ནཱ་རོ་མཁའ་སྤྱོད་སྒྲུབ་ཐབས།

༼ཕ༽

༄༅། །ནཱ་རོ་མཁའ་སྤྱོད་སྒྲུབ་ཐབས་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་མ་བསྒོམ་པར་འདོད་པས་སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་བྲལ་བར་གྱུར་ཅིག དགའ་བ་དང་བདེ་བ་དང་མི་འབྲལ་བར་གྱུར་ཅིག མཉམ་པ་ཉིད་ཀྱི་དོན་རྟོགས་ནས་སངས་རྒྱས་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་ཡུན་རིང་དུ་བསྒོམ། དེ་ནས་རང་གི་སྙིང་གའི་ནང་དུ་ཡི་གེ་བྃ་དམར་མོ་བསྒོམས་པ་ལས་འོད་འཕྲོས་པས་རང་གི་སྡིག་པ་སྦྱངས། ཕྱིར་འཕྲོས་པས་སེམས་ཅན་གྱི་དོན་བྱས། ཚུར་འདུས་བྃ་ལ་ཐིམ་པ་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གྱུར་པ་ནི། པདྨ་དང་ཉི་མའི་སྟེང་དུ་བཞེངས་པའི་ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་པས་གྲི་གུག་ཐུར་དུ་འཛིན་ཅིང༌། གཡོན་པས་བདུད་རྩིས་གང་བའི་ཐོད་པ་སྟེང་དུ་ཕྱོགས་པར་བཟུང་ནས་ཞལ་དུ་གསོལ་བ། ཕྲག་པ་གཡོན་པ་ལ་ཁ་ཊྭཱཾ་ག་ཁུར་བ་ལ་ཌཱ་མ་རུ་བཏགས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་པ་དབུ་སྐྲ་ནག་པོ་སིལ་མར་གྱུར་པ། སྤྱན་གསུམ་པ། ཤིན་ཏུ་མཛེས་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་བྃ་ལས་འོད་འཕྲོས་པས། འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས་ནས། ཛཿཧཱུྃ་བྃ་ཧོཿས་རང་ལ་བསྟིམ། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དེ་ཡིད་མཉམ་པར་གཞག་གོ །དེ་ནས་བྃ་གྱི་ཐ་མ་སྔགས་ཀྱིས་བསྐོར་བས་བདག་གི་སྡིག་པ་དང་ནད་ཐམས་ཅད་སྦྱངས་པར་བསམ་ཞིང༌། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླའོ། །གཏོར་མ་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས་སྙིང་གའི་བྃ་ལས་འོད་འཕྲོས་པས། རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས་པ་ལ་གཏོར་མ་ཕུལ་བས་གསོལ་བར་བསམ་ཞིང༌། ཨོཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ཡེ་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ཨོཾ་ཨཱཿཧཱུྃ། ཞེས་གསུམ་མམ། བདུན་གྱིས་ཕུལ་ལ་འདོད་པའི་དོན་གསོལ་བ་གདབ། བཛྲ་མུཿས་གཤེགས་སུ་གསོལ། ཟས་ཟ་བའི་ཚེ། ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ལ། རང་གི་ལུས་ཀྱི་ལྷ་མཆོད་པའི་བསམ་པས་ལོངས་སྤྱོད་དོ། །ནུབ་མོར་ཉལ་བའི་ཚེ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ལོ། །ལྡང་བའི་ཚེ་ལྷའི་སྐུར་ལྡང་ངོ༌། །སྤྱོད་ལམ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་ང་རྒྱལ་གྱིས་བྱའོ། །དེ་ལྟར་རྟག་ཏུ་ཡི་དམ་དུ་བྱས་ན། རིང་པོར་མི་ཐོགས་པར་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཐོབ་པར་འགྱུར་རོ། །དཔལ་ནཱ་རོ་ཏ་པའི་རྗེས་སུ་འབྲང་བའི་མཁའ་སྤྱོད་མའི་སྒྲུབ་ཐབས་འཕགས་པས་མེ་ཕོ་བྱི་བའི་ལོ་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*