རབ་ཏུ་གནས་པའི་ཕྱག་ལེན་མདོར་བསྡུས།

༼ཕ༽

༄༅། །རབ་ཏུ་གནས་པའི་ཕྱག་ལེན་མདོར་བསྡུས་བཞུགས།།

༄༅། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །བློ་དམན་རྣམས་ལ་ཕན་བྱའི་ཕྱིར། །རབ་གནས་ཆོ་ག་མདོར་བསྡུས་བཤད། །རྟེན་གང་ཡང་རུང་བ་ཡོངས་སུ་རྫོགས་པ་དང༌། རབ་ཏུ་གནས་པ་བྱེད་པར་འདོད་པས། ཅི་འབྱོར་པའི་མཆོད་པ་དང་གཏོར་མ་བཤམ། རང་ཡི་དམ་གྱི་ལྷ་གང་རུང་དུ་བསྐྱེད་ནས། བཟླས་པ་ཅུང་ཟད་བྱས་པའི་མཐར་མཆོད་པ་དང་བསྟོད་པ་བྱ། གྲུབ་ན་བུམ་པ་གཉིས་བཤམས་པའི་གཅིག་ཏུ་ཡི་དམ་གྱི་ལྷ་བསྐྱེད་ནས་བཟླས་པ་བྱས་པས་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་ནས་བུམ་པ་གང་བར་བསམ། མཆོད་བསྟོད་བྱས་ནས་ལྷ་གཤེགས་སུ་གསོལ། གཅིག་ལ་ལྷ་མི་བསྐྱོད་པར་དེ་ཉིད་ལ་དམིགས་པ་གཏད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཅི་ནུས་པ་བཟླས་པས་བྱིན་གྱིས་བརླབས། དེ་ནས་རྟེན་དེ་ལ་གུ་གུལ་གྱི་དུད་པས་བདུག ཡུངས་ཀར་གྱིས་བྲབ་ཅིང་སུམ་བྷ་ནིའི་སྔགས་ཀྱི་མཐར། སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་བགེགས་བསྐྲད། དེ་ནས་དངོས་སུ་བཀྲུ་བའམ་མི་རུང་ན་མེ་ལོང་ལ་ཤར་བའི་གཟུགས་བརྙན་ལ་བུམ་པ་གཉིས་པའི་ཆུས་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཞེས་པའི་མཐར་གོང་གི་སྔགས་བརྗོད་ཅིང་བཀྲུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱིས་པས་དྲི་མ་ཐམས་ཅད་དག་པར་བསམ། དེ་ནས། ཨོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་པའི་ངང་ལས། ཨྃ་ལས་རིན་པོ་ཆེའི་ཁྲི། པྃ་ལས་པདྨ། ཨ་ལས་ཟླ་བའི་གདན་ནམ། ཁྲོ་བོ་རྣམས་ལ་རྃ་ལས་ཉི་མའི་གདན་གྱི་སྟེང་དུ། རྟེན་ངོ་ཤེས་པ་རྣམས་སོ་སོའི་ས་བོན་དང༌། མི་ཤེས་པ་རྣམས། ཨོཾ་ཨཿཧཱུྃ་ལས་སོ་སོའི་སྐུ་ཇི་ལྟར་ཡིན་པ་བཞིན་བསྐྱེད་ལ། གཞན་མཆོད་རྟེན་དང་ལྷ་ཁང་ལ་སོགས་པ་སྐུའི་རྟེན་རྣམས་ནི། ཨོཾ་ལས་རྣམ་པར་སྣང་མཛད་དང༌། པུསྟི་དང་དྲིལ་བུ་ལ་སོགས་པ་གསུང་གི་རྟེན་རྣམས་ནི་ཨཱཿལས་འོད་དཔག་མེད་དང༌། རྡོ་རྗེ་ལ་སོགས་པ་ཐུགས་ཀྱི་རྟེན་རྣམས་ནི་ཧཱུྃ་ལས་མི་བསྐྱོད་པ་དང༌། འཁོར་ལོ་དང་འཁྲུལ་འཁོར་ལ་སོགས་པ་རྣམས་ནི་ཅི་ལྟར་བྲིས་པ་བཞིན་དུ་བསྐྱེད་དོ། །རྟ་བབས་དང༌། རྡོ་རིངས་དང༌། སྐྱེད་མོས་ཚལ་དང༌། རྫིང་བུ་ལ་སོགས་པ་རྣམས་ནི་ཡི་གེ་གསུམ་ལས་ལྷ་རྫས་ལས་གྲུབ་པའི་ངོ་བོ་ཉིད་དུ་བསྐྱེད་དེ། །དེ་ནས་ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོས་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་ལ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས། མདུན་དུ་ཇི་ལྟར་བསྐྱེད་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་བསམ་ཞིང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །རྒྱལ་བ་མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་བརྗོད་པས་མདུན་དུ་བྱོན་པར་བསམས་ལ། མེ་ཏོག་ལ་སོགས་པས་མཆོད་ནས། དམ་ཚིག་པ་ལ་འཇུག་པར་གསོལ་བ་གདབ་པའི་ཕྱིར། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །སེམས་ཅན་ཀུན་གྱི་དོན་སླད་དུ། །བདག་གིས་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བས་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབ་ཅིང༌། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་ལན་གསུམ་བརྗོད་ནས་སོ་སོའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་ཨ་བེ་ཤ་ཨཿ ཞེས་བརྗོད་པས་ཡེ་ཤེས་པ་དང་རྟེན་དེ་དབྱེར་མེད་པར་གྱུར་པར་བསམ་མོ། །སྲུང་འཁོར་ལ་སོགས་པ་རྣམས་ལ་ནི་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལས་གྲུབ་པའི་འཁོར་ལོ་ལ་སོགས་པའི་རྣམ་པ་སྤྱན་དྲངས་ནས་བསྟིམ་མོ། །སྐྱེད་མོས་ཚལ་ལ་སོགས་པ་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དང་བཀྲ་ཤིས་པའི་དངོས་པོ་དེ་དག་ཇི་ལྟར་བསྐྱེད་པའི་རྣམ་པས་བཀུག་ཅིང་བསྟིམ་མོ། །དེ་ནས་མི་འབྲལ་བར་བྱ་བའི་ཕྱིར། སྔ་མ་ལྟར་ཡི་གེ་གསུམ་གྱིས་གནས་གསུམ་དུ་རྒྱས་གདབ་བོ། །ཡང་རང་དང་རྟེན་གྱི་ཐུགས་ཀ་ནས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། དེ་ལ་མེ་ཏོག་ལ་སོགས་པས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཡེ་ཤེས་ཀྱི་ཆུས་དབང་བསྐུར་བར་བསམ་ཞིང༌། དངོས་སུ་ཡང་རྣམ་རྒྱལ་གྱི་བུམ་པའི་ཆུས་གཏོར་ཞིང༌། ཇི་ལྟར་བལྟམས་པ་ལ་སོགས་པའི་ཚིགས་བཅད་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་པས་བུམ་པའི་ཆུས་རྟེན་ཐམས་ཅད་ཀྱི་ལུས་ཀུན་ཡོངས་སུ་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུར་བརྒྱན་པའམ། ཡང་ན་སོ་སོའི་ཕྱག་རྒྱ་དང་ལྡན་པས། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། བུདྡྷ་ཨ་བྷི་ཥིཉྩ་ཨོཾ། རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་བྷི་ཥིཉྩ་ཨཿཞེས་བརྗོད་པས་ཐམས་ཅད་ལ་རིགས་ལྔས་དབུར་བརྒྱན་པར་བསམ་མོ། །སྲུང་འཁོར་ལ་སོགས་པ་ལ་ནི་དབང་གི་ཆུ་དང་འདྲེས་པས་ནུས་པ་ཕུན་སུམ་ཚོགས་པར་བསམ་མོ། །རིགས་བདག་གི་རྒྱས་གདབ་པ་ནི་མི་དགོས་སོ། །དེ་ནས་མཆོད་པ་དང་བསྟོད་པ་གང་གྲུབ་པ་བྱ། སྟ་གོན་ལོགས་སུ་མི་བྱེད་ན་སྐབས་འདིར་སྤྱན་དབྱེ་མན་ཆད་བྱ། སྟ་གོན་སྔོན་དུ་འགྲོ་བའི་ལུགས་སུ་བྱེད་ན། སྐབས་འདིར་མཁྱེན་པར་གསོལ་བར་བྱ་སྟེ། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་སྤྱན་དབྱེ་བ། །ཀུན་གྱི་བྱིན་གྱིས་བརླབ་པའི་ཕྱིར། །བདག་ནི་རྡོ་རྗེ་ཆེ་གེ་མོས། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཡོ་བྱད་ཅི་འབྱོར་པ་དག་གིས། །རབ་གནས་ནང་པར་བགྱིད་པར་འཚལ། །ཚོགས་པ་ཐམས་ཅད་རབ་གནས་པ། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད་ནས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། སྐུ་གཟུགས་བསྲུང་ཞིང་ཞལ་དགབ་བོ། །སྟ་གོན་ནོ། །ནང་པར་ཐོ་རངས་མཆོད་གཏོར་ལ་སོགས་པ་གསར་དུ་བཤམས་ནས། རྟེན་ཡན་ལག་བཞི་རྫོགས་སུ་བསྐྱེད་པའི་བར་སྟ་གོན་ལྟར་བྱས་ནས། སྤྱན་དབྱེ་བར་བྱ་བའི་ཕྱིར། གསེར་གྱི་ཐུར་མའམ་རྡོ་རྗེས་སྤྱན་དབྱེ་བའི་ཚུལ་དུ་བྱ་ཞིང༌། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །དང་བས་འཕགས་པའི་སྤྱན་ནི་དབྱེ་བགྱི་པས། །ནམ་མཁའི་མཐས་ཀླས་གྱུར་པའི་སེམས་ཅན་གྱིས། །ཀུན་མཁྱེན་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་པས་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། དེ་ནས་མཆོད་པ་དང་བསྟོད་པ་ཇི་ལྟར་གྲུབ་པ་བྱས་ནས། སྔགས་ཀྱི་མངའ་དབུལ་བའི་ཕྱིར་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་འཕྲོས་པས་རྟེན་གྱི་ཐུགས་ཀར་ཐིམ་ཞིང༌། དེ་ལས་ཀྱང་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་སྔགས་ཀྱི་རྣམ་པར་རྟེན་དེ་ལ་ཞུགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པ་དང་མཉམ་པར་གྱུར་པར་བསམ་ཞིང༌། མེ་ཏོག་ལག་ཏུ་བཟུང་ནས་རྟེན་གང་ཡིན་པའི་སྔགས་ཅི་གྲུབ་པ་བཟླས་པའི་མཐར། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ། ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཞེས་གང་གྲུབ་པ་བརྗོད་ནས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷུ་ཁཾ་བཛྲཱི་བྷ་བ་དྲྀ་ཌྷོ་ཏིཥྛ་བྷུ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་རྟེན་དེ་ལ་མེ་ཏོག་གཏོར་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མེ་ཏོག་གཏོར་ནས་རྟེན་དེ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བར་བསམ་མོ། །དེ་ནས་མཆོད་པའི་མངའ་དབུལ་བར་བྱ་བའི་ཕྱིར། རྒྱ་ཆེར་བཤམས་པའི་མཆོད་པ་རྣམས་ལྷ་རྫས་ལས་གྲུབ་པ་ས་དང་ནམ་མཁའ་དང་བར་སྣང་ཁྱབ་པར་བྱིན་གྱིས་བརླབས་ལ། སོ་སོའི་སྔགས་དང་ཕྱག་རྒྱས་ཕུལ་ནས། འདོད