སྒྲོལ་མའི་ལུས་དཀྱིལ་གྱི་སྒྲུབ་ཐབས།

༼ཕ༽

༄༅། །སྒྲོལ་མ་ལུས་དཀྱིལ་གྱི་སྒྲུབ་ཐབས་བཞུགས།།

༄༅། །བཅོམ་ལྡན་འདས་མ་སྒྲོལ་མའི་ལུས་ཀྱི་དཀྱིལ་འཁོར་བསྒོམ་པའི་རིམ་པ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔགས་པས་དམ་ཚིག་པ་སྤྱིའི་མངོན་པར་རྟོགས་པ་ལ་སོགས་པ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས། ཡེ་ཤེས་པ་སྤྱན་དྲངས་པའི་སྐུ་ལ་ལྷ་མོ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་བཞུགས་ཤིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་བདག་ལ་བསྟིམ་པའི་དབང་གིས། རང་གི་ལུས་ཀྱི་རྟེན་ཁོག་པ་རང་བཞིན་གྱིས་གྲུབ་པའི་ངོ་བོ་ཉིད་ཀྱི་གནས། ཡུལ་ཉི་ཤུ་རྩ་བཞི་དང་བཅས་པ་དང༌། བརྟེན་པ་ཁམས་དང་ཡི་གེ་རྣམས་ལྷ་མོ་ཉི་ཤུ་རྩ་ལྔར་བསྒོམ་པར་བྱ་སྟེ། དེ་ཡང་སྙིང་གི་ནང་དུ་པདྨ་དང་ཟླ་བ་ལ་གནས་པའི་རྗེ་བཙུན་མ་སྒྲོལ་མ་བདག་ཉིད་ཀྱིས་བསྒོམས་པ་ལྟར་བསམ་པར་བྱའོ། །དེ་བཞིན་དུ་སྤྱི་བོ་པུལླཱི་ར་མཱ་ལ་ཡར་པུ་ལས་མྱུར་ཞིང་རབ་ཏུ་དཔའ་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བརྒྱད་མ་དང་པོ་གཉིས་རབ་ཏུ་དགའ་བའི་ཕྱག་རྒྱ་བཅས་ཤིང༌། དེའི་འོག་མ་གཉིས་གྱིས་མདའ་དང་གཞུ། གཡས་ཀྱི་ལྷག་མ་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ཀྱིས་དུང་དང་ཞགས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྤྱི་གཙུག་ཛཱ་ལནྡྷ་རར་ཛཱ་ལས་སྟོན་ཀའི་ཟླ་བ་ལྟར་དཀར་བ། དཀར་མོ་ཞལ་གསུམ་ཕྱག་བཅུ་གཉིས་མ། ཞལ་གཡས་སྔོ་གཡོན་སེར་ཞིང་ཕྱག་དང་པོ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་དང༌། ལྷག་མའི་ཕྱག་རྣམས་ཀྱིས་ཁ་ཊྭཱཾ་ག་དང༌། འཁོར་ལོ་དང༌། རིན་པོ་ཆེ། རྡོ་རྗེ། མེ་ཏོག་གི་ཕྲེང་བ། གཡོན་རྣམས་ཀྱིས་རིལ་བ་སྤྱི་བླུགས། ཨུཏྤ་ལ། དྲིལ་བུ། བུམ་པ། པུསྟི་བསྣམས་པའོ། །རྣ་བ་གཡས་པ་ཨཽ་ཌྱན་དུ་ཨུ་ལས་གསེར་གྱི་མདོག་ཅན་མ། སེར་མོ་ཞལ་གཅིག་ཕྱག་བཅུ། ཕྱག་གཡས་རྣམས་ན་ཕྲེང་བ། རལ་གྲི། མདའ། རྡོ་རྗེ། དབྱུག་པ། གཡོན་རྣམས་ན་དར་དཔྱངས། ཞགས་པ། པདྨ། དྲིལ་བུ། གཞུ་བསྣམས་པའོ། །རྟག་པ་ཨརྦུ་དར་ཨ་ལས་གཙུག་ཏོར་རྣམ་པར་རྒྱལ་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ་ཕྱག་གཡས་གཉིས་ཀྱིས་མཆོག་སྦྱིན་དང་ཕྲེང་བ། གཡོན་གཉིས་ཀྱིས་རིལ་བ་སྤྱི་བླུགས་དང་དབྱུ་གུ་བསྣམས་པའོ། །རྣ་བ་གཡོན་པ་གོ་དཱ་ཝ་རཱིར་གོ་ལས་ཧཱུྃ་སྒྲ་རབ་ཏུ་སྒྲོགས་མ་སེར་མོ། ཞལ་གཅིག་ཕྱག་གཉིས་མ། གཡས་སྐྱབས་སྦྱིན་དང་གཡོན་པདྨ་སེར་པོ་བསྣམས་པའོ། །སྨིན་མའི་དབུས་སུ་རཱ་མེ་ཤྭ་རིར་ར་ལས་སྒྲོལ་མ་སྐུའི་དབང་ཕྱུག་མ་དཀར་མོ་ཞལ་གསུམ་ཕྱག་དྲུག་མ། ཞལ་གཡས་གནག གཡོན་དམར་བ། ཕྱག་གཡས་གསུམ་ན་འཁོར་ལོ། པདྨ། རྡོ་རྗེ། གཡོན་གསུམ་ན་རལ་གྲི། དྲིལ་བུ། ནོར་བུ་བསྣམས་པའོ། །མིག་གཉིས་དེ་བཱི་ཀོ་ཊར་དེ་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་སྡིགས་མཛུབ་དང་ཞགས་པ་བསྣམས་པའོ། །ཕྲག་པ་གཉིས་མཱ་ལ་ཝར་མ་ལས་གཞན་འཇོམས་མ། ཁྲོ་མོ་ནག་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ཀྱིས་སྐྱེ་གནས་ཀྱི་སྟེང་དུ་ཞགས་པ་འཛིན་པ་དང་སྡིགས་མཛུབ་མཛད་པའོ། །མཚན་ཁུང་གཉིས་ཀཱ་མ་རཱུ་པར་ཀ་ལས་བདུད་ཐམས་ཅད་འཇོམས་ཤིང་དབང་མཆོག་སྟེར་མ་སེར་མོ། ཞལ་གཅིག་ཕྱག་བཞི་མ། ཆུ་སྲིན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། གཡས་ན་མྱ་ངན་མེད་པའི་ཤིང་དང་རིན་པོ་ཆེ། གཡོན་ན་པདྨ་དང་བུམ་པ་བསྣམས་པའོ། །ནུ་མ་གཉིས་ཨོ་ཌིར་ཨོ་ལས་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་མ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་ཀྱིས་ཐུགས་ཀར་རབ་ཏུ་དགའ་བའི་ཕྱག་རྒྱ་དང༌། གཡས་ཀྱི་གཉིས་པས་གར་བྱེད་པའི་ཚུལ་དང༌། གཡོན་གྱི་གཉིས་པས་མྱ་ངན་མེད་པའི་ཤིང་བསྣམས་པའོ། །ལྟེ་བ་ཏྲི་ཤ་ཀུ་ནེར་ཏྲི་ལས་མྱ་ངན་ཐམས་ཅད་སེལ་བར་བྱེད་མ་དམར་མོ། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཀྱིས་སྤྱི་བོར་རབ་ཏུ་དགའ་བའི་ཕྱག་རྒྱ་མཛད་ཅིང༌། གཡས་ཀྱི་གཉིས་པས་རལ་གྲི་དང༌། གཡོན་གྱི་གཉིས་པས་མྱ་ངན་མེད་པའི་ཤིང་བསྣམས་པའོ། །སྣ་རྩེ་ཀོ་ས་ལར་ཀོ་ལས་འགྲོ་བ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་བར་མཛད་མ་ཁྲོ་མོ་མུན་པའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་པ་ལྕགས་ཀྱུས་གཟའ་བརྒྱད་འགུགས་ཤིང་གཡོན་པས་ཞགས་པ་བསྣམས་པའོ། །ཁ་ཀ་ལིངྒར་ཀ་ལས་བཀྲ་ཤིས་ཐམས་ཅད་སྦྱིན་མ་སེར་མོ་ཞལ་གཅིག་ཕྱག་བརྒྱད་མ་གཡས་རྣམས་ན་རྩེ་གསུམ། ལྕགས་ཀྱུ། རྡོ་རྗེ། རལ་གྲི། གཡོན་རྣམས་ན་རིན་པོ་ཆེ་ཞགས་པ། དབྱུ་གུ། བུམ་པ་བསྣམས་པའོ། །མགྲིན་པ་ལམྦཱ་ཀར་ལྃ་ལས་སྒྲོལ་མ་གསུང་གི་དབང་ཕྱུག་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མ། ཞལ་གཡས་དཀར་གཡོན་གནག་པ། ཕྱག་གཡས་ན་པདྨ། རྡོ་རྗེ། འཁོར་ལོ། གཡོན་ནོར་བུ། དྲིལ་བུ། རལ་གྲི་བསྣམས་པའོ། །སྙིང་ག་ཀཱཉྩིར་ཀཱ་ལས་སྒྲོལ་མ་ཐུགས་ཀྱི་དབང་ཕྱུག་མ་ནག་མོ་ཞལ་གསུམ་ཕྱག་དྲུག་མ། ཞལ་གཡས་དམར་གཡོན་དཀར་བ། ཕྱག་གཡས་ན་རྡོ་རྗེ། འཁོར་ལོ། པདྨ། གཡོན་ན་དྲིལ་བུ། རལ་གྲི། ནོར་བུ་བསྣམས་པའོ། །འདོམ་བར་ཧི་མཱ་ལ་ཡར་ཧི་ལས་ཡོངས་སུ་སྨིན་པར་བྱེད་མ། ཁྲོ་མོ་དམར་མོ། ཞལ་གཅིག་ཕྱག་བཞི་མ། གཡས་ན་རལ་གྲི་དང་མདའ། གཡོན་ན་འཁོར་ལོ་དང་གཞུ་བསྣམས་པའོ། །རྟགས་ཀྱི་རྩེ་པྲེ་ཏ་པུ་རིར་པྲེ་ལས་འགུགས་པར་བྱེད་པའི་ཁྲོ་མོ་ནག་མོ་ཞལ་གསུམ་ཕྱག་དྲུག་མ། གཡས་དཀར་བ་གཡོན་དམར་བ། ཕྱག་གཡས་རྣམས་ན་རལ་གྲི། ལྕགས་ཀྱུ། དབྱུ་གུ། གཡོན་རྣམས་ན་ཐོད་པ་ཞགས་པ། མགོ་བོ་བསྣམས་པའོ། །བཤང་ལམ་གྲྀ་ཧ་དེ་བར་གྲྀ་ལས་ཞི་བ་ཆེན་མོ་དཀར་མོ་ཞལ་གཅིག་ཕྱག་དྲུག་མ། ཕྱག་གཡས་རྣམས་ན་ཕྲེང་བ་མཆོག་སྦྱིན་དབྱུ་གུ། གཡོན་ན་པདྨ་རིལ་བ་སྤྱི་བླུགས་པུསྟི་བསྣམས་པའོ། །བརླ་གཉིས་སཽ་རཱཥྚར་སཽ་ལས་ཆགས་པ་འཇོམས་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པ་རྩེ་གསུམ་དང༌། གཡོན་པ་ཨུཏྤ་ལ་དང་བཅས་པའི་ཕྱག་རྒྱ་རྐེད་པར་འཇོག་པའོ། །བྱིན་པ་སུ་ཝརྞཎ་དྭཱི་བར་སུ་ལས་བདེ་བ་ཐམས་ཅད་སྒྲུབ་མ་དམར་སེར། ཞལ་གཅིག་ཕྱག་གཉིས་མ། ཕྱག་གཉིས་ཀྱིས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྣམས་པའོ། །རྐང་ལག་གི་སོར་མོ་བཅུ་དྲུག་ན་ག་རར་ན་ལས་རྣམ་པར་རྒྱལ་མ་ངང་པའི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དཀར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་ཀྱིས་རབ་ཏུ་དགའ་བའི་ཕྱག་རྒྱ་མཛད་ཅིང་གཡས་ཀྱི་གཉིས་པས་མཆོག་སྦྱིན་དང༌། གཡོན་གྱི་གཉིས་པས་རྡོ་རྗེ་ཁུ་ཚུར་དཀུར་འཇོག་པའོ། །བོལ་གོང་གཉིས་སིནྡྷུར་སི་ལས་སྡུག་བསྔལ་ཐམས་ཅད་སྲེག་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཉིས་ཀྱིས་ཐུགས་ཀར་མེ་ཐབ་བསྣམས་པའོ། །མཐེ་བོང་མ་རོར་མ་ལས་དངོས་གྲུབ་ཐམས་ཅད་འབྱུང་མ་དམར་སེར་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་བདུད་རྩིས་གང་བ་བསྣམས་པའོ། །པུས་མོ་གཉིས་ཀུ་ལུ་ཏཱ་ར་ཀུ་ལས་ཡོངས་སུ་རྫོགས་པར་བྱེད་མ་དཀར་མོ་ཁྱུ་མཆོག་ལ་གནས་པའི་ཁྲོ་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པ་བགྲང་ཕྲེང་དང་གཡོན་པས་རྩེ་གསུམ་བསྣམས་པའོ། །དེ་ལྟར་ལྷ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བཏབ་ནས། སླར་ཡང་དེ་དག་དང་རྗེས་སུ་མཚུངས་པའི་ཡེ་ཤེས་པ་སྤྱན་དྲངས་པ་བསྟིམ་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། ས་བོན་གྱི་འོད་ཀྱིས་དབང་གི་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པ་ལ་བསྟིམ། མཆོད་པ་རྣམས་ཀྱིས་མཆོད་ནས་གསོལ་བ་བཏབ་པས་དབང་བསྐུར་ནས་ཕྱི་ནང་གི་གཙོ་མོ་ལ་དོན་ཡོད་གྲུབ་པ་དང༌། གཞན་ཐུགས་ཀྱི་ལྷ་རྣམས་ལ་མི་བསྐྱོད་པ་དང༌། གསུང་གི་ལྷ་རྣམས་ལ་འོད་དཔག་ཏུ་མེད་པ་དང༌། སྐུའི་ལྷ་རྣམས་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་མོ། །དེ་དག་ལ་ཕྱི་དང་ནང་དང༌། ཡིད་ལས་བྱུང་བའི་མཆོད་པས་མཆོད་ནས་ཕྱག་འཚལ་ཉི་ཤུ་རྩ་གཅིག་པས་བསྟོད་ལ་སྤྱི་དང་སོ་སོའི་རྣམ་པ་ལ་རིམ་པ་བཞིན་ཡིད་གཟུང་བར་བྱའོ། །དེ་ནས་བསྒོམ་པར་འདོད་ན་མན་ངག་ལས་འབྱུང་བ་བཞིན་རྫོགས་པའི་རིམ་པའང་བསྒོམ་པར་བྱ་སྟེ། མན་ངག་ནི་གཞན་དང་ཐུན་མོང་བ་ཉིད་དོ། །དེ་ལྟར་མཉམ་པར་གཞག་པ་ལས་ལངས་ནས་གང་ལ་འཕྲོ་བར་གྱུར་པའི་སྔགས་ཀྱི་བཟླས་པ་ཡང་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་བཟླ་བར་བྱའོ། །གཏོར་མ་ལ་སོགས་པའི་ཡན་ལག་གཞན་ནི་གཞན་དུ་ཤེས་པར་བྱའོ། །རྗེ་བཙུན་མ་སྒྲོལ་མའི་ལུས་ཀྱི་དཀྱིལ་འཁོར་བསྒོམ་པའི་མན་ངག་གི་རིམ་པ་གྲུབ་པ་བརྙེས་པའི་ཁ་ཆེའི་སློབ་དཔོན་ཉི་མ་སྦས་པའི་ཞལ་ལས་བརྒྱུད་པའི་གདམས་ངག་འཕགས་པས་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*