དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས།

༼ཕ༽

༄༅། །དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བཞུགས་སོ།།

༄༅། །དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིད་དང་ཞི་ལ་མཉམ་པར་བཞུགས་ཤིང་སྲིད་ཞི་དེ་དག་འདྲེན་པའི་དཔལ། །དཔལ་ལྡན་བདེ་མཆོག་བདེ་བའི་དཔལ་ནི་རྡོ་རྗེ་ཕག་མོར་བཅས་བཏུད་དེ། །དེ་ཡི་གོ་འཕང་ཐོབ་བྱའི་ཕྱིར་དང་དེ་ལ་འདུན་པས་བསྐུལ་བའི་ངོར། །ངོ་མཚར་འབྲས་འབྱིན་སྒྲུབ་ཐབས་རྨད་བྱུང་གྲུབ་པའི་སྐྱེས་བུའི་གཞུང་བཞིན་བཤད། །དད་དང་བརྩེ་དང་བྱང་སེམས་ལྡན། །དབང་དང་གནང་བ་ཐོབ་པ་ཡི། །རྣལ་འབྱོར་པ་ཡིས་རྣལ་འབྱོར་ལ། །བྱང་ཆུབ་དོན་དུ་བརྩོན་པར་བྱ། །དེ་ཡང་ནུབ་མོར་ཉལ་བའི་ཚེ་སྣོད་བཅུད་དང་བཅས་པའི་ལྷ་རྣམས་བསྡུས་ལ། འོད་གསལ་གྱི་ངང་ལ་ཉལ། གཉིད་ལོག་ཁའི་སེམས་ཀྱི་འཕེན་པའི་དབང་གིས་ནམ་མཁའ་ལ་ཌཱ་མ་རུའི་སྒྲ་ཡི་གེ་བདུན་པའི་སྔགས་སུ་གྲགས་པས་འོད་གསལ་ལས་བསླངས་ནས། ལྷའི་སྐུ་ཟུང་འཇུག་ཏུ་བཞེངས་པའི་ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་སྣོད་བཅུད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་གསལ་བར་དམིགས་ལ་ལྡང་ངོ༌། །དེ་ནས་དབང་གི་སྐབས་ལྟར་ཁྲུས་བྱས་ནས་སྟན་བདེ་བ་ལ་ཁ་ལྷོར་བལྟས་ཏེ་སྐྱིལ་མོ་ཀྲུང་གིས་འདུག་ལ། བདུད་རྩི་རིལ་བུ་མྱངས་ནས། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་སྔོན་དུ་སོང་བས་རང་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་དམིགས་ནས། ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་བརྗོད་པས་ལུས་དག་པར་བྱ། ཨཱ་ལི་ཀཱ་ལི་ལན་ཅིག་བརྗོད་པས་ངག་དག་པར་བྱ། སྙིང་གི་ནང་དུ་དག་པ་འཇིག་རྟེན་པའི་ངོ་བོ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡེ་ཤེས་ལྔའི་ངོ་བོ་ཧཱུྃ་བསྒོམས་པས་སེམས་དག་པར་བྱའོ། །དེ་ལས་འོད་ཟེར་སྣ་ཚོགས་པ་སྤྲོས་པས་རང་གི་སྡིག་པ་སྦྱངས་ནས་ཕྱིར་སྤྲོས་པས་རང་བཞིན་གྱི་གནས་ནས་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་ལ་བླ་མ་རིགས་བདག་གི་རྣམ་པར་བཞུགས་པ་སྤྱན་དྲངས་པ་ལ། ན་མོ་གུ་རུ་བྷྱཿདང༌། ན་མཿཤྲཱི་ཙཀྲ་སམྦ་ར་མཎྜལ་བྷྱཿས་ཕྱག་འཚལ་ནས། རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་རིམ་པ་བཞིན་མཆོད་པར་བསམ་ཞིང༌། ཨོཾ་ཨཱཿབཛྲ་ཨཱ་དརྴེ་ཧཱུྃ་གིས་གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་འཛིན་པ་དང༌། ཨོཾ་ཨཱཿབཛྲ་ཝི་ནཱི་ཧཱུྃ་གིས་སྒྲ་རྡོ་རྗེ་མ་སྔོན་མོ་པི་ཝཾ་འཛིན་པ་དང༌། ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ་གིས་དྲི་རྡོ་རྗེ་མ་སེར་མོ་དྲིའི་དུང་ཆོས་འཛིན་པ་དང༌། ཨོཾ་ཨཱཿབཛྲ་ར་སཱ་ཧཱུྃ་གིས་རོ་རྡོ་རྗེ་མ་དམར་མོ་ཞལ་ཟས་འཛིན་པ་དང༌། ཨོཾ་ཨཱཿབཛྲ་སྤརྵེ་ཧཱུྃ་གིས་རེག་རྡོ་རྗེ་མ་ལྗང་གུ་ན་བཟའ་འཛིན་པ་དང༌། ཨོཾ་ཨཱཿབཛྲ་དྷརྨྨ་དྷཱ་ཏུ་ཧཱུྃ་གིས་ཆོས་ཀྱི་རྡོ་རྗེ་མ་ཆོས་འབྱུང་འཛིན་པས་མཆོད་པ་རྣམས་ནི་ཕྱིའི་མཆོད་པའོ། །ཨོཾ་ཨཱཿབཛྲ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཞེས་བརྗོད་པས་མཁའ་འགྲོ་མ། ལཱ་མཱ། ཁཎྜ་རོ་ཧཱ། གཟུགས་ཅན་མ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་ཐོད་པ་འཛིན་པས་མཆོད་པ་ནི་ནང་གིའོ། །ཨོཾ་ཨཱཿབཛྲ་མ་ཧཱ་སུ་ཁ་ཧཱུྃ་ཞེས་བརྗོད་པས་རྡོ་རྗེ་ཕག་མོས་འཁྱུད་པའི་བདེ་བ་ཆེན་པོས་མཆོད་པ་ནི་དེ་ཁོ་ན་ཉིད་ཀྱིའོ། །དེ་ནས་བདག་གིས་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་བླ་མ་དང་དཀྱིལ་འཁོར་གྱི་སྤྱན་སྔར་སོ་སོར་བཤགས་ཤིང༌། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །འཁོར་བ་དང་མྱ་ངན་ལས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་གྱུར་ཅིག