་ཡོན་རྣམ་པ་ལྔའི་རྫས་གང་གྲུབ་པ་དངོས་སུ་བཟུང་ཞིང༌། རྒྱལ་བ་ཟག་མེད་འབྱོར་ལ་དབང་བསྒྱུར་ཡང༌། །འགྲོ་བའི་དོན་སླད་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་རིན་པོ་ཆེ་སྣ་བདུན་འབུལ་ཞིང༌། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །རྒྱལ་བ་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་མཎྜལ་ཚོམ་བུ་བདུན་པའམ། སོ་བདུན་མ་ལ་སོགས་པ་དབུལ་ཞིང༌། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞིས་ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨོཾ་བུདྡྷ་ཀྵེ་ཏྲ་བི་ཤུདྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་བསྟོད་པའི་མངའ་དབུལ་བའི་ཕྱིར། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། འགྲོ་བ་རྒྱུད་ལྔའི་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོར་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་ཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཞག་ནས། །ཞི་བ་རིན་ཆེན་མཆོག་གླིང་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱོད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པས་བསྟོད་དོ། །དེ་ནས་བརྟན་པར་བཞུགས་སུ་གསོལ་བའི་ཕྱིར། ཚོགས་པ་ཐམས་ཅད་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ནས། ལྷ་དེ་ཉིད་ཀྱི་བཟླས་པ་སྔོན་དུ་འགྲོ་བས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། རྡོ་རྗེ་སློབ་དཔོན་བདག་གིས་དཀོན་མཆོག་གི་རྟེན་འདི་ལ་རབ་ཏུ་གནས་པ་བགྱིས་པའི་མཐུས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་རྣམ་པར་བཞུགས་པའི། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་འཁོར་བ་ཇི་སྲིད་དུ་མྱ་ངན་ལས་མི་འདའ་བར་བཞུགས་ནས། སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང༌། བྱེ་བྲག་ཏུ་ཡང་སྐུ་གཟུགས་འདི་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ། ཡེ་ཤེས་པ་ཐམས་ཅད་འདི་ལ་བརྟན་པར་བཞུགས་ནས། ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱི་སྐྱབས་གནས་དམ་པར་མཛད་ཅིང༌། ཡོན་གྱི་བདག་པོས་གཙོར་བྱས་པ་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་པ་དང༌། སྲུང་འཁོར་ལ་སོགས་པ་ལ་ནི། བྱེ་བྲག་ཏུ་འཆང་བ་པོ་ལ་བར་དུ་གཅོད་པ་ཐམས་ཅད་ལས་བསྲུང་དུ་གསོལ། ཞེས་ལན་གསུམ་བརྗོད་ཅིང་ཐམས་ཅད་ཀྱིས་མེ་ཏོག་གི་ཆར་ཕབ་ལ། སློབ་དཔོན་གྱིས་རྟེན་གྱི་སྤྱི་བོར་རྡོ་རྗེ་གཏུགས་ནས། ཨོཾ་ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བཞུགས་པར་བསམ་ཞིང༌། མཆོད་རྟེན་དང་ལྷ་ཁང་ལ་སོགས་པ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་དུ་ཡོངས་སུ་གྱུར་པ་ལས་བྱུང་བའི་མཆོད་རྟེན་ལ་སོགས་པ་ཉིད་དུ་གྱུར་པར་བལྟའོ། །སླར་ཡང་ཇི་ལྟར་གྲུབ་པའི་མཆོད་པ་དང་བསྟོད་པ་བྱའོ། །དེ་ནས་གཏོར་མ་ནི་དང་པོ་རབ་ཏུ་གནས་པ་བྱས་པའི་རྟེན་དེ་ཉིད་ཀྱིས་གཙོར་བྱས་པའི་འཇིག་རྟེན་ལས་འདས་པ་ལ་ཨ་ཀཱ་རོ་ལ་སོགས་པའི་སྔགས་ཀྱིས་དབུལ་ཞིང༌། དེ་ནས་ཆོས་སྐྱོང་དང༌། ཕྱོགས་སྐྱོང་འབྱུང་པོ་དང༌། བགེགས་དང༌། གཞི་བདག་ལ་སོགས་པ་རྣམས་ལ་ཡང་སོ་སོའི་ཆོ་གས་དབུལ་ལོ། །ཆོས་སྐྱོང་ལ་ནི་རྟེན་འདི་ཇི་སྲིད་གནས་ཀྱི་བར་དུ་སྲུང་མ་མཛོད་ཅིག་ཅེས་བཀའ་བསྒོ་བར་བྱའོ། །དེ་ནས་བཀྲ་ཤིས་ཀྱི་མངའ་དབུལ་བའི་ཕྱིར། ཚོགས་པ་ཐམས་ཅད་ཀྱིས་མེ་ཏོག་བཟུང་ལ། རྟེན་འབྲེལ་སྙིང་པོ་སྔོན་དུ་བརྗོད་པའི་མཐར། ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ནས། བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་ཡོན་གྱི་བདག་པོ་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག འཇིག་རྟེན་ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པ་དང༌། རོལ་མོའི་སྒྲ་ཡང་བྱའོ། །དེ་ནས་བླ་མ་ཡོན་གྱིས་མཉེས་པར་བྱས་ནས། བླ་མས་ཡོན་གྱི་བདག་པོ་ལ་མཆོད་པར་བསྒོ་ཞིང༌། ཡི་གེ་བརྒྱ་པ་ལ་སོགས་པས་ཆོ་གའི་ལྷག་ཆད་ཁ་བསྐངས་ལ། སྨོན་ལམ་རྒྱ་ཆེན་པོ་གདབ་ཅིང༌། གཏོར་མའི་མགྲོན་ལ་སོགས་པ་རྣམས། ཨོཾ་བཛྲ་མུཿས་གཤེགས་སུ་གསོལ་ལོ། །དེ་ནས་དགའ་སྟོན་ལ་ལོངས་སྤྱད་ཅིང་སླར་ཡང་ཤིས་པ་བརྗོད་ལ་ཁ་ན་མ་ཐོ་བ་རྣམས་རྟེན་དེ་ཉིད་ལ་བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པ་བརྗོད་ནས། ལས་ཀྱི་རྗེས་བསྡུ་ལ་ཆོས་བཞིན་དུ་གནས་པར་བྱའོ། །རྒྱ་ཆེ་བ་ལ་ཚིག་ཉུང་ཞིང༌། །དོན་ཆེ་བ་ལ་ཚེགས་ཆུང་བའི། །ཆོས་ཚུལ་འདི་ནི་འཕགས་པ་ལ། །སཾ་གྷ་མི་ཏྟྲས་བསྐུལ་ནས་སྦྱར། །དགེ་བ་དེ་ཡིས་འགྲོ་ཀུན་ལ། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། །ཆོས་ཀྱི་རྒྱལ་ཚབ་ཆེན་པོ་རུ། །རབ་ཏུ་གནས་པ་བྱེད་པར་ཤོག །རབ་ཏུ་གནས་པའི་ཕྱག་ལེན་མདོར་བསྡུས་པ། ཆོས་རྗེ་ས་སྐྱ་པས་ཇི་ལྟར་མཛད་པ་བཞིན། ཡུ་གུར་གྱི་བནྡེ་སཾ་གྷ་མི་ཏྲས་བསྐུལ་ནས་ཤིང་མོ་ཡོས་བུའི་ལོ་དབྱར་ཟླ་འབྲིང་པོ་ལ་སྦྱར་བའོ། །ཡང་སྐབས་འགའ་ཞིག་ཏུ་བླ་མ་ཁྲོ་ཕུ་བས་ཞུས་ནས་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་ཅི་རིགས་པ་བསྣན་ནོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*