རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས།

༼ཕ༽

༄༅། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་བཞུགས།།

༄༅། །རྡོ་རྗེ་སྒྲོལ་མའི་སྒྲུབ་པའི་ཐབས། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་སྒྲོལ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས། རྗེ་བཙུན་མ་སྒྲོལ་མ་བསྒོམ་པའི་ཚུལ་ནི། སྟན་བདེ་བ་ལ་བསྡད་ལ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་རྗེ་བཙུན་མ་སྒྲོལ་མ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧྃ། ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི་རྭ་བ། དྲྭ་བ། གུར། བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ནང་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཏཱྃ་ལས་ཨུཏྤ་ལའི་སྟེང་དུ་ཨཿལས་སྣ་ཚོགས་རྡོ་རྗེས་མཚན་པ་ལས་འོད་ཟེར་ཕར་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་གཅིག་ཏུ་འདྲེས་པ་ལས་རང་ཉིད་རྡོ་རྗེ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་ཀྱིས་ཨུཏྤ་ལས་མཚན་པའི་གྲི་གུག གཡོན་གྱིས་ཐོད་པ་བདུད་རྩིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཡབ་དོན་ཡོད་རྡོ་རྗེ་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་སྣ་ཚོགས་རྡོ་རྗེ་དང༌། གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེ་དང་དར་གྱི་རྒྱན་སྣ་ཚོགས་པས་བརྒྱན་ཞིང༌། ཞི་བ་དང་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་སྣང་ལ་རང་བཞིན་མེད་པ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསྒོམ། གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་བསྒོམས་ནས། སྙིང་གི་ནང་གི་ཏཱྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རང་གིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་རང་ལ་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་སངས་རྒྱས་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་ཡེ་ཤེས་ལྔའི་ངོ་བོ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་རང་ཉིད་སྒྲོལ་མའི་སྤྱི་བོར་དོན་ཡོད་གྲུབ་པ་དང་ཡབ་དོན་ཡོད་གྲུབ་པ་ལ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ། དེ་ནས་ལྷའི་སྐུ་དེ་ཉིད་ལ་སེམས་གཏད་ནས་ཡིད་མཉམ་པར་གཞག དེ་ནས་ཡིད་འཕྲོ་ཞིང་སྔགས་ཟློ་བར་འདོད་ན་སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཀྱིས་བདག་དང་གཞན་གྱི་སྡིག་སྒྲིབ་སྦྱངས། ཚོགས་གཉིས་རྒྱས། སེམས་ཅན་ཐམས་ཅད་དབང་དུ་བསྡུས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རང་གི་རྒྱུད་ལ་འཇུག་པར་བསྒོམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་དང༌། ཨོཾ་ཨ་མོ་གྷ་སིདྡྷི་ཁཾ་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླ། བཟླས་པའི་མཐར་སྤྱོད་ལམ་ལ་འཇུག་པའི་ཚེ། བདག་དང་སྣང་བ་ཐམས་ཅད་ལྷའི་སྐུ། བརྗོད་པ་དང་གྲག་པ་ཐམས་ཅད་སྔགས། སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཏིང་ངེ་འཛིན་དུ་ཤེས་པར་བྱས་ནས་ཕྱི་རོལ་གྱི་འདོད་ཡོན་ཐམས་ཅད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ་མཆོད་པར་བསམ་ཞིང་སྡང་ཞེན་མེད་པར་སྤྱད་དོ། །གཏོར་མ་གཏོང་བའི་ཚེ། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རང་གིས་བསྒོམས་པ་ལྟ་བུའི་སྒྲོལ་མ་ཡབ་ཡུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ་གཏོར་མ་ཕུལ་བར་བསྒོམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མོ་གྷ་སིདྡྷི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་གྲྀཧྣ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་དབུལ། འདོད་པའི་དོན་གསོལ་བ་གདབ། གཏོར་མའི་མགྲོན་གཤེགས་སུ་གསོལ་ནས། གཏོར་མ་གཏོང་ངོ༌། །ཟས་ཟ་བའི་ཚེ་ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབ། རང་གི་ལུས་རྗེ་བཙུན་མ་སྒྲོལ་མ་ཡབ་ཡུམ་དང༌། ལུས་ཀྱི་ཆ་ཤས་ལ་ཡུལ་ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ་དང༌། སྙིང་ག་ཡན་ཆད་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་དང༌། སྙིང་ག་མན་ཆད་འཇིག་རྟེན་པའི་ལྷ་ཚོགས་རྣམས་ཀྱིས་གང་བ་ལ་མཆོད་པར་བསམ་ཞིང་ལོངས་སྤྱད་དོ། །ཟས་ཀྱི་ལྷག་མ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་པས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །ནུབ་མོར་ཉལ་བའི་ཚེ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ལོ། །ནང་པར་ལྡང་བའི་ཚེ་ལྷའི་ང་རྒྱལ་གྱིས་ལངས་ལ་ཀུན་ཏུ་སྤྱོད་པ་ཐམས་ཅད་ལ་འཇུག་པར་བྱའོ། །ཚུལ་འདིས་རྟག་ཏུ་གནས་པར་བྱས་ན། རྡོ་རྗེ་སྒྲོལ་མའི་གོ་འཕང་རིང་པོར་མི་ཐོགས་པར་ཐོབ་པར་འགྱུར་རོ། །འདིའི་བརྒྱུད་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ། འཕགས་མ་སྒྲོལ་མ། སློབ་དཔོན་ར་བི་གུཔྟ། ཙནྡྲ་གརྦྷ། ཛེ་ཏཱ་རི། ཝཱ་གཱི་ཤྭ་ར་ཀཱིརྟི། ཤྲདྡྷཱ་ཀ་ར་ཝ་རྨ། ཏ་ཐཱ་ག་ཏ་རཀྵི་ཏ། དཱ་ན་ཤྲཱི། མཉྫུ་ཤྲཱི། མལ་ལོ་ཙཱ་བ། པུ་ཙེ་ར་ལོ་ཙཱ་བ། ཨཱི་ཤྭ་ར་ཀཱིརྟི། དྷརྨ་སིཾ་ཧ། སྠི་ར་མ་ཏི། ག་ག་ན་ཀཱིརྟི། ཨཱརྻ་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲ་རྣམས་ལས་བརྒྱུད་པའོ། །རྡོ་རྗེ་སྒྲོལ་མ་སྒྲུབ་པའི་ཐབས། ཐང་ངོ་ཏའི་དོན་དུ། དགེ་སློང་རྡོ་རྗེ་འཛིན་པ་འཕགས་པས་མེ་མོ་ཡོས་བུའི་ལོ། ཟླ་བ་གཅིག་པའི་ཚེས་ཉི་ཤུ་བདུན་ལ་དཔལ་ས་སྐྱར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*