བདག་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དཔལ་འཁོར་ལོ་སྡོམ་པའི་ལམ་ལ་ཡང་དག་པར་གནས་པར་བགྱིའོ། །ཞེས་རེ་རེ་ལའང་ལན་གསུམ་གསུམ་བརྗོད་ནས། ཨོཾ་བཛྲ་མུཿས་ཚོགས་ཀྱི་ཞིང་གཤེགས་སུ་གསོལ་ལོ། །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག ཁ་ན་མ་ཐོ་བ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཆགས་པ་དང་སྡང་བ་མེད་པའི་བཏང་སྙོམས་དང་ལྡན་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་སྣང་བ་མི་དམིགས་པའི་སྟོང་པར་བསྒོམ་པ་ནི་ཡེ་ཤེས་ཀྱིས་ཚོགས་བསགས་པའོ། །དེ་ནས་སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་སྔོ། བྱང་ལྗང༌། ནུབ་དམར། ལྷོ་སེར། ལྟེ་བ་མཐིང་ནག་གི་སྟེང་དུ། རང་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ཕྱག་གཉིས་པར་བསྒོམས་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་སྙིང་གའི་ཧཱུྃ་ལས་ཤར་དུ་ཁྭ་གདོང་མ་སྔོན་མོ་དང༌། སྟེང་དུ་གནོད་མཛེས་རྡོ་རྗེ་དྲིལ་བུ་འཛིན་པ་དང༌། ཨོཾ་གྲིཧྣ་གྲིཧྣ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་བྱང་དུ་འུག་གདོང་མ་ལྗང་གུ་དང༌། ཨོཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་ནུབ་ཏུ་ཁྱི་གདོང་མ་དམར་མོ་དང༌། འོག་ཏུ་སྔར་སྨོས་པ་ལྟ་བུའི་གནོད་མཛེས་དང༌། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱཾ་བིདྱཱ་རཱ་ཛཱ་ཧཱུྃ་ཧཱུྃ་ཕཊ། ལྷོར་ཕག་གདོང་མ་སེར་མོ་དང༌། ཡང་སྔགས་དེ་ཉིད་ལན་ཅིག་བརྗོད་པའི་རྐང་པ་རེ་རེའི་ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་གཡོན་ཕུར་བུ་གཡས་རྡོ་རྗེ་ཐོ་བ་འཛིན་པ། ཉིང་སྤྲུལ་དཔག་ཏུ་མེད་པ་དང་བཅས་པ་སྤྲོས་པས་ཕྱོགས་དེ་དག་གི་བགེགས་བསྐྲད་པར་བསམ་མོ། །དེ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་རིམ་པ་བཞིན་འཕྲོས་པས་རྡོ་རྗེའི་ས་གཞི་འོབས་དང་བཅས་པའི་རྡོ་རྗེའི་རྭ་བ། རྡོ་རྗེའི་གུར། བླ་རེ། མདའི་དྲྭ་བ་རྣམས་སུ་གྱུར་པར་བསམ་ཞིང༌། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ལྃ་ཧཱུྃ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་བྃ་ཧཱུྃ། ཨོཾ་བཛྲ་པཉྫ་ར་ཧཱུྃ་ཡྃ་ཧཱུྃ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁྃ་ཧཱུྃ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲྃ། ཞེས་བརྗོད་ཅིང༌། རེ་རེ་ལའང་ལག་པ་གཡོན་པའི་སྡིགས་མཛུབ་སོ་སོར་བསྐོར་ཞིང་སེ་གོལ་བརྡབ་བོ། །དེ་ནས་སྔར་སྨོས་པའི་ཕོ་ཉ་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་ཕྱོགས་བཅུའི་བགེགས་རྣམས་རྭ་བའི་ཕྱི་རོལ་དུ་བཀུག་ནས། དཀར་པོའི་ཕྱོགས་རྣམས་ལམ་ལ་བཀོད་ཅིང༌། ནག་པོའི་ཕྱོགས་རྣམས་ཀྱི་སྤྱི་བོར་ཕུར་བུ་བཏབ་པར་བསམ་ཞིང༌། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱ་ན་ཧཱུྃ་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ནས་གཡས་པའི་རྡོ་རྗེ་ཐོ་བས་བརྡུངས་པས་རྐང་མཐིལ་གྱི་བར་དུ་ཕུག་ནས་སྡིག་པ་ཐམས་ཅད་སྦྱང་བར་བསམ་ཞིང༌། ཨོཾ་བཛྲ་མུངྐ་ར་བཛྲ་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ནས་དེ་དག་གི་རྣམ་པར་ཤེས་པ་མི་བསྐྱོད་པའི་ཞིང་དུ་སངས་རྒྱས་ནས། ལུས་རྣམས་ཕྱོགས་མཚམས་ཀྱི་འོབས་ཀྱི་ནང་དུ་དོར་བར་བསམ་མོ། །དེ་ནས་ཕོ་ཉ་དེ་དག་རྡོ་རྗེ་རྭ་བའི་ཁ་ཁྱེར་ལ་འཁོད་ནས་སྲུང་བའི་ལས་མཛད་པའི་ཐུགས་ཀ་ནས་འོད་འཕྲོས་པས་རྡོ་རྗེའི་རྭ་བ་གཉིས་པས་བསྐོར་བར་བསམ་ཞིང༌། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་ཞེས་བརྗོད་དོ། །དེ་ལས་འོད་འཕྲོས་པས་པདྨའི་རྭ་བས་བསྐོར་བར་བསམ་ཞིང༌། ཨོཾ་པདྨ་པྲཱ་ཀཱ་ར་ཧཱུྃ་ཞེས་བརྗོད་དོ། །དེ་ལས་འོད་འཕྲོས་པས་འཁོར་ལོའི་རྭ་བས་བསྐོར་བར་བསམ་ཞིང༌། ཨོཾ་ཙཀྲ་པྲཱ་ཀཱ་ར་ཧཱུྃ་ཞེས་བརྗོད་དོ། །དེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། ཕྱི་དཀར་བ། ནང་དམར་བ། གདེངས་ཁ་གྱེན་དུ་ཕྱོགས་པའི་ནང་དུ། ཡྃ་ལས་རླུང༌། རྃ་ལས་མེ། བྃ་ལས་ཆུ། ལྃ་ལས་ས། སུྃ་ལས་རིའི་རྒྱལ་པོ་རི་རབ་ལྕོག་བརྒྱད་དང་ལྡན་པ་རྣམས་བརྩེགས་པའི་སྟེང་དུ། ཧཱུྃ་ལས་རྡོ་རྗེའི་རྭ་བ་མེ་རི་དང་བཅས་པའི་སྲུང་འཁོར་གྱི་ནང་དུ། པྃ་ལས་སྣ་ཚོགས་པདྨའི་སྙིང་པོར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར། བྷྲཱུྃ་ལས་འཁོར་ལོ་དཀར་པོ་བྷྲཱུྃ་གྱིས་མཚན་པ་ལས་འོད་འཕྲོས་པས། ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་གཞལ་ཡས་ཁང་པར་གྱུར་པ། སླར་འདུས་ནས་འཁོར་ལོ་ལ་ཐིམ་སྟེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྩིག་པ་ལྔ་དང་ལྡན་ཞིང༌། རིན་པོ་ཆེའི་ཕ་གུའི་ཁ་ཁྱེར་ལ། དྲྭ་བ་དང༌། དྲྭ་བ་ཕྱེད་པ་འཕྱང་བའི་སྟེང་མདའ་ཡབ་ཀྱིས་བསྐོར་ཞིང་འདོད་ཡོན་གྱི་སྣམ་བུ་ལ་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་གནས་པ། ནང་ཀ་བ་བརྒྱད་ཀྱིས་གདུང་བཞི་བཏེག་ཅིང༌། དབུས་ཕྱུར་བུར་ཕུབས་པའི་རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། སྒོའི་ཐད་སོ་བཞིར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་ལ། པདྨ་དང༌། ཆོས་ཀྱི་འཁོར་ལོ་དང༌། གདུགས་དང༌། རི་དྭགས་གནས་པ། བ་དན་བཅུ་གཉིས་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་ཞིང༌། སྒྲིབ་པ་མེད་པའི་ཕྱིའི་འཁོར་ཡུག་ཏུ། ཤར་དུ་དྲག་ཏུ་གཏུམ་པ། བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་འུར་འུར་འབར་བ། ལྷོར་འཇིགས་སུ་རུང་བ། མེར་ནགས་ཚལ་ཕུན་སུམ་ཚོགས་པ། སྲིན་པོར་མུན་པ་མི་བཟད་པ། རླུང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོགས་པ། དབང་ལྡན་དུ་ཧ་ཧ་དགོད་པའི་དུར་ཁྲོད་རྣམས་སུ་ཕྱོགས་སྐྱོང་བ་བརྒྱད་དང༌། ཤིང་དང༌། ཞིང་སྐྱོང་བ་དང༌། ཀླུ་དང༌། སྤྲིན་དང༌། མེ་དང༌། ཆུ་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། འདྲེ་དང༌། སྲིན་པོ་དང༌། རོ་དང༌། རོ་ལངས་དང༌། འབྱུང་པོའི་ཚོགས་ཀྱིས་གང་བས་བསྐོར་བར་བསམ་མོ། །གཞལ་ཡས་ཁང་པའི་ནང་གི་ལྷ་སྣམ་ཕྱོགས་མདོག་ཏུ་གནས་པ་ལ་བདུད་རྩིས་གང་ཞིང་དཔག་བསམ་གྱི་ཤིང་གིས་བརྒྱན་པའི་རིན་པོ་ཆེའི་བུམ་པ་རྣམས་དང༌། གྲྭ་རྣམས་དང༌། ཕྱིའི་སྒོ་ཁྱུད་རྣམས་སུ་ཟླ་བ་ཕྱེད་པ་དང་བཅས་པའི་རྡོ་རྗེ་ཕྱེད་པས་མཚན་པ། དབུས་པདྨ་འདབ་མ་བརྒྱད་པ་གྲི་གུག་གི་ཕྲེང་བས་བསྐོར་བའི་སྙིང་པོར། ཉི་མའི་སྟེང་ན་འཇིགས་བྱེད་དང༌། དུས་མཚན་དང༌། ཕྱོགས་བཞིར་ཉི་མ་དང༌། རོའི་གདན་དང༌། མཚམས་བཞིར་ཟླ་བ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི་དང༌། སྟེང་དུ་གདུང་དང༌། ཀ་བ་ལ་ཐུག་པར་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་པར་བསམ་མོ། །དེ་ནས་གདན་དབུས་མའི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཕྲག་གཉིས་མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོར་བསམ་པ་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བསམས་པའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོར་བསམ་པ་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བལྟའོ། །དེ་གཉིས་ཀྱི་བར་དུ་ཧཱུྃ་དང་བྃ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་བྃ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས་སུ་དམིགས་ཤིང་གཅིག་ཏུ་འདྲེས་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་མོས་པ་ལས་བྱུང་བའི་བདག་ཉིད་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྔོ། གཡོན་ལྗང༌། རྒྱབ་དམར། གཡས་སེར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་གཙིགས་པ། ཞལ་རྣམ་པར་འགྱུར་བ་ཅན། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པས་ཌཱ་མ་རུ། གསུམ་པས་མདུང་རྩེ་གསུམ་པ། བཞི་པས་དགྲ་སྟྭ། ལྔ་པས་གྲི་གུག གཡོན་གྱི་གཉིས་པས་ཁ་ཊྭཱཾ་ག གསུམ་པས་ཁྲག་གིས་གང་བའི་ཐོད་པ། བཞི་པས་རྡོ་རྗེ་ཞགས་པ། ལྔ་པས་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་ཞིང༌། ཐ་མ་གཉིས་ཀྱིས་གླང་པོ་ཆེའི་ཀོ་རློན་བརྒྱངས་ནས་གོས་སུ་གྱོན་པ། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་ཞིང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། རལ་པའི་ཐོར་ཚུགས་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། གཡོན་ན་ཚེས་གཅིག་གི་ཟླ་བ་དང༌། མཚོག་མར་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཕྱོགས་བཅུར་བསྡིགས་ཤིང༌། གཡོན་པས་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་ཞིང༌། གཅེར་བུ་སྐྲ་གྲོལ་བ། ཞབས་གཡོན་བརྐྱང་ཞིང་གཡས་པས་ཡབ་ལ་འཁྲིལ་བའོ། །གཉིས་ཀའང་གར་དགུའི་ཉམས་དང་ལྡན་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བལྟའོ། །དེ་ནས་གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་སྭཱ་སེར་པོ། བརླ་གཉིས་སུ་ཧཱ་ལྗང་གུ་བཀོད་ནས། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ་དང༌། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་མོ་ལྔ་པ་ཧཱུྃ་གིས་མཚན་པར་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཨོཾ་ཨཱཿཧཱུྃ་ཧོ་དམར་པོ་གཉིས་ཀྱི་མཐའ་བརྟེན་པར་གྱུར་པ་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ། གསང་བའི་གནས་ནས་ཐིག་ལེའི་རྣམ་པས་ཡུམ་གྱི་མཁར་བབས་པ། ལྃ་མྃ་པྃ་ཏཱྃ་དུ་གྱུར་པ་ལས་བྱུང་བའི་རྣལ་འབྱོར་མ་བཞི་སྦྱོར་མཚམས་ནས་སྤྲོས་ཏེ་ཕྱོགས་བཞིར་དགོད་དོ། །དེའང་ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མཱ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧཱ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། གཡས་པ་གཉིས་ཀྱིས་གྲི་གུག་དང་ཌཱ་མ་རུ། གཡོན་པ་གཉིས་ཀྱིས་ཁྲག་གིས་གང་བའི་ཐོད་པ་དང༌། ཁ་ཊྭཱྃ་ག་འཛིན་པ། གཡས་བརྐྱང་བས་བཞུགས་པ། རྒྱན་དང་ཆ་ལུགས་རྡོ་རྗེ་ཕག་མོ་དང་མཚུངས་པའོ། །དེ་ནས་ལྷ་རྣམས་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་སོ་སོའི་ས་བོན་ནས་འབྲུ་ཙམ་བསམ་མོ། །དེ་རྣམས་ལས་འོད་འཕྲོས་པས་བཅུད་ཀྱི་སེམས་ཅན་ཐམས་ཅད་སྦྱངས་པས་བདེ་མཆོག་ལྷ་ལྔའི་རྣམ་པར་གྱུར་ནས་སྣོད་དག་པ་གཞལ་ཡས་ཁང་པ་རྣམས་ཀྱི་ནང་དུ་འཁོད་དེ་འོད་ཟེར་རྣམས་སླར་འདུས་པས་སོ་སོའི་ས་བོན་ལ་ཐིམ་པར་བསམ་མོ། དེ་ནས་མཁའ་འགྲོ་མ་ནི་ལུས་དྲན་པ་ཉེ་བར་གཞག་པ་དང་མེ་ལོང་ལྟ་བུའི་ཡེ་ཤེས། ལཱ་མཱ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས། ཁཎྜ་རོ་ཧཱ་ནི་ཆོས་དྲན་པ་ཉེ་བར་གཞག་པ་དང་སོ་སོར་རྟོག་པའི་ཡེ་ཤེས། གཟུགས་ཅན་མ་ནི་སེམས་དྲན་པ་ཉེ་བར་གཞག་པ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས། བཅོམ་ལྡན་འདས་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་མ་རྣམས་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཞེས་དག་པ་དྲན་པར་བྱའོ། །དེ་ནས་ལྷ་རྣམས་ཀྱི་སྙིང་ག་ལ་སོགས་པའི་གནས་རྣམས་སུ་ཟླ་བའི་གདན་བསམས་པའི་སྟེང་དུ། སྙིང་གར་ཨོཾ་ཧ་རྡོ་རྗེ་སེམས་དཔའ་དཀར་པོ། མགོ་བོར་ན་མ་ཧི་རྣམ་པར་སྣང་མཛད་སེར་པོ། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་དམར་པོ། ཕྲག་པ་གཉིས་སུ་བཽ་ཥཊ་ཧེ་དཔལ་ཧེ་རུ་ཀ་ནག་པོ། མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་རྡོ་རྗེ་ཉི་མ་དམར་སེར། ཡན་ལག་ཐམས་ཅད་ལ་ཕཊ་ཧྃ་རྟ་མཆོག་ལྗང་གུ་སྟེ་དཔའ་བོའི་གོ་ཆ་དང༌། ལྟེ་བར་ཨོཾ་བྃ་རྡོ་རྗེ་ཕག་མོ་དམར་མོ། སྙིང་གར་ཧྃ་ཡོཾ་གཤིན་རྗེ་མ་སྔོན་མོ། ཁར་ཧྲིྃ་མྃ་རྨོངས་བྱེད་མ་དཀར་མོ། མགོ་ལ་ཧྲེཾ་ཧྲིཾ་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་གུ། ཡན་ལག་རྣམས་ལ་ཕཊ་ཕཊ་ཙཎྜི་ཀ་དུད་ཁ་སྟེ་དཔའ་མོའི་གོ་ཆ་བཀོད་ལ། ཡབ་ཀྱི་གནས་སུ་ཡུམ་དང༌། ཡུམ་གྱི་གནས་སུ་ཡབ་གཉིས་སུ་མེད་པའི་ཡི་གེའི་རྣམ་པ་ཉིད་ལྷའི་ངོ་བོར་བསྒོམ་མོ། །དེ་ནས་འབར་བའི་ཕྱག་རྒྱ་དཔྲལ་བའི་དཔྱིས་སུ་བསྐོར་ཞིང༌། ཕཻཾ་ཞེས་བརྗོད་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རང་གིས་བསྒོམས་པ་ལྟ་བུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ལ་སྔ་མ་ལྟར་མཆོད་ནས། ཛཿཧཱུྃ་བྃ་ཧོཿ ཡོ་ག་ཤུདྡྷཿསརྦ་དྷརྨྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་རང་ལ་གཉིས་སུ་མེད་པར་བསྟིམ་མོ། །ཡང་སྔ་མའི་ཚུལ་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་པ་ལ་མཆོད་ནས། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་རིགས་ལྔས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར། རིག་མས་རྡོ་རྗེའི་གླུ་བླངས། བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། དབང་གི་ཆུ་རྒྱུན་དེས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། རྡོ་རྗེ་ཕག་མོ་ལ་མི་བསྐྱོད་པ། མཁའ་འགྲོ་མ་ལ་རྣམ་པར་སྣང་མཛད། ལཱ་མཱ་ལ་དོན་ཡོད་གྲུབ་པ། ཁཎྜ་རོ་ཧཱ་ལ་འོད་དཔག་མེད། གཟུགས་ཅན་མ་ལ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ནས། དབང་གི་ལྷ་རྣམས་རང་གི་གནས་སུ་གཤེགས་པར་བསམ་མོ། །སླར་ཡང་ཡུམ་གྱི་མཁའ་གསང་སྔ་མ་ལྟར་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པས་ཟག་པ་མེད་པའི་བདེ་བས་ཚིམ་ཞིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་བསྒོམས་ནས། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བརྗོད་དོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཡབ་ཀྱི་ཞལ་དུ་ཞུགས། སྙིང་གར་འོད་དུ་ཞུ། གསང་གནས་ནས་ཡུམ་གྱི་མཁར་བབས་པ་བྱང་ཆུབ་ཀྱི་སེམས་སུ་གྱུར་པ་ཡུམ་གྱི་བ་སྤུའི་བུ་ག་རྣམས་ནས་འཕྲོས་པས་སྔར་སྨོས་པའི་ལྷ་མོ་རྣམས་སུ་གྱུར་ནས། དེ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། གོང་དུ་བརྗོད་པའི་སྔགས་རྣམས་བརྗོད་དོ། །དེ་ནས་དམིགས་པའི་རྟེན་རྫས་ཡོད་དམ་མེད་ཀྱང་རུང་སྟེ་བསང་ཞིང་སྦྱངས་ནས། ཡྃ་ལས་རླུང༌། རྃ་ལས་མེའི་སྟེང་དུ། ཨཱཿལས་ཐོད་པ་དཀར་པོའི་ནང་དུ་དབུས་སུ་ཧཱུྃ་ལས་དྲི་ཆུ། ཤར་དུ་ཨོཾ་ལས་དྲི་ཆེན། བྱང་དུ་ཧ་ལས་ཤ་ཆེན་གྱི་དྭངས་མ། ནུབ་ཏུ་ཨ་ལས་ཐིག་ལེ། ལྷོར་སྭ་ལས་རཀྟ། ཤར་ལྷོར་ལྃ་ལས་བ་ལང་གི་ཤ། ལྷོ་ནུབ་ཏུ་མྃ་ལས་ཁྱིའི་ཤ། ནུབ་བྱང་དུ་པྃ་ལས་རྟའི་ཤ། བྱང་ཤར་དུ་ཏཱྃ་ལས་གླང་པོ་ཆེའི་ཤ། དབུས་སུ་ན་ལས་མིའི་ཤ། དེ་རྣམས་ཀྱི་སྟེང་དུ་ཨོཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟ་བ། དེའི་སྟེང་དུ་ཁ་ཊྭཱཾ་ག་རྩེ་མོ་ཐུར་དུ་བསྟན་པར་བསམས་ནས། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས། རླུང་གཡོས། མེ་སྦར་ནས། བདུད་རྩི་ལྔ་དང་ཤ་ལྔ་འོད་དུ་ཞུ་ཞིང༌། རླངས་པ་ཨོཾ་དང༌། ཁ་ཊྭཱཾ་ག་ལ་ཕོག་པས། དེ་དག་ལས་བདུད་རྩིའི་རྒྱུན་བབས། ཁ་ཊྭཱཾ་ག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་དང༌། བརྟན་གཡོའི་བཅུད་ཐམས་ཅད་ཐོད་པ་བདུད་རྩིས་གང་བའི་རྣམ་པས་བཀུག་པ་ཁ་ཊྭཱཾ་ག་དང་བཅས་པ་རྣམས་ཐོད་པའི་ནང་དུ་ལྷུང་ནས། ཤ་ལྔ་བདུད་རྩི་ལྔ་དང་འདྲེས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ལ། སྔར་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བཟུང་ནས་མཆོད་པས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་རྣམ་པས་གསོལ་བས་མཉེས་ཤིང་ཚིམ་པར་བསམ་མོ། །དེ་ནས་ལྷ་མོ་དེ་དག་གིས་བསྟོད་པར་བསམ་ཞིང༌། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྤཱགྣི་སཾ་ནི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷཱུམ་བྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡབ་ཀྱི་རྐང་པ་བརྒྱད་དང༌། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་ར་ཧཱི་བཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཨཱརྻཱ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀ་རཱ་ལེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཏྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཛ་ཡེ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿབཛྲ་བཱ་ར་ཧཱི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡུམ་གྱི་རྐང་པ་བརྒྱད་པ་བརྗོད་དོ། །ལྷ་མོ་དེ་དག་རང་གི་ཐུགས་ཀར་བསྡུས་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་ཡིད་གཏད་དེ་སེམས་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པའོ།།  །།རྫོགས་པའི་རིམ་པ་ནི། ལུས་སྐྱིལ་ཀྲུང༌། ལག་པ་མཉམ་གཞག་བཅས་ལ། རླུང་ནང་དུ་འདྲེན་པ་དང་བསྟུན་ནས། ཕྱིའི་དཀྱིལ་འཁོར་མ་ལུས་པ་སྣ་བུག་གཉིས་ནས་སྙིང་གའི་ཧཱུྃ་ལ་བསྟིམ། ཡུམ་ཡང་ལྟེ་བའི་ཨྃ་ལ་ཐིམ། ཡབ་ཉིད་ཀྱང་ཞལ་གཅིག་ཕྱག་གཉིས་པར་བསྡུས་པའི་ལུས་ཀྱི་དབུས་ཀྱི་ཆ་ལ་ཨ་ཝ་དྷཱུ་ཏཱི་ཕྲ་ཞིང་དྲངས། རླུང་སེམས་འདྲེས་པས་གང་བ། གཡས་རོ་མ་མེའི་རང་བཞིན་ཀཱ་ལིའི་རྣམ་པ་རཀྟས་གང་བ། གཡོན་རྐྱང་མ་ཆུའི་རང་བཞིན་ཨཱ་ལིའི་རྣམ་པ་ཐིག་ལེས་གང་བ། དབུ་མ་ལ་བརྟེན་པའི་ལྟེ་བ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པའི་སྙིང་པོར་ཕག་མོའི་ངོ་བོར་ཨྃ་དམར་པོ་མེའི་རང་བཞིན་མགོ་གྱེན་དུ་བལྟ་བ། ནང་སྐོར་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ། ཕྱི་སྐོར་ལ། ཨཱ་ལི་ཀཱ་ལི་དང༌། དབྱངས་ཀྱི་ཡི་གེ་རིང་པོ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པའི་ལྟེ་བར་ཧེ་རུ་ཀའི་ངོ་བོ་ཧཱུྃ་དཀར་པོ་ཐིག་ལེའི་རྣམ་པ་མགོ་ཐུར་དུ་བལྟ་བ། ཕྱོགས་བཞིར། ཨོཾ་ཨཱཿཧྲཱིཿཏྲཱྃ། གཡོན་སྐོར་དང་མཚམས་བཞིར། ལྃ་མྃ་པྃ་ཏཱྃ། གཡས་སྐོར་དུ་གནས་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པའི་ལྟེ་བར་ཕག་མོའི་རང་བཞིན་ཨོཾ་དམར་པོ་མགོ་གྱེན་དུ་བལྟ་བ། ནང་གི་འདབ་མ་ལ་ཡ་ར་ལ་ཝ། ཕྱི་སྐོར་ལ་རྀ་རཱྀ་ལྀ་ལཱྀ་སྤངས་པའི་ཨཱ་ལི་བཅུ་གཉིས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཧེ་རུ་ཀའི་རང་བཞིན་ཧྃ་དཀར་པོ་མགོ་ཐུར་དུ་བལྟ་བ། འདབ་མ་ལ་ཨཱ་ལི་ཕྲག་གཉིས་གནས་པ་རྣམས་བསམས་ནས། ལྟེ་བའི་ཨྃ་གིས་མེ་འབར་བ། དབུ་མའི་ནང་ནས་སོང་བས། ཧཱུྃ་ལ་བསྣུན་པས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་ནས། ཨྃ་གི་མེ་ཆེར་གཡོས་པ་འོག་གི་དཔྱིད་དང་ཐིག་ལེ་ཁ་སྦྱོར་དང༌། མེའི་ནུས་པ་སྙིང་ག་ནས་ཀྱང་གྱེན་དུ་སོང་བས་མགྲིན་པའི་ཨྃ་བསྐུལ་བའི་མེས་སྤྱི་བོའི་ཧྃ་ལ་བསྣུན། དེ་ལས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