ཡ་ན་མཿཥྚྲཱིཿ བ་རུ་ཎཱ་ཡ་ན་མཿཝི། ཀུ་བེ་རཱ་ཡ་ན་མཿཀྲྀ། ཨཱི་ཤ་ནཱ་ཡ་ནཱ་མཿཏ། ཨགྣ་ཡེ་ན་མཿཨ། ནཻ་རཱྀ་ཏྱཱ་ཡ་ན་མཿན། ཝཱ་ཡ་བེ་ན་མཿན། ཙནྡྲཱ་ཡ་ན་མཿཧཱུྃ། ཨརྐཱ་ཡ་ན་མཿཧཱུྃ། བྲཧྨ་ཎཱ་ཡ་ན་མཿཕཊ། བ་སུནྡྷ་རཱ་ཡཻ་ན་མཿཕཊ། བཻ་མ་ཙི་ཏྲཱ་ཡ་ན་མཿསྭཱ། སརྦ་བྷཱུ་ཏེ་བྷྱོ་ན་མཿཧཱ། ཧ་ཧ་ཧ། ཧི་ཧི་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕཻཾ་ཕཻཾ་ཕཻཾ་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་དབུལ། འདོད་པའི་དོན་གསོལ་བ་གདབ། ནོངས་པར་སྤྱད་པ་བཟོད་པར་གསོལ་ནས། ཡི་གེ་བརྒྱ་པའི་མཐར། བཛྲ་མུཿཞེས་བརྗོད་ནས་མགྲོན་རྣམས་གཤེགས་སུ་གསོལ། གཏོར་མའི་རྣལ་འབྱོར་རོ། །ཟས་ཟ་བའི་ཚེ། ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རང་གཤིན་རྗེ་གཤེད་དུ་མོས་པའི་ལྟེ་བར་གཏུམ་མོའི་མེ་སྦར་བའི་མེ་ལྕེས་ལུས་ཐམས་ཅད་ཡོངས་སུ་གང་བའི་སྙིང་གར་གཤིན་རྗེ་གཤེད་ལྷ་ལྔའི་དཀྱིལ་འཁོར་བླ་མ་རིགས་བདག་གི་ཚུལ་དུ་བཞུགས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་དང༌། ལྟོ་བར་ཕྱོགས་སྐྱོང་བཅུ་བཞི་ལ་འཇིག་རྟེན་པ་ཐམས་ཅད་ཀྱིས་བསྐོར་བར་དམིགས་ལ། ལག་པ་གཉིས་ཀྱིས་དགང་བླུགས་ཀྱི་ཁ་མེའི་སྒོར་ཕུལ་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མཉེས་པར་བསམ་ཞིང་བཟའ་འོ། །ཟས་ཀྱི་ལྷག་མ། ཨོཾ་ཨུ་ཙྪིཥྚ་པིཎྜ་ཨ་སི་བྷྱཿསྭཱ་ཧཱས་ལྷག་མ་ལ་དབང་བའི་འབྱུང་པོ་ལ་སྦྱིན་ནོ། །ཁ་ཟས་ཀྱི་རྣལ་འབྱོར་རོ། །སྤྱོད་ལམ་ལ་འཇུག་པའི་ཚེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་བར་དམིགས་ནས། བཅོམ་ལྡན་འདས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། གཏི་མུག་གཤིན་རྗེ་གཤེད་མེ་ལོང་ལྟ་བུའི་ཡེ་ཤེས། ཕྲ་མ་གཤིན་རྗེ་གཤེད་མཉམ་པ་ཉིད་ཀྱི་ཡེ་ཤེས། འདོད་ཆགས་གཤིན་རྗེ་གཤེད་སོ་སོར་རྟོག་པའི་ཡེ་ཤེས། ཕྲག་དོག་གཤིན་རྗེ་གཤེད་བྱ་བ་གྲུབ་པའི་ཡེ་ཤེས། ཙརྩི་ཀ་བྱམས་པ་ཚད་མེད་པ། རྡོ་རྗེ་ཕག་མོ་སྙིང་རྗེ་ཚད་མེད་པ། དབྱངས་ཅན་མ་དགའ་བ་ཚད་མེད་པ། དཀར་མོ་བཏང་སྙོམས་ཚད་མེད་པ། ཐོད་པ་དང་བཅས་པའི་བུམ་པ་བཞི་ནི་འདོད་པའི་ཡོན་ཏན་དག་པ་དགའ་བ་བཞི་དང༌། ཕྲིན་ལས་བཞི་དང༌། བདེ་བ་ཆེན་པོའི་ངོ་བོའོ། །ཞེས་ལྷའི་དག་པ་དང༌། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དག་པ། སྲུང་བའི་འཁོར་ལོ་ནི