ཚོགས་འཁོར།

༼ཕ༽

༄༅། །ཚོགས་འཁོར་བཞུགས།།

༄༅། །དཔལ་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་འཁོར་ལོའི་ཆོ་ག བླ་མ་དང་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི། །སྒྱུ་མའི་རྣམ་འཕྲུལ་ལས་བྱུང་བ། །མཁའ་སྤྱོད་མ་དཔལ་ལ་བཏུད་དེ། །དེ་མཉེས་བྱེད་པའི་ཆོ་ག་བཤད། །དམ་ཚིག་དང་ལྡན་པ་འདིར་ཞུགས་ཤིང་རྣལ་འབྱོར་ལ་གནས་པའི་གང་ཟག་གིས། ཁྱད་པར་དུ་འཕགས་པའི་དུས་ཀྱི་ཚེ། དབེན་ཞིང་ཡིད་དུ་འོང་བའི་གནས་སུ་མཆོད་པ་དང༌། གཏོར་མ་གསུམ་དང༌། ཡོ་བྱད་རྣམས་བསོགས་ནས། དམར་གཏོར་གཅིག ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྣེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་བགེགས་ཐམས་ཅད་ལ་བྱིན་ནས་བགེགས་དང་འབྱུང་པོའི་ཚོགས་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་རྩོམ་པ་ལ་བར་དུ་གཅོད་པ་མ་བྱེད་པར་དེངས་ཤིག ཅེས་པ་དང་སུམྦྷ་ནི་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་བསྐྲད་དོ། །དེ་ནས་ལས་ཀྱི་སློབ་མས་ཞུ་ཕུལ་བ་དང༌། རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་དམིགས་ནས། ལག་པ་གཡོན་པའི་སེ་གོལ་ཤར་ནས་ཕྱོགས་གཡོན་སྐོར་དང༌། ཤར་ལྷོ་ནས་མཚམས་གཡས་སྐོར་དུ་བརྡབ་ཅིང༌། སུམ་བྷའི་སྔགས་རྐང་པ་རེ་རེ་བརྗོད་པས་བགེགས་བསྐྲད་དོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ལག་པ་གཡོན་པའི་མཐེབ་སྲིན་གྱིས་གཡོན་སྐོར་དུ་ཆོས་འབྱུང་ཉིས་བརྩེགས་བྲི་ཞིང་འདིའི་སྔགས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབ་བོ། །དེ་ནས་བྱིན་གྱིས་བརླབས་པའི་བདུད་རྩི་དེས་ལག་པ་གཡས་གཡོན་ཕན་ཚུན་གཏོར་ཞིང་མཉེ་བ་དང༌། དཔྲལ་བ། མགྲིན་པ། སྙིང་ག་གསུམ་དུ་ཐིག་ལེ་བཀོད་པས་རང་གི་ལུས་དག་པར་བྱས་ནས་གནས་དང་ཕྱིའི་མཆོད་པ་རྣམས་ལ་གཏོར་ཏེ། ལྷ་རྫས་ལས་གྲུབ་པའི་གཞལ་ཡས་ཁང་དུ་མཆོད་པ་རྒྱ་ཆེན་པོ་དྭངས་ཤིང་ཐོགས་པ་མེད་པ་དང་བཅས་པར་དམིགས་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་ཡི་གེ་བརྒྱ་པ་བརྗོད་པས་སྡིག་པ་སྦྱངས་ནས། སྒྲུབ་ཐབས་ནས་འབྱུང་བ་བཞིན་མངོན་པར་རྟོགས་པ་བསྒོམས་ཏེ། བཟླས་པ་ཅི་རིགས་པ་ཅིག་བྱའོ། །དེ་ནས་ཡང་ནང་མཆོད་ཀྱིས་མཆོད་རྫས་རྣམས་ལ་གཏོར་ཞིང་སུམྦྷ་ནིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ལས་མཆོད་ཡོན་ལ་སོགས་པ་ལྷ་རྫས་ལས་གྲུབ་པའི་མཆོད་པ་དཔག་ཏུ་མེད་པར་བསྐྱེད་ནས། སོ་སོའི་སྔགས་དང༌། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་བོ། །དེ་ནས་མདུན་ན་དམིགས་པའི་རྟེན་ཡོད་དམ་མེད་ཀྱང་རུང་སྟེ། སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་རང་གིས་བསྒོམས་པ་ལྟ་བུ་བསྐྱེད་ནས། དཔའ་མོའི་གོ་ཆ་དྲུག་བཀོད་དེ། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པའི་བར་བདག་བསྐྱེད་ལྟར་བྱས་ནས། དེའི་མཐའ་མར་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང༌། ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་ཀྱིས་གང་བར་བསྒོམས་ནས། དེ་རྣམས་མཆོད་པར་བསམ་ཞིང་སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནཱི་ཞེས་ཀུན་ལ་སྦྱར་ནས། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི། བཛྲ་ནཻ་བི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས། བཛྲ་ཤབྡ་ཨཱཿཧཱུྃ་གིས་རོལ་མོ་དབུལ། དེ་ནས་དངོས་སུ་འབྱོར་པ་དང༌། ཡིད་ཀྱིས་སྤྲུལ་པའི་འདོད་ཡོན་ལྔས་མཆོད་པར་བསམ་ཞིང༌། རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་གཟུགས། ཤབྡ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་སྒྲ། གནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་དྲི། ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་རོ། སྤརྵེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་རེག་བྱ་དབུལ་བར་བྱའོ། །དེ་ནས་ནང་གི་མཆོད་པ་ཐོག་མར་རྩ་བའི་བླ་མ་ལ་དབུལ། དེ་ནས་བླ་མ་བརྒྱུད་པ་རྣམས་ལ་དབུལ་ཏེ། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་དྲིལ་བུ་པ། ཌེཾ་གི་པ། ཨནྟར་པ། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་བ། བླ་མ་མལ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། བླ་མ་ཆོས་ཀྱི་རྗེ། ཞེས་པའི་མཚན་རྣམས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་དབུལ། དེ་ནས་རྡོ་རྗེ་རྣལ་འབྱོར་མ་ལ་མཆོད་ནས། རང་གི་ལྕེ་རྩེ། དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ་རེག་ལ་རང་གི་ལུས་ཀྱི་ལྷ་རྣམས་མཆོད་དེ། ཆོས་སྐྱོང་སྲུང་མ་དང༌། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ལའང་སྦྱིན་ནོ། །དེ་ནས་རང་གི་ལྕེ་ལ་རེག་པས་བདག་བསྐྱེད་དང༌། མདུན་བསྐྱེད་ཀྱི་ལྷ་རྣམས་མཉེས་ནས་བཞད་པའི་དབྱངས་སྔགས་ཀྱི་སྒྲར་གྲགས་པར་བསམ་ཞིང༌། དེ་ཉིད་ཀྱི་སྔགས་ལན་གསུམ་བརྗོད་དོ། །དེ་ནས་དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ནས། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་གྱིས་བརླབ་དང༌། གསང་སྔགས་དང༌། ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང༌། ཏིང་ངེ་འཛིན་དང༌། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ། བླ་མ་དང༌། རྡོ་རྗེ་རྣལ་འབྱོར་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་འབྱུང་ཞིང་རྒྱས་པར་གྱུར་ཅིག ཅེས་བརྗོད་ལ་སེ་གོལ་བརྡབ་བོ། །ཡང་སྙིང་གར་བཅས་ལ། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨཱ་བརྟ། ཨཱ་བརྟ་ཧོ། ན་མསྶ་མནྟ་བུདྡྷཱ་ནཱཾ། ཨ་བྷི་སྨ་ར་ཡེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨྨ་དྷཱ་ཏུ། ཨཱ་ཀཱ་ཤ་ཡ། ས་མནྟ་མཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤུདྡྷ་ལེ། མཎྜ་ལེ་མ་མ་པྲ་ཎི་དྷི། པུ་ཎྱ་ཛྙཱ་ན། བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེནྟ་བནྡྷ་སྭ་སྠཱ་ན། བ་ལེ་ན་ཙ་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་བདག་པོས་མ་བཟུང་བ་དང༌། ཡིད་ལས་བྱུང་བའི་མཆོད་པས་མཆོད་པར་བྱའོ། །དེ་ནས་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པས་བསྟོད་པར་བྱའོ། །དེ་ནས་གཏོར་མ་སྦྱངས་ལ་སྒྲུབ་ཐབས་ནས་འབྱུང་བའི་ཆོ་གས་དང་པོ་རྣལ་འབྱོར་མ་དང༌། གཉིས་པ་ཆོས་སྐྱོང་དང༌། གསུམ་པ་མཁའ་འགྲོ་སྤྱི་གཏོར་གྱིས་དབུལ་བར་བྱའོ། །དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ཚོགས་ཀྱི་ཕུད་བླ་མ་དང་ལྷ་རྣམས་ལ་འབུལ་ཞིང༌། གཏོར་མ་ལའང་སོ་སོའི་སྔགས་བརྗོད་པས་ཕུལ་ནས། དམ་ཚིག་དྲངས་ཏེ་ཕུད་ནང་མཆོད་ཀྱི་སྐབས་ལྟར་མཆོད་ནས་ལག་པའི་མཆོད་པ་བྱས་ལ། ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས། གཡོན་གྱི་ཀུན་ཏུ་སྤྱོད་པའི་ཚུལ་གྱིས་ཞེན་པ་མེད་ཅིང་ཚིམ་པར་ལོངས་སྤྱད་དོ། །བར་སྐབས་སུ་ཕྱི་ནང་གི་ལྷ་མཆོད་པའི་བསམ་པས། གཡེངས་པར་མི་འགྱུར་བའི་གླུ་དང༌། གར་དང༌། རོལ་མོའི་སྒྲས་མཆོད་པར་བྱའོ། །དུས་ཐམས་ཅད་དུ་བདག་དང་སྣང་བ་ཐམས་ཅད་རྗེ་བཙུན་མ་རྡོ་རྗེ་རྣལ་འབྱོར་མའི་སྐུ་དང༌། རང་གིས་བརྗོད་པ་དང་ཕྱི་རོལ་ན་གྲགས་པ་ཐམས་ཅད་རྣལ་འབྱོར་མའི་སྔགས་དང༌། སེམས་ཀྱི་བསམ་པ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་དམིགས་ལ། ཕྱི་ནང་གི་ཉམས་སུ་མྱོང་བའི་བདེ་བ་ཐམས་ཅད་ཀྱིས་རྡོ་རྗེ་རྣལ་འབྱོར་མ་མཆོད་པར་བསམ་ཞིང་ཡང་ནས་ཡང་དུ་ལྷའི་རྣམ་པ་གསལ་གདབ་པར་བྱའོ། །དེ་ནས་ལོངས་སྤྱད་པས་ཚིམ་པ་དང༌། ལྷག་མ་རྣམས་བསྡུས་ལ། འབར་བའི་ཕྱག་རྒྱའི་ནང་ནས་ཆང་གི་ཁ་ཕྲུ་བཏབ་ལ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྚཱ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་གསུམ་གྱིས་བྱིན་ནས། རྡོ་རྗེའི་གླུ་བླངས་ལ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་བྱུང་གྱུར་ཞིང༌། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨ་ལ་ནི་རྡོ་རྗེས་རོལ་མཛད་པའི། །བཀྲ་ཤིས་དེས་ནི་བདེ་བ་མཆོག་གནས་པ་ཡི་བཀྲ་ཤིས་ཤོག །ཅེས་བརྗོད་ནས། མདུན་བསྐྱེད་ཀྱི་ལྷ་ལ་བདག་གི་སྡིག་པ་དང༌། སྒྲིབ་པ་དང༌། དམ་ཚིག་གི་ཉེས་པ་དང༌། བར་དུ་གཅོད་པ་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། ཚེ་དང་དཔལ་དང༌། འབྱོར་པ་དང༌། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། འཆི་བའི་ཚེ་མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པ་དང༌། མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་ནས། ལྷ་མོ་ཚད་མ་ལ་སོགས་པ་བདེན་པའི་སྟོབས་ཀྱང་ལན་གསུམ་བརྗོད་ནས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེས་ནི་སངས་རྒྱས་ཉིད་ཐོབ་ཤོག །ཅེས་པ་ལ་སོགས་པའི་སྨོན་ལམ་བཏབ་ནས། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བཟོད་པར་གསོལ། དེ་ནས་མདུན་བསྐྱེད་ཀྱི་རྟེན་ཡོད་ན་གཤེགས་སུ་གསོལ་མི་དགོས་ལ། མེད་ན་གཏོར་མའི་མགྲོན་དང་བཅས་པ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པ་དང༌། ཡི་གེ་བརྒྱ་པའི་མཐར། བཛྲ་མུཿཞེས་བརྗོད་པས། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། གཏོར་མ་རོལ་མོའི་སྒྲ་དང་བཅས་པས་བསྐྱལ་ནས། རང་གི་གནས་གསུམ་བསྲུང་ཞིང༌། གོ་ཆ་དྲུག་གིས་ཀྱང་རྒྱས་བཏབ་ལ། ཉལ་བའམ། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་ཆོས་བཞིན་དུ་གནས་པར་བྱའོ། །དེ་ལྟར་རྒྱུན་དུ་རྣལ་འབྱོར་དུ་བྱེད་པ་ནི། སྡིག་པ་དང༌། དམ་ཚིག་གི་ཉེས་པ་འདག་པ་དང༌། ལྷ་དང་བླ་མའི་ཐུགས་དམ་སྐོང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྫོགས་པའོ། །ཆོས་ཚུལ་འདི་ནི་འཕགས་པ་ཡིས། །བསྡེབས་ནས་གོ་གོ་ཆེ་ལ་ཕུལ། །དགེ་བ་དེ་ཡིས་འགྲོ་བ་ཀུན། །ཚོགས་གཉིས་དཔལ་གྱིས་འབྱོར་གྱུར་ཅིག །དཔལ་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་འཁོར་ལོའི་ཆོ་གའི་རིམ་པ་འདི་ནི། དད་པ་དང་ཤེས་རབ་དང་ལྡན་པ་གོ་གོ་ཆེན་ཞེས་བྱ་བས་བསྐུལ་ནས། ཆོས་རྗེ་ས་སྐྱ་པའི་གསུང་བཞིན་དུ་ལྕགས་ཕོ་རྟའི་ལོ་དབྱུ་གུའི་ཟླ་བའི་ཚེས་གཅིག་ལ་ཤང་ཏོར་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*