ནཱ་རོ་མཁའ་སྤྱོད་ཀྱི་མངོན་རྟོགས།

༼ཕ༽

༄༅། །ནཱ་རོ་མཁའ་སྤྱོད་ཀྱི་མངོན་རྟོགས་བཞུགས།།

༄༅། །དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པའི་ཐབས། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །བསྐྱེད་དང་རོལ་པའི་ཡུམ་གྱུར་པ། །རྡོ་རྗེ་རྣལ་འབྱོར་མར་བཏུད་ནས། །དེ་མཉེས་བྱེད་པའི་ཆོ་ག་བཤད། །རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་འདོད་པས། །སྟན་བདེ་བ་ལ་ཁ་ནུབ་ཕྱོགས་སུ་བལྟས་ནས་ཅི་བདེ་བར་འདུག་ལ། བླ་མ་དང་དཀོན་མཆོག་གསུམ་ལ་ལན་གསུམ་སྐྱབས་སུ་སོང་ནས། བྱིན་གྱིས་བརླབས་པའི་བདུད་རྩི་མྱངས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ་མོ། །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་དང་མ་བྲལ་ན་བདག་གི་དོན་གྲུབ་སྙམ་པའི་དགའ་བ་དང༌། བདེ་སྡུག་མེད་པའི་ངང་དུ་སེམས་སྙོམས་པར་གྱུར་ཅིག་སྙམ་པའི་བཏང་སྙོམས་ཏེ་ཚད་མེད་པ་བཞི་དང༌། བདག་དང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་རྣལ་འབྱོར་མ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་བདག་གི་སྤྱི་བོར་བླ་མ་བསྒོམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། བླ་མ་དམ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་མོས་གུས་དྲག་པོ་བྱས་པས་བླ་མ་རང་གི་ལུས་ལ་ཐིམ་པས། སྙིང་གི་ནང་དུ་ཆོས་འབྱུང་ཉིས་བརྩེགས་ཀྱི་ལྟེ་བར་བྃ་ལས་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ནས། དེ་ལས་འོད་ཟེར་འཕྲོས་པས་རང་གི་སྡིག་སྒྲིབ་སྦྱངས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས། སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མར་གྱུར་ཏེ། འོད་ཟེར་སླར་འདུས་ཏེ་རང་ལ་ཐིམ་པས་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གྱུར་པ་ནི། པདྨ་དང་ཉི་མའི་སྟེང་དུ་ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཞལ་གྱེན་དུ་ཕྱོགས་པ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་འཛིན་ཞིང༌། གཡོན་པས་ཁྲག་གིས་གང་བའི་ཐོད་པ་སྟེང་གི་ཕྱོགས་སུ་བཟུང་ནས་ཞལ་དུ་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང་དྲིལ་བུ་འཕྱང་བཞིན་པ་བསྣམས་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་རུས་པའི་རྒྱན་ལྔ་དང་ལྡན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ། དེའི་ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མྃ་དཀར་མོ་རྨོངས་བྱེད་མ། མགོར་ཧྲེཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀ་རྣམས་སུ་བསམས་ལ། དེའི་ཐུགས་ཀའི་བྃ་ལས་འོད་འཕྲོས་པས། འོག་མིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་གཉིས་སུ་མེད་པར་བསམས་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པའོ།།  །།རྫོགས་པའི་རིམ་པ་བསྒོམ་པའི་ཚུལ་གསུམ་ལས། བྷ་གའི་ནང་དུ་དགའ་བ་འཁྱིལ་པ་གཡོན་དུ་མྱུར་དུ་འཁོར་བ་གཅིག་བསམས་ནས། དེ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ལ། རླུང་ཁ་སྦྱོར་བསྒོམས་པས་བདེ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །ཡང་སྨིན་མཚམས་ཀྱི་ཐད་ཀའི་སྟེང་གི་ནམ་མཁར་དགའ་བ་འཁྱིལ་པ་གཡོན་དུ་འཁོར་བ་ལ་སེམས་གཏད་དེ་ཡིད་མཉམ་པར་གཞག་པས་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ཡང་སྟོང་ཤས་ཆེ་ན་བདེ་བའི་ཏིང་ངེ་འཛིན་བསྒོམ་ཞིང༌། བདེ་ཤས་ཆེ་ན་སྟོང་པའི་ཏིང་ངེ་འཛིན་བསྒོམས་ལ། ཟུང་དུ་ཆུད་པར་གྱུར་ན་དགའ་བ་འཁྱིལ་པ་དེ་ཉིད་སྙིང་གའི་བྃ་ལ་བསྟིམ་སྟེ། མཉམ་པར་གཞག་པར་བྱའོ། །རྫོགས་པའི་རིམ་པའོ།།  །།སྔགས་བཟླ་བར་འདོད་ན། སྙིང་གའི་བྃ་གྱི་མཐའ་མར་སྔགས་ཀྱི་ཕྲེང་བ་གཡོན་སྐོར་དུ་འཁོར་བའི་འོད་ཀྱིས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་དེ་དག་གི་ཡེ་ཤེས་བདག་གི་རྒྱུད་ལ་བཞུགས་པས། སྡིག་པ་དང་སྒྲིབ་པ་དག ཚེ་དང་བསོད་ནམས་འཕེལ་བར་བསམ་ཞིང༌། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླས་པར་བྱའོ། །གཏོར་མ་གཏོང་བའི་ཚེ། ཤ་ཆང་དང་བཅས་པའི་གཏོར་མ། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་བརྗོད་པས། ཐོད་པ་ཆེན་པོ་ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་བོ། །དེ་ནས་འབར་བའི་ཕྱག་རྒྱ་བཅས་ལ་ཕཻཾ་ཞེས་བརྗོད་པས། རང་གི་སྙིང་ག་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང༌། ཆོས་སྐྱོང་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པ་རྣམས་ཀྱིས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། ཨོཾ་བཛྲ་ཨཱ་རལླི་ཧོ། ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ཨོཾ་ཨཱཿཧཱུྃ། ཞེས་ལན་ལྔའམ་བདུན་གྱིས་ཕུལ་ནས། ཨརྒྷཾ་པཱ་དྱཾ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་པའི། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ནས། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ནི་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ནས། གསོལ་བ་བཏབ་ནས་ཅི་འདོད་པའི་དངོས་གྲུབ་གནང་བར་བསམས་ནས། ཨོཾ་བཛྲ་མུཿ ཞེས་བརྗོད་པས་གཤེགས་སུ་གསོལ་ལོ། །ཟས་ཟ་བའི་ཚེ་ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རང་རྣལ་འབྱོར་མར་དམིགས་པའི་ལྟ་བ་ནས་གཏུམ་མོའི་མེ་སྦར་བའི་མེ་ལྕེའི་ཁྲོད་དུ་སྙིང་གར་བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཚོགས་དང༌། ལྟོ་བར་འཇིག་རྟེན་པའི་ཚོགས་ཐམས་ཅད་དམིགས་ནས་རང་གི་ལག་པ་གཡོན་པའི་མཐིལ་དུ་པདྨ་འདབ་མ་ལྔ་པ་བསྒོམས་པའི་ལྟེ་བར། ཨོཾ་བྃ་མདུན་ཕྱོགས་ནས་བརྩམས་པའི་འདབ་མ་རྣམས་ལ་རིམ་པ་བཞིན་ཧྃ་ཡོཾ་ཧྲིཾ་མྃ་ཧྲེཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་བཀོད་པ་རྣམས་དཔའ་མོ་དྲུག་ཏུ་དམིསག་པ་ལ་མཆོད་པར་བསམ་ཞིང༌། ཐོག་མར་ཞུ་བའི་རྫས་དང༌། དེ་ནས་གོང་བུའི་རྫས་ཀྱིས་མཆོད་པས་མཉེས་པར་བསམ་ཞིང༌། ལག་པ་གཉིས་ཕན་ཚུན་མཉེའོ། །དེ་ནས་ལག་པ་གཡོན་པས་དཔྲལ་བ། མགྲིན་པ། སྙིང་གར་རེག་པས། དཔའ་མོ་དེ་རྣམས་རང་གི་ལུས་ལ་ཐིམ་པར་བསམས་ནས་ལག་པ་གཡོན་པས་ཐོག་མར་ཕུད་ཀྱིས་བླ་མ་དང་ཡི་དམ་ལ་མཆོད་ལ། དེ་ནས་ཁ་ཧོམ་ཁུང་དུ་བསམས་ལ་ཕུལ་བས་ལུས་ཀྱི་ལྷ་ཐམས་ཅད་མཉེས་པར་བསམ་ཞིང་བཟའ་འོ། །དེ་ནས་ལྷག་མ་ཨོཾ་ཨུཙྪེཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །སྤྱོད་ལམ་ལ་འཇུག་པའི་ཚེ། རང་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱི་རོལ་གྱི་སྣང་བ་ཐམས་ཅད་མཆོད་པའི་ལྷ་མོར་དམིགས་པ་རྣམས་ཀྱིས་འདོད་ཡོན་གྱི་མཆོད་པ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། ཁ་ན་མ་ཐོ་བ་མེད་པར་ཅི་བདེ་བར་སྤྱོད་དོ། །ཉལ་བའི་ཚེ། སྙིང་གའི་བྃ་ལས་འོད་འཕྲོས་པས་ཕྱི་རོལ་གྱི་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྡུས་ནས་རང་ལ་ཐིམ། རང་གི་ལུས་ཀྱང་སྙིང་གའི་བྃ་ལ་ཐིམ། བྃ་སྟོང་པ་ཉིད་དུ་གྱུར་པའི་ངང་ལ་ཉལ་ལོ། །ལྡང་བའི་ཚེ་སྟོང་པ་ཉིད་ཀྱི་ངང་ལས་རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་གྱུར་པའི་ཐུགས་ཀའི་བྃ་ལས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་གསལ་བར་དམིགས་ནས་ལྡང་བར་བྱའོ། །དེ་ལྟར་ཡན་ལག་བརྒྱད་དང་ལྡན་པའི་རྣལ་འབྱོར་ལ་རྟག་ཏུ་གནས་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་རྗེས་སུ་བཟུང་ནས་མཁའ་ལ་སྤྱོད་པའི་གོ་འཕང་མྱུར་དུ་ཐོབ་སྟེ། གོ་འཕང་དེ་ལ་བརྟེན་ནས་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཀྱང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དོ། །གསུང་རབ་ཟབ་མོའི་སྙིང་པོའི་ཚུལ། །རྣལ་འབྱོར་མ་དཔལ་སྒྲུབ་པའི་ཐབས། །དད་ལྡན་ཤེས་རབ་རབ་གསལ་བ། །གོ་གོ་ཅན་གྱིས་གསོལ་བཏབ་ནས། །ལུང་དང་མན་ངག་དང་ལྡན་པ། །སྔགས་འཆང་འཕགས་པ་ཞེས་བྱས་སྦྱར། །དགེ་བ་དེ་ཡིས་འགྲོ་བ་ཀུན། །བདེ་བའི་དཔལ་གྱིས་འབྱོར་གྱུར་ནས། །མཁའ་སྤྱོད་མཆོག་གིས་རོལ་གྱུར་ཅིག །རྡོ་རྗེ་རྣལ་འབྱོར་མ་མཁའ་ལ་སྤྱོད་པའི་སྒྲུབ་ཐབས། རྗེ་བཙུན་ནཱ་རོ་པའི་མན་ངག་དཔལ་ས་སྐྱ་པ་ལས་བརྒྱུད་པ་འདི་ནི་ས་མོ་སྦྲུལ་གྱི་ལོ་གདུ་བུའི་ཟླ་བ་ལ་ཤང་ཏོར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*