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་ངོ་བོའོ། །ཞེས་དཀྱིལ་འཁོར་གྱི་དག་པ་དྲན་པར་བྱས་ནས། སྣོད་བཅུད་ཐམས་ཅད་ཀྱང་དེའི་ངོ་བོར་བལྟའོ། །དེ་ནས་རང་གིས་བསྒོམས་པའི་དཀྱིལ་འཁོར་ཡུམ་དང་བཅས་པ་སྙིང་གར་བསྡུས་ནས། རང་ཉིད་གཙོ་བོ་འབའ་ཞིག་གི་ང་རྒྱལ་གྱིས་གནས་ལ། བདག་དང་སྣང་བ་ཐམས་ཅད་ལྷའི་སྐུ། བརྗོད་པ་དང་གྲག་པ་ཐམས་ཅད་སྔགས། སེམས་ཀྱིས་བསམ་པ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་བསམས་ཏེ། ཀུན་ཏུ་སྤྱོད་པ་ཐམས་ཅད་ལྷ་མཆོད་པ་དང༌། སེམས་ཅན་གྱི་དོན་དུ་དམིགས་ལ་ཀུན་ཏུ་སྤྱད་དོ། །སྤྱོད་ལམ་གྱི་རྣལ་འབྱོར་རོ། །ཉལ་བའི་རྣལ་འབྱོར་ནི། འོད་གསལ་དུ་འཇུག་པ་དང་འདྲ་བའོ། །ལྡང་བའི་རྣལ་འབྱོར་ནི། ཟུང་འཇུག་གི་སྐུར་ལྡང་བ་དང་མཚུངས་སོ། །ཁྲུས་ནི་དབང་གི་སྐབས་དང་འདྲ་ཞིང༌། ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །ལས་ཀྱི་ཚོགས་སྒྲུབ་པའི་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །ཇི་སྐད་བཤད་པའི་དམ་ཚིག་རྣམ་པར་དག་པ་དང་ལྡན་པས། རྣལ་འབྱོར་དེ་དག་ལ་རྒྱུན་མི་ཆད་པར་ནན་ཏན་དུ་བྱས་ན། ཐུན་མོང་གི་དངོས་གྲུབ་ཀྱིས་གནས་སྐབས་ཀྱི་དོན་ཉེ་བར་བསྒྲུབས་ནས། ས་དང་ལམ་ཐམས་ཅད་བགྲོད་དེ། མཐར་ཐུག་བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཉིད་དོ། །འདི་ཡི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེ་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ། ཌོམྦི་ཧེ་རུ་ཀ བཱི་ར་ཌི་པ། མ་ཏི་གརྦྷ། གམྦྷི་ར་མ་ཏི། ནིཥྐ་ལངྐ་དེ་ཝ། དཔྱལ་ལོ་ཙཱ་བ། སློབ་དཔོན་རྣམ་པར་རྒྱལ་བའི་རྡོ་རྗེ། འཕགས་པ་རྣམས་སོ། །ལུང་གི་རྗེས་འབྲངས་གྲུབ་པའི་སྐྱེས་བུས་རྣམ་པར་སྦྱར་བའི་གཞུང་གི་དོན། །མན་ངག་དམ་པས་རབ་ཏུ་བརྒྱན་པའི་སྒྲུབ་པའི་ཐབས་འདི་འཕགས་པས་སྦྱར། །དགེ་བ་གང་ཞིག་ཉེ་བར་བསྐྲུན་པས་བདག་དང་སྐྱེ་དགུ་ཐམས་ཅད་ཀྱིས། །སྲིད་ཞི་མཐར་བྱེད་གཤིན་རྗེ་གཤེད་དཔལ་གོ་འཕང་དམ་པ་ཐོབ་པར་ཤོག །དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་མཛད་པའི་གསལ་བྱེད་འདི་ནི། དགེ་སློང་སྔགས་འཆང་འཕགས་པས་ཆུ་མོ་བྱའི་ལོ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་གཅིག་གི་སྔ་དྲོའི་ཆ་ལ་ཤིང་ཀུན་གྱི་མཁར་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*