་པས་མགྲིན་པའི་མེ་ཆེར་གསོས་པ་སྟེང་གི་དཔྱིད་དང་ཐིག་ལེ་ཁ་སྦྱོར་དུ་བསྒོམ་མོ། །དེ་ལྟར་འབར་བས་རོ་མའི་ནུས་པ་འཕེལ་བས་དྲོད་ཀྱིས་གང༌། འཛག་པས་རྐྱང་མའི་ནུས་པ་འཕེལ་བས་ལུས་བདེ་བས་གང༌། འབར་འཛག་དབུ་མར་འདྲེས་པས་སེམས་མི་རྟོག་པར་གྱུར་པར་བསམ་ཞིང༌། དེ་ལ་གོམས་པས་དུ་བ་ལ་སོགས་པའི་རྟགས་འབྱུང་ལ། དེ་ལས་སྐྱེས་པའི་ཡེ་ཤེས་དང་བསྐྱེད་པའི་རིམ་པའི་རྣལ་འབྱོར་བསྲེས་ནས་བསྒོམས་པས། མཐོང་བའི་ལམ་གྱི་ཡེ་ཤེས་ཀྱང་མྱུར་དུ་སྐྱེ་བར་འགྱུར་རོ། །རྫོགས་པའི་རིམ་པ་སྟེ་མཉམ་པར་གཞག་པའི་རྣལ་འབྱོར་རོ།།  །།དེ་ནས་སྔགས་བཟླ་བའི་ཚེ་སྔར་བསྡུས་པའི་ལྷ་རྣམས་ལུས་ལས་ཕྱུང་ཞིང་སྤྲོས་ཏེ། དཀྱིལ་འཁོར་རྫོགས་པར་དམིགས་ལ་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་འཕྲོས་པ་ཞལ་གཉིས་དང་གསང་བའི་གནས་གཉིས་ནས་འཁོར་བའི་འོད་དང༌། འཁོར་བཞིའི་སོ་སོའི་ས་བོན་ལ་སྔགས་གཡོན་སྐོར་དུ་འཁོར་བའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུད་བསྐུལ་བར་བསམ་ཞིང༌། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་ངོ༌། །ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལཱ་མཱ་ཡཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱུ་པི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཇི་སྲིད་མི་སྐྱོའི་བར་དུ་བཟླ་བ་ནི་བཟླས་པའི་རྣལ་འབྱོར་རོ།།  །།དེ་ནས་མངོན་པར་འདུ་བྱས་པའི་གཏོར་མ་བདུད་རྩི་ལྟར་བྱིན་གྱིས་བརླབས་ལ། མདུན་དུ་རང་གིས་བསྒོམས་པ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་སྐད་ཅིག་གིས་དམིགས་ནས་འབར་བའི་ཕྱག་རྒྱ་དང་ཕཻཾ་གྱི་སྔགས་བརྗོད་ཅིང༌། རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། ཆོས་སྐྱོང་སྲུང་མ་དང༌། འཇིག་རྟེན་སྐྱོང་བ་དང༌། མཁའ་འགྲོ་དང༌། འབྱུང་པོའི་ཚོགས་ཐམས་ཅད་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དུར་ཁྲོད་དང་བཅས་པ་ལ་ཐིམ་པར་བསམ་ཞིང༌། ཛཿཧཱུྃ་བྃ་ཧོཿ ཡོ་ག་ཤུདྡྷ་ལ་སོགས་པའི་སྔགས་བརྗོད་ནས། ལྷ་རྣམས་ཀྱི་ཞལ་ནས་བྱུང་བའི་འོད་ཀྱི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་ཨཱ་རལླི་ཧོ། ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་ཨཱཿཧཱུྃ་ཞེས་པ་གསུམ་དང༌། སོ་སོའི་སྔགས་ལན་གསུམ་བརྗོད་པས་འཇིག་རྟེན་ལས་འདས་པ་དང༌། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ཨུན་མཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ་ཨི་མཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦྦ་སིདྡྷི་མྤྲེ་ཡཙྪ་ནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ་བྷུཉྫ་ཐ། ཛི་གྷ་ཐ། པི་ཝ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦྦ་ཀཱརྟྟ་ཡ་སཏྶུ་ཁཾ། བི་ཤུདྡྷཱ་ཡ། ས་ཧཱ་ཡི་ཀ་བྷ་ཝནྟུ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་གསུམ་གྱིས་འཇིག་རྟེན་པ་རྣམས་ལ་ཕུལ་ནས། ཕྱི་དང་ནང་གིས་མཆོད། རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་ནས། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་འདིས་ནི་ལྷ་མོ་འདི་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་པ་དང༌། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗོད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་པ་འབྱུང་པོའི་ཚོགས། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་འཁོར་བཅས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བ་དང༌། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་གསོལ་བ་བཏབ་ནས། རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ལ། བཟོད་པར་གསོལ་ཏེ། མགྲོན་གཤེགས་སུ་གསོལ་ནས་གཏོར་མ་དོར་རོ། །གཏོར་མའི་རྣལ་འབྱོར་རོ། །ཁ་ཟས་བདུད་རྩི་ལྟར་བྱིན་གྱིས་བརླབས་ལ། རང་ཧེ་རུ་ཀ་ཕྱག་གཉིས་པར་དམིགས་པའི་སྙིང་གར་ལྷ་ལྔའི་དཀྱིལ་འཁོར་ལ་བླ་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་དང༌། ལྟེ་བར་འབྱུང་པོའི་ཚོགས་བསམས་ནས། ལག་པ་གཡོན་གྱི་མཐིལ་དུ་པདྨ་འདབ་མ་ལྔ་པའི་ལྟེ་བ་དང༌། མདུན་ཕྱོགས་ནས་གཡོན་སྐོར་གྱིས་འདབ་མ་རྣམས་ལ། ཨོཾ་བྃ། ཧྃ་ཡོཾ། ཧྲིཾ་མྃ། ཧྲེཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ་རྣམས་དཔའ་མོ་དྲུག་དང༌། མཐེ་བོ་ལ་སོགས་པའི་སེན་མོ་ལྔ་དང༌། བསྡུས་པའི་འདོམ་སོ་རྣམས་སུ། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧྃ། དཔའ་བོ་དྲུག་སྟེ། ཐམས་ཅད་ཀྱང་ཟླ་བའི་གདན་ལ་བཞུགས་པར་དམིགས་ལ་སོ་སོའི་སྔགས། ཨོཾ་ཨཱཿཧཱུྃ་དང་བཅས་ཤིང་ཞུ་བ་དང༌། གོང་བུའི་རྫས་ཀྱིས་མཆོད་ལ། ལག་པ་གཉིས་ཕན་ཚུན་མཉེས་པས་ཚིམ་པར་བསམ་ཞིང༌། གཡོན་པའི་སྲིན་ལག་གིས་དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ་རེག་པས་ལྷ་རྣམས་ལུས་ལ་ཐིམ་པར་བསམས་ནས། ལག་པ་གཉིས་དགང་བླུགས། ཁ་ཐབ་ཁུང༌། ཁ་ཟས་རྣམས་བསྲེག་རྫས་སུ་དམིགས་ལ་ནང་གི་སྦྱིན་སྲེག་གི་ཚུལ་དུ་བཟའ་འོ། །ལྷག་མ་ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །ཁ་ཟས་ཀྱི་རྣལ་འབྱོར་རོ།།  །།སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ། ཕྱིའི་དཀྱིལ་འཁོར་རྣམས་རང་གི་ལུས་ལ་བསྡུས་པ་ལ་གོ་ཆ་གཉིས་བཀོད་ནས། སྲུང་འཁོར་གྱི་སྐབས་ལྟར་སུམ་བྷ་ནིའི་སྔགས་ལན་གཉིས་ཀྱིས་ཕྱོགས་མཚམས་བཅིངས་ལ། བདག་དང་སྣང་བ་ཐམས་ཅད་ཧེ་རུ་ཀ བརྗོད་པ་དང་གྲག་པ་ཐམས་ཅད་སྔགས། རྟོག་པའི་འདུ་འཕྲོ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱས་ནས། ཡུལ་གྱི་ལྷས་ནང་གི་ལྷ་ལ་མཆོད་པར་བསམ་ཞིང༌། ཡུལ་རྣམས་ལ་སྡང་ཞེན་མེད་པར་ལོངས་སྤྱད་དོ། །སྤྱོད་ལམ་མོ། །དེ་ལྟར་རིམ་པ་གཉིས་ཡན་ལག་དང་བཅས་པ་གོམས་པ་ལས་བྱུང་བའི་ཏིང་ངེ་འཛིན་ཇི་སྐད་བཤད་པའི་སྤྱོད་པ་རྣམས་ཀྱི་མཐར་ཕྱིན་པར་བྱས་པས་བྱང་ཆུབ་སེམས་དཔའི་ས་རྣམས་བགྲོད་དེ། ཉེ་བའི་རྒྱུས་མཚམས་སྦྱར་ནས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དོ། །འདིའི་བརྒྱུད་པ་ནི་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། ལཱ་ཝ་པ་བར་པ། ཛཱ་ལནྡྷ་ར་བ། ནག་པོ་སྤྱོད་པ་བ། དགེ་བའི་མགོན་པོ། ཏི་ལོ་པ། ནཱ་རོ་པ། ཕམ་འཐིང་བ་སྐུ་མཆེད། བལ་པོ་བྷ་དནྟ། མར་དོ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག གཟེ་བ་བློ་ལྡན་སེང་གེ གཟེ་བ་བདེ་མཆོག་རྡོ་རྗེ། སློབ་དཔོན་ཤཱཀྱ་རྡོ་རྗེ། སློབ་དཔོན་མངོན་པ་བ་དབང་ཕྱུག་བརྩོན་འགྲུས། འཕགས་པ་རྣམས་སོ། །ཧེ་རུ་ཀ་དཔལ་མཉེས་བྱེད་ཆོ་ག་ལྷ་ལྔའི་དཀྱིལ་འཁོར་སྒྲུབ་པའི་ཐབས། དྲི་མེད་ལུང་དང་བསྟན་བཅོས་རྣམས་ལས་གསལ་བར་གྱུར་མོད་དེ་ལྟ་ནའང༌། །འདི་ལ་འདུན་པས་བསྐུལ་བའི་དོན་དུ་ལུང་དང་མན་ངག་ཇི་བཞིན་དུ། །བདག་གིས་སྦྱར་བའི་དགེ་བ་གང་དེས་བདག་གཞན་ཧེ་རུ་ཀར་གྱུར་ཅིག །དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་ཉམས་སུ་བླང་བའི་རིམ་པ་འདི་ནི། དཀྱིལ་འཁོར་འདི་ཉིད་དུ་ཞུགས་ཤིང་འདིར་འདུན་པའི་ཐུགས་རྣམ་པར་དག་པ་དང་ལྡན་པའི་རྒྱལ་བུ་ཇི་བིག་དེ་མུར་གྱིས་བསྐུལ་བའི་ངོར། དགེ་སློང་སྔགས་འཆང་འཕགས་པ་ཞེས་བྱ་བས་ཆུ་མོ་བྱའི་ལོ། དེ་བཞིན་གཤེགས་པས་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཟླ་བ་ལ། ཤིང་ཀུན་མཁར་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*