ཕྱག་འཚལ་ཉེར་གཅིག་ལྷ་མོའི་སྒྲུབ་ཐབས།

༼ཕ༽

༄༅། །ཕྱག་འཚལ་ཉེར་གཅིག་ལྷ་མོའི་སྒྲུབ་ཐབས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་ལྷ་མོ་བསྒོམ་པར་འདོད་པས། ཐོ་རངས་ཀྱི་ཆ་ལ་ཁ་བཤལ་བ་དང༌། ཁྲུས་ལ་སོགས་པ་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ལྷ་མོ་སྒྲོལ་མ་བསྒོམ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རང་གི་ཤེས་པ་ཡི་གེ་ཏཱྃ་ལྗང་གུ་ཅིག་ཏུ་བསམ། དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་སྐྱབས་སྦྱིན། གཡོན་པས་ཨུཏྤ་ལའི་རྩ་བ་ཐུགས་ཀར་བཟུང་བ་ཞི་བའི་ཉམས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ནུ་མ་འབུར་བ། ཞབས་ཕྱེད་ཀྲུང་གིས་བཞུགས་པ། འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམས་པའི་སྙིང་གར་ཏཱྃ་ལྗང་གུ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་གཡས་སྐོར་དུ་ཁ་དོག་དཀར་པོས་བསྐོར་བ་བསམས་ལ། ཇི་སྲིད་མི་སྐྱོའི་བར་དུ་བཟླས་སོ། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར། །ཞེས་པའི་དོན་ནི་མཎྜལ་བཞི་བྲིས་པ་ལ་མཆོད་པ་མང་པོ་དང༌། ལྷ་བཤོས་བཞི་བཤམས་ལ་ཚོམ་བུ་དང་པོ་བླ་མ་དང་སངས་རྒྱས་སྤྱི་ལ་དབུལ། གཉིས་པ་གསུམ་པ་བཞི་པ་སྒྲོལ་མ་ལ་དབུལ་ཏེ། དེ་ཡང་མཆོད་པ་རེ་དང་བསྟོད་པ་རེ་བྱས་པའི་མཐར་རྗེ་བཙུན་མ་སྒྲོལ་མས་བདག་ཅག་འཁོར་དང་བཅས་པ་ལ་ནད་དང་གནོད་པ་དང་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ་ཅིང་གཤེགས་སུ་གསོལ་བར་བྱའོ། །ཕྱག་འཚལ་ཉི་ཤུ་རྩ་གཅིག་པ་འདོན་པར་འདོད་པས། རང་གི་སྤྱི་བོའི་གཙུག་ན་རྗེ་བཙུན་མ་སྒྲོལ་མ་བཞུགས་ཤིང་ཞབས་གཡས་པའི་མཐེ་བོས་རང་གི་དཔྲལ་བར་རེག་པར་བསམས་ལ། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །ཞེས་པ་ནས་རྫོགས་པའི་བར་བརྗོད་ལ། ཨོཾ་བཛྲ་པུཥྤེ་ཏཱ་རཱ་ཎཱཾ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་དཱི་པེ་ཧཱུྃ། ཨོཾ་བཛྲ་གནྡྷེ་ཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། ཞེས་པས་མཆོད་ལ། རྗེ་བཙུན་མས་བདག་འཇིགས་པ་བརྒྱད་ལས་སྐྱོབས་ཤིག ཅེས་བརྗོད་ལ། མཐར་དགེ་བའི་རྩ་བ་སངས་རྒྱས་སུ་བསྔོའོ། །ཡང་རང་གི་སྙིང་ག་ནས་ཏཱྃ་ལས་འོད་འཕྲོས་པས་ཁམས་གསུམ་གྱི་སྣོད་བཅུད་བསྡུས་ནས་སླར་རང་ལ་ཐིམ་པར་བསམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱཾ་རཀྵ་པྲེ་དུ་སྭཱ་ཧཱ། ཞེས་པ་ལན་གསུམ་ཆུ་ཁྱོར་བ་གང་ལ་བཟླས་ལ་གདོང་ལ་གཏོར་བས་བགེགས་ཀྱིས་ཀྱང་མི་ཚུགས་པར་འགྱུར་རོ། །ཚུལ་འདི་རྟག་ཏུ་གོམས་པར་བྱས་ན་མྱུར་དུ་སངས་རྒྱས་དང་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །རྒྱལ་བུ་གཡུང་རུང་ཏས་བསྐུལ་ནས། འཕགས་པས་བཤད་ཅིང་བྲིས་ནས་ཕུལ་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*