ལྷན་སྐྱེས་ཀྱི་སྒྲུབ་ཐབས།

༼ཕ༽

༄༅། །ལྷན་སྐྱེས་ཀྱི་སྒྲུབ་ཐབས་བཞུགས།།

༄༅། །དཔལ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཤིན་ཏུ་སྟོང་པའི་བདག་ཉིད་ཅན། །ཡེ་ཤེས་ལྔ་ཡི་རང་བཞིན་དངོས། །ཧེ་རུ་ཀ་དཔལ་ལ་བཏུད་དེ། །དེ་ཡི་སྒྲུབ་པའི་རིམ་པ་བཤད། །དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་བསྒོམ་པར་འདོད་པའི་གང་ཟག་གིས་གནས་དབེན་པར་སྟན་བདེ་བར་བསྡད་ལ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་བདེ་མཆོག་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་སྐད་ཅིག་གིས་རང་ཉིད་བདེ་མཆོག་ལྷན་སྐྱེས་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་པ། རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་དང༌། གཡོན་གྱི་ཆ་ལ་ཚེས་གཅིག་གི་ཟླ་བས་བརྒྱན་ཞིང་མཚོག་མའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། པདྨ་དང་ཉི་མའི་སྟེང་དུ་ཞབས་གཡས་བརྐྱང་བས་ཨུ་མ་དམར་མོ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང༌། མི་བསྐྱོད་པས་དབུར་བརྒྱན་པ། དེའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མཆེ་བ་རྣམ་པར་གཙིགས་པ། སྐྲ་གྲོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པ། ཕྱག་གཡས་པས་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་བཅུར་བསྡིགས་ཤིང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཡུམ་གཉིས་ཀ་མཉམ་པར་སྦྱོར་ཞིང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསྒོམ་མོ། །དེ་ནས་ཐུགས་ཀ་ནས་སངས་རྒྱས་རིགས་ལྔ་དཔག་ཏུ་མེད་པ་སྤྲོས་ནས། སེམས་ཅན་ཐམས་ཅད་ལྷན་སྐྱེས་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ་པར་བསམས་ནས། བདག་དང་སེམས་ཅན་ཐམས་ཅད་དཔལ་ཧེ་རུ་ཀ་འབའ་ཞིག་ཡིན་ལ། དེ་དག་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའོ་སྙམ་དུ་བསམས་ནས་དེ་ལ་ཡིད་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པའོ།།  །།རྫོགས་པའི་རིམ་པ་བསྒོམ་པར་འདོད་པས་ལུས་སྐྱིལ་ཀྲུང་ལག་པ་མཉམ་གཞག སྒལ་ཚིགས་དྲང་པོར་བྱས་ནས། ལྟེ་བའི་ནང་དུ་ཨ་ཤད་ཀྱི་རྣམ་པ་ལྟ་བུ་ཕྲ་བ་རྩུབ་པ་ངར་དང་ལྡན་པ་གཅིག་བསམས་ལ། དེའི་ནུས་པས་རང་གི་སྡིག་པ་དང་ནད་དང་སྡུག་བསྔལ་ཐམས་ཅད་བསྲེགས། སྤྱི་བོ་དང་སྙིང་ག་ནས་བྱང་སེམས་འོ་མའི་རྒྱུན་ལྟ་བུ་ཕབ་པ་རྩ་དབུ་མ་ནས་བརྒྱུད། དེས་ལུས་ཐམས་ཅད་ཁྱབ་པས་ལུས་ཐམས་ཅད་བདེ་བས་གང༌། བདེ་བས་རྟོག་པ་ཐམས་ཅད་འགགས་ནས་བདེ་སྟོང་ཟུང་འཇུག་གི་ངང་ལ་མཉམ་པར་གཞག་གོ །གོམས་ན་དྲོད་དང་བདེ་བ་དང༌། མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །རྫོགས་པའི་རིམ་པའོ།།  །།དེ་ནས་བཟླས་པ་བྱེད་པར་འདོད་པས། སྙིང་གི་ནང་དུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་དང༌། ཡུམ་གྱི་ཐུགས་ཀར་བྃ་དམར་པོ་བསམས་ལ། ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་འོད་ཀྱི་རྣམ་པ་བྱུང་བ་རང་གི་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་མཁའ་ནས་འཐོན། ཡབ་ཀྱི་རྡོ་རྗེའི་སྦུ་གུར་ཞུགས་ཤིང་འཁོར་བས་སྡིག་པ་དང་སྒྲིབ་པ་དག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འཇུག་པར་བསམ་ཞིང༌། ཨོཾ་ཧྲི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡབ་ཀྱི་དང༌། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡབ་ཡུམ་གྱི་སྔགས་སྦྲེལ་བའམ་སོ་སོ་བ་ཅི་ནུས་བཟླས་སོ། །བཟླས་པའི་རྣལ་འབྱོར་རོ།།  །།ཁྲུས་བྱེད་པའི་ཚེ་རང་བཞིན་གྱི་གནས་ནས་སངས་རྒྱས་རིགས་ལྔས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བ་བདག་གི་སྤྱི་བོ་ནས་བླུགས་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་པར་བསམ་ཞིང༌། ཡི་གེ་བརྒྱ་པ་བརྗོད་ལ་ཁྲུས་བྱའོ། །ཁྲུས་ཀྱི་རྣལ་འབྱོར་རོ། །དེ་ནས་མཆོད་པ་དང་གཏོར་མའི་རྣལ་འབྱོར་ནི་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གཏོར་མ་བཤམས་ལ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣ་གྲིཧྣ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱཾ་བི་དྱཱ་རཱ་ཛཱ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་མ་དག་པ་བསང༌། གོང་དུ་བརྗོད་པའི་སྭ་བྷཱ་བའི་སྔགས་ཀྱིས་སྟོང་པར་བསམས། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་པའི་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་བསྐྱེད་ནས། ཨོཾ་ཨཱཿཧཱུྃ་དང་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜལ་ཞེས་ཀུན་ལ་སྦྱར་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དྷཱུ་པེ་ཨཱཿཧཱུྃ། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། བཛྲ་ཤབྡ་ཨཱཿཧཱུྃ། ཞེས་བྱ་བ་ལ་སོགས་པས་མཆོད་ནས། དེའི་སྤྱན་སྔར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ཉིད་སྐྱབས་སུ་མཆི། །ཧེ་རུ་ཀ་དཔལ་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་ལན་གསུམ་གྱིས་རྒྱུན་བཤགས་སྔོན་དུ་འགྲོ་བའི་སྡོམ་པ་བླང་ངོ༌། །དེ་ནས་གཏོར་མ་སྦྱངས་ལ། སུྃ་བྷའི་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཨཱཿལས་ཁམས་གསུམ་ཁྱབ་པའི་ཐོད་པ་ཆེན་པོའི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བར་བསྐྱེད། འབར་བའི་ཕྱག་རྒྱ་དཔྲལ་བའི་དཔྱེས་སུ་བསྐོར་ཞིང༌། ཕཻཾ་ཞེས་བརྗོད་པས་རང་བཞིན་གྱི་གནས་ནས་འཁོར་ལོ་བདེ་མཆོག་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། མཁའ་འགྲོ་དང༌། ཆོས་སྐྱོང་སྲུང་མས་བསྐོར་བ་སྤྱན་དྲངས་ནས། དེ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨཱ་རལླི་ཧོ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ཨོཾ་ཨཱཿཧཱུྃ། ཞེས་བྱ་བ་ལྔས་དབུལ། མཆོད་པ་ལྔས་མཆོད། འདོད་པའི་དོན་ལ་གསོལ་བ་གདབ། གཏོར་མའི་མགྲོན་དང༌། ཚོགས་ཀྱི་ཞིང་བཛྲ་མུཿས་གཤེགས་