རིམ་ལྔའི་ཁྲིད་ཡིག

༼ཕ༽

༄༅། །རིམ་ལྔའི་ཁྲིད་ཡིག་བཞུགས།།

༄༅། །དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པའི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་སྐད་ཅིག་ལ། །གཉིས་མེད་ཡེ་ཤེས་ཉེར་འཆར་བ། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །བསྒོམ་པའི་རིམ་པ་འདིར་བཤད་བྱ། །དེ་ལ་ཡང་དག་པའི་བླ་མ་ལས། ཕྱི་དང་ནང་གི་བདག་ཉིད་ཀྱི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། འདི་ཉིད་ཀྱི་བྱིན་གྱི་བརླབས་ཀྱིས་ཡོངས་སུ་སྨིན་པར་བྱས་ཤིང༌། གདམས་པ་དང་རྗེས་སུ་བསྟན་པ་ཉེ་བར་ནོས་པ། བསྐྱེད་པའི་རིམ་པ་ལ་དམིགས་པ་ཅུང་ཟད་བརྟན་པ། རྫོགས་པའི་རིམ་པ་བསྒོམ་པར་འདོད་པའི་གང་ཟག་གིས་ཐོ་རངས་ལ་སོགས་པའི་དུས་སུ་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་ལ། འདི་ཉིད་ཀྱི་བསྐྱེད་པའི་རིམ་པ་བསྒོམ་པ་སྔོན་དུ་སོང་ནས། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཕྱིའི་སྣོད་བཅུད་ཐམས་ཅད་རང་གི་ལུས་ལ་བསྡུ། ཡུམ་ཡང་སྣ་སྒོ་ནས་རང་གི་ཐུགས་གར་བསྡུ། རང་ཉིད་ཕྱག་གཉིས་པར་བསྡུས་པའི་སྤྱི་བོར་བླ་མ་བསྒོམས་ལ། མོས་གུས་དྲག་ཏུ་བསྒོམ་ཞིང༌། བདག་གི་རྒྱུད་ལ་ཡང་དག་པའི་ཏིང་ངེ་འཛིན་བསྐྱེད་དུ་གསོལ་ཞེས་གསོལ་བ་གདབ་བོ། །དེ་ནས་སྙིང་གི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ་རང་གི་ཤེས་པ་ཐིག་ལེ་དཀར་དམར་ཡུངས་ཀར་ཙམ་ཞིག་བསམ་ལ་དེ་ལ་སེམས་བཟུང་རིམ་གྱིས་རླུང་ཁ་སྦྱར་འཇམ་པོ་བྱ། གོམས་ནས་སེམས་ཟིན་པ་དང་ཡིད་གཞན་དུ་མི་འཕྲོ་ཞིང་རྩེ་གཅིག་ཏུ་གནས་པ་དང༌། བདེ་གསལ་གྱི་ཏིང་ངེ་འཛིན་ཡང་སྐྱེའོ། །དེ་ལ་བརྟེན་པ་དང་དབང་པོ་གཞན་ལའང་སྤྲོ་སྟེ། སྔོན་འགྲོ་སྔ་མ་ལྟར་བྱས་ལ་དངོས་གཞིའི་ཚེ་མིག་གི་འབྲས་བུ་གཉིས་ཀྱི་ནང་དུ་ཟླ་བ་ལ་གནས་པའི་ཐིག་ལེ་དཀར་པོ་ཤིན་ཏུ་ཕྲ་བ་རེ་བསྒོམས་ལ་མིག་བཙུམས་ལ་ཡིད་བཟུང༌། ཅུང་ཟད་ཟིན་པ་དང་གཟུགས་སྣ་ཚོགས་ལ་བལྟ་ཞིང༌། ཐིག་ལེ་ལ་ཡིད་གཏད་དེ། གཞན་དུ་སེམས་མི་འཕྲོར་གཞུག དེ་གོམས་པས་ཐིག་ལེའི་རྣམ་པ་གསལ་ཞིང་གཟུགས་གང་མཐོང་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང༌། ཐིག་ལེ་དེ་སྙིང་གར་བསྡུས་ལ་སྙིང་གའི་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ལ་མཉམ་པར་གཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་ལ་རྣ་བར་སྤྲོ་སྟེ་སྔོན་འགྲོ་སྔ་མ་ལྟར་བསྒོམས་ལ། དངོས་གཞི་ལ་རྣ་བ་གཉིས་ཀྱི་ནང་དུ་ཟླ་བ་ལ་གནས་པའི་ཐིག་ལེ་སྔོན་པོ་གཉིས་བསྒོམས་ལ། སྒྲ་མེད་པའི་ས་ཕྱོགས་སུ་ཡིད་བཟུང༌། ཅུང་ཟད་ཟིན་པ་དང་སྒྲ་སྣ་ཚོགས་མཉན་ཞིང་ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་མི་འཕྲོར་གཞུག དེ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་སྒྲ་གང་ཐོས་པའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང༌། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་ལ་སྙིང་གའི་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ལ་མཉམ་པར་གཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་ལ་སྣར་སྤྲོ་སྟེ་སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་སྣ་བུག་སོ་སོའམ། སྣའི་བུ་གའི་འདོམ་སོར་ཟླ་བའི་སྟེང་དུ་ཐིག་ལེ་སེར་པོ་བསྒོམས་ལ་དྲི་མི་བྲོ་བའི་སར་ཡིད་བཟུང་ཅུང་ཟད་ཟིན་པ་དང་དྲི་སྣ་ཚོགས་བསྣམས་ཤིང་ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་མི་འཕྲོར་གཞུག དེ་གོམས་པ་ལས་ཐིག་ལེའི་དམིགས་པ་གསལ་ཞིང་དྲི་གང་ཚོར་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང༌། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་ལ་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ལ་མཉམ་པར་གཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་ལ་ལྕེར་སྤྲོ་སྟེ་སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་ལྕེའི་རྩ་བར་ཟླ་བའི་སྟེང་དུ་ཐིག་ལེ་དམར་པོ་བསྒོམས་ལ་རོ་མི་མྱང་བའི་སར་ཡིད་བཟུང༌། ཅུང་ཟད་ཟིན་པ་དང་རོ་སྣ་ཚོགས་མྱང་ཞིང་ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་མི་འཕྲོར་གཞུག དེ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རོ་གང་མྱང་བའི་སྟེང་དུ་ཏིང་ངེ་འཛིན་མཆོག་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང༌། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་ལ་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ལ་མཉམ་པར་གཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་ལ་ལུས་ལ་སྤྲོས་ཏེ་སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་གསང་གནས་ཀྱི་རྩ་བའི་ནང་ངམ། དཔྲལ་བར་ཟླ་བའི་སྟེང་དུ་ཐིག་ལེ་ལྗང་གུ་བསྒོམས་ལ། རེག་བྱ་གང་ལའང་མི་རེག་པར་ཡིད་བཟུང༌། ཅུང་ཟད་ཟིན་པ་དང༌། རེག་བྱ་སྣ་ཚོགས་ལ་རེག་ཅིང་མྱངས་ལ་ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་མི་འཕྲོར་གཞུག དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རེག་བྱ་གང་ལ་རེག་པའི་སྟེང་དུ་ཏིང་ངེ་འཛིན་མཆོག་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང༌། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་ལ་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ལ་མཉམ་པར་གཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་ལ་ཀུན་ཏུ་གཡོ་བའི་ཡིད་ལ་དམིགས་ཤིང་བསྒོམས་ཏེ། སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་སྙིང་གའི་ཐིག་ལེ་དཀར་དམར་གྱི་སྟེང་དུ་དེ་བས་ཕྲ་བའི་ཐིག་ལེ་དམར་སྐྱ་གཅིག་བསྒོམས་ལ་ཤིན་ཏུ་དབེན་པའི་གནས་སུ་ཡིད་བཟུང་ངོ༌། །ཅུང་ཟད་ཟིན་པ་དང༌། འདུ་འཛི་དང་བཅས་པའི་གནས་སུ་བསྒོམ་ཞིང་གང་ལ་ཡིད་འཕྲོ་བའི་ཡུལ་དང༌། རྣམ་རྟོག་དེ་ཉིད་ཐིག་ལེ་དམར་སྐྱ་དེ་ལ་བསྟིམ་ཞིང་ཡིད་བཟུང་ངོ༌། །དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རྟོག་པ་མི་སྐྱེ་བའམ། ཅུང་ཟད་སྐྱེས་ཀྱང་རང་ཡལ་དུ་འགྱུར་རོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང༌། ཐིག་ལེ་དེ་འོག་གི་ཐིག་ལེ་དཀར་དམར་ལ་ཐིམ་པས་ཐིག་ལེ་གཅིག་སྔར་བས་ཀྱང་གསལ་ཞིང་འབར་བར་གྱུར་པར་བསྒོམས་ལ་མཉམ་པར་གཞག་པས་ཞི་གནས་ཀྱི་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་ལ་ཉོན་མོངས་པ་དང་བཅས་པའི་ཡིད་ལ་དམིགས་ཤིང་བསྒོམས་ཏེ། སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་སྙིང་གའི་ཐིག་ལེ་དཀར་དམར་གྱི་སྟེང་དུ་ཐིག་ལེ་དམར་སྐྱ་དེའི་སྟེང་དུ་སྔོན་པོ་གཅིག་བསྒོམས་ལ་ཤིན་ཏུ་དབེན་པའི་གནས་སུ་ཡིད་གཟུང་ངོ༌། །ཅུང་ཟད་ཟིན་པ་དང༌། ཉོན་མོངས་པ་སྣ་ཚོགས་སྐྱེ་བའི་ཡུལ་དང་བཅས་པའི་གནས་སུ་བསྒོམ་ཞིང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གང་སྐྱེས་པའི་ཡུལ་དང༌། ཉོན་མོངས་པ་ཀུན་ཏུ་རྒྱུ་བ་ཉིད་ཐིག་ལེ་སྔོན་པོ་ལ་བསྟིམ་ཞིང་ཡིད་བཟུང་ངོ༌། །དེ་གོམས་པས་ཐིག་ལེའི་ནུས་པ་དམིགས་པ་གསལ་ཞིང་ཉོན་མོངས་པ་མི་སྐྱེ་བའམ། ཅུང་ཟད་སྐྱེས་ཀྱང་རང་ཡལ་དུ་འགྱུར་རོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང༌། ཐིག་ལེ་དེ་འོག་གི་ཐིག་ལེ་དམར་སྐྱ་ལ་ཐིམ། དེའང་ཐིག་ལེ་དཀར་དམར་ལ་ཐིམ། དེའང་ཟླ་བ་ལ་ཐིམ། ཟླ་བའང་ནམ་མཁའ་ལ་སྤྲིན་ཡལ་བ་ལྟར་ཡལ་ནས་སྟོང་པ་ལ་མཉམ་པར་གཞག་པས་ཞི་གནས་ཀྱི་ཏིང་ངེ་འཛིན་མཆོག་སྐྱེའོ། །མཐར་མཉམ་གཞག་ལས་ལྡང་བའི་ཚེ་སྐད་ཅིག་གིས་ཟླ་བ་དང་ཐིག་ལེ་རྣམས་རིམ་གྱིས་གྲུབ་པར་བལྟ་ཞིང༌། རང་ཉིད་ཧེ་རུ་ཀ་དང༌། ཕྱིའི་ཆོས་རྣམས་ཀྱང་སྣང་ལ་རང་བཞིན་མེད་པར་བལྟས་ལ་ལྡང་ངོ༌། །དེ་ལྟར་སོ་སོའི་རྟགས་མ་བྱུང་གི་བར་དུ་བསྒོམ་ཞིང་མཐར་ཕྱིན་པས་ནི་སྟོང་པ་ཞི་གནས་དང༌། བདེ་གསལ་ལྷག་མཐོང་གི་ཏིང་ངེ་འཛིན་སྐྱེས་ནས། ཏིང་ངེ་འཛིན་གྱི་རྒྱུན་དེས་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །ས་བོན་དང་བཅས་པའི་བདག་བྱིན་གྱིས་བརླབ་པའི་རིམ་པའོ། །གཞན་ཡང་འདི་ཉིད་ཀྱི་ཚུལ་གཉིས་པ་ནི། བསྐྱེད་པའི་རིམ་པ་ནས་བླ་མ་ལ་གསོལ་བ་གདབ་པའི་བར་སྔ་མ་ལྟར་བསྒོམས་ལ་རྩོལ་བ་མེད་པར་སྣའི་སྒོ་ནས་རླུང་ཞི་བའི་ཚུལ་གྱིས་རྒྱུར་གཞུག་གོ །དེ་ནས་རླུང་ཕྱིར་རྒྱུ་བའི་ཚེ་རྟོག་བཅས་ཀྱི་ཡིད་འོད་ཁ་དོག་དམར་སྨུག་གི་ཚུལ་དུ་སྙིང་ག་ནས་རླུང་དང་འགྲོགས་ཏེ་རླུང་གང་ནས་རྒྱུ་བའི་སྣ་བུག་གི་སྒོ་ནས་ཕྱིར་འབུད་པར་འཁྱིལ་འཁྱིལ་པར་བསམ། ནང་དུ་འཇུག་པའི་ཚེ་རླུང་དང་འགྲོགས་ནས་སྙིང་གི་བར་དུ་སླེབ། གནས་པའི་ཚེ་སྙིང་གི་ནང་དུ་ཐིམ་ནས་མི་གཡོ་བར་བསམ་མོ། །དེ་ལྟར་གྲངས་མི་བཟུང་ཞིང་སེམས་རྣམ་པར་མི་གཡེངས་པར་རྒྱུན་ཏུ་བསྒོམས་པས་རླུང་ནང་དུ་འཇུག་པ་དང༌། གནས་པ་ཤས་ཆེ་བར་འགྱུར་ཞིང༌། དེའི་ཚེ་མི་རྟོག་པའི་ཏིང་ངེ་འཛིན་ཡང་སྐྱེ་བར་འགྱུར་རོ། །དེ་ལ་བརྟེན་ནས་དབང་པོ་རྣམས་ལ་སྤོ་བར་བྱ་སྟེ། ཚུལ་དེ་ཉིད་ཀྱིས་སྣ་སྒོ་ནས་རླུང་ཕྱིར་འགྲོ་ནང་དུ་འཇུག་གནས་པ་དང་བསྟུན་ནས། མིག་ནས་འོད་དཀར་པོ་དང༌། རྣ་བ་ནས་ནག་པོ་དང༌། སྣ་ནས་སེར་པོ་དང༌། ལྕེ་ནས་དམར་པོ་དང༌། གསང་གནས་ནས་ལྗང་གུ་འབྱུང་བ་དང༌། འཇུག་པ་དང༌། དེ་ཉིད་དུ་གནས་པར་ཡུན་རིང་དུ་བསྒོམས་པས་ནང་དུ་འཇུག་པ་དང༌། གནས་པ་ཤས་ཆེ་བར་འགྱུར་ཞིང༌། དེའི་ཚེ་ཡུལ་སོ་སོའི་སྟེང་དུ་མི་རྟོག་པ་སྐྱེས་པ་དང༌། གོང་གི་ཚུལ་བཞིན་དབང་པོ་ལྔའི་འོད་རྣམས་རིམ་པས་སྙིང་གར་བསྟིམས་ནས་མཉམ་པར་གཞག་པས་མི་རྟོག་པའི་ཏིང་ངེ་འཛིན་མཆོག་སྐྱེ་བར་འགྱུར་རོ། །མཉམ་གཞག་ལས་ལྡང་བའི་ཚུལ་ཡང་སྔ་མ་དང་མཚུངས་པ་ཉིད་དོ། །དེ་ལྟར་རྣལ་འབྱོར་གཉིས་ཀ་ལ་གོམས་པས་གནས་སྐབས་སུ་ཡུལ་དུས་ཀྱིས་བསྐལ་པའི་ཡུལ་རྣམས་མཐོང་བ་ལ་སོགས་པའི་མངོན་པར་ཤེས་པ་རྣམས་འབྱུང་ཞིང་མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །ས་བོན་མེད་པའི་བདག་བྱིན་གྱིས་བརླབ་པའི་རིམ་པ་སྟེ། བདག་བྱིན་གྱིས་བརླབ་པའི་རིམ་པ་དང་པོའོ།།  །།དེ་ནས་འདིའི་རིམ་པ་གཉིས་པ་བསྒོམ་པའི་ཚུལ་ནི། སྔོན་འགྲོ་སྔ་མ་ལྟར་བསྒོམས་ལ། ལུས་ཀྱང་འཁྲུལ་འཁོར་དང་ལྡན་པས་སྣ་བུག་གང་ནས་རླུང་རྒྱུ་བ་ནས་ལྡང་འཇུག་གནས་པ་གསུམ་ཅི་བདེར་ལན་འགར་རྒྱུར་བཅུག་ནས། མཐར་འཇུག་པའི་ཚེ་རླུང་འོད་ཀྱི་ཚུལ་དུ་རྔུབས་ནས་སྟེང་འོག་གི་རླུང་ཁ་སྦྱར་བས་ལུས་ཐམས་ཅད་གསལ་བར་བྱས་པའི་མཐུས། སྤྱི་བོའི་མཐོ་གང་ཙམ་གྱི་སྟེང་དུ་ཧཱུྃ་སྔོ་སྐྱ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་སྔོན་པོར་བསྐྱེད་པའི་ནང་དུ་ཆོས་འབྱུང་དམར་སྐྱ། སྟེང་དུ་ཟུར་གསུམ་དང༌། འོག་ཏུ་ཟུར་གཅིག་པའི་ནང་དུ་རྡོ་རྗེ་དམར་པོ་རྩེ་ལྔ་པའི་སྟེང་གི་རྩེ་མོར་ཟླ་བ་ལ་གནས་པའི་ཧཱུྃ་དཀར་དམར་བསམས་པའི་སྟེང་གི་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་ཡིད་