སུ་གསོལ་ལོ། །མཆོད་པ་དང་གཏོར་མའི་རྣལ་འབྱོར་རོ། །ཁ་ཟས་ལ་ལོངས་སྤྱོད་པའི་ཚེ་ཟས་དེ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབ། རང་ལྷར་གསལ་གདབ། ལྟེ་བའི་གཏུམ་མོའི་མེ་སྦར་བའི་མེ་ལྕེའི་ཁྲོད་དུ། སྙིང་གར་བླ་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང༌། ལྟོ་བར་ཆོས་སྐྱོང་དང༌། འཇིག་རྟེན་པའི་ཚོགས་རྣམས་དམིགས་ནས། དེ་རྣམས་མཆོད་པར་བསམ་ཞིང༌། ལག་པ་གཡོན་པས་ལོངས་སྤྱད་དོ། །ཁ་ཟས་ཀྱི་རྣལ་འབྱོར་རོ།།  །།དེ་ནས་སྤྱོད་ལམ་ནི་ངག་ཏུ་ཧཱུྃ་ཞེས་བརྗོད་པས་རང་དང་སྣང་བ་ཐམས་ཅད་ལྷར་གསལ་གདབ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བརྟན་པར་བྱས་ནས་ལུས་ཀྱི་བྱ་བ་ཕྱག་རྒྱ། ངག་ཏུ་བརྗོད་པ་སྔགས། སེམས་ཀྱི་བསམ་པ་ཏིང་ངེ་འཛིན་དུ་བསམ་པར་བྱ་ཞིང༌། ཐམས་ཅད་དུ་འཁོར་གསུམ་དུ་ཞེན་པ་དང་བྲལ་བར་བྱའོ། །སྤྱོད་ལམ་གྱི་རྣལ་འབྱོར་རོ།།  །།རྣལ་འབྱོར་པ་རིག་མ་བསྟེན་པ་ཡིན་ན། སྙོམས་འཇུག་གི་རྣལ་འབྱོར་ནི་རིག་མ་དབང་བསྐུར་བ་ཐོབ་པ་ལ་རུང་གི མ་ཐོབ་པ་ལ་མི་རུང་ངོ༌། །དེའང་སྐད་ཅིག་གིས་རང་ཧེ་རུ་ཀ་དང༌། རིག་མ་རྡོ་རྗེ་ཕག་མོར་དམིགས་ལ། ཡུམ་གྱི་བྷ་ག་པདྨ་ཨས་མཚན་པ་དང༌། ཡབ་ཀྱི་གསང་གནས་རྡོ་རྗེ་ཧཱུྃ་གིས་མཚན་པར་བསྐྱེད་ལ། གཉིས་ཀའི་དཔྲལ་བ། མགྲིན་པ། སྙིང་གར་ཨོཾ་ཨཱཿཧཱུྃ་བཀོད་ནས་སྙོམས་པར་ཞུགས་པས་ཟག་པ་མེད་པའི་བདེ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་སྙམ་དུ་བསམས་ནས། ཆགས་པ་དང་བྲལ་བའི་ཚུལ་གྱིས་བསྟེན་པར་བྱའོ། །སྙོམས་འཇུག་གི་རྣལ་འབྱོར་རོ།།  །།ནུབ་མོར་ཉལ་བའི་ཚེ་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་རང་ལ་བསྡུ། རང་སྙིང་གའི་ཧཱུྃ་ལ་བསྡུ། ཧཱུྃ་སྟོང་པར་ཡལ་བའི་ངང་ལ་གཉིད་ལོག་གོ །ཉལ་བའི་རྣལ་འབྱོར་རོ།།  །།ནང་པར་ལྡང་བའི་ཚེ་སྐད་ཅིག་གིས་རང་ཧེ་རུ་ཀའི་སྐུར་ལངས་ལ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་ལྷའི་སྐུར་གྱུར་པར་བལྟས་ལ་ལྡང་ངོ༌། །ལྡང་བའི་རྣལ་འབྱོར་རོ།།  །།ཉིན་ཞག་ཕྲུགས་གཅིག་གིས་བྱ་བ་འདིས་ཡོངས་སུ་རྫོགས་པར་བྱས་ན་མྱུར་དུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །སྐལ་ལྡན་གདུལ་བྱ་རྣམས་ཀྱི་ཕྱིར། །རྡོ་རྗེ་འཆང་གིས་གསུངས་པའི་ཚུལ། །བླ་མའི་དྲིན་གྱིས་གང་རྟོགས་པ། །གཞན་གྱི་དོན་དུ་བདག་གིས་སྦྱར། །དེ་ལས་བྱུང་བའི་དགེ་བ་དེས། །འགྲོ་ཀུན་ཟབ་མོའི་ལམ་ཞུགས་ནས། །སྐུ་གསུམ་ཡེ་ཤེས་ལྔ་བདག་ཉིད། །རྡོ་རྗེ་འཆང་དབང་ཐོབ་པར་ཤོག །འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། བླ་མ་བརྒྱུད་པའི་མན་ངག་གིས་བརྒྱན་པ། ཡན་ལག་བཅུ་པ་ཞེས་བྱ་བ་འདི། ཆོས་སྨྲ་བའི་བཙུན་པ་འཕགས་པ་ཞེས་བྱ་བ་ལ། ཡུ་གུར་གྱི་ཡུལ་དུ་སྐྱེས་པའི་བནྡེ་མངོན་པའི་སྡེ་སྣོད་འཛིན་པ། སཾ་གྷ་མི་ཏྲ་ཞེས་བྱ་བས་གསོལ་བ་བཏབ་པའི་ངོར། ཤིང་མོ་ཡོས་བུའི་ལོ་དབྱར་ཟླ་འབྲིང་པོ་ལ་རྒྱའི་ཡུལ་ཐེ་ལེར་ཞེས་བྱ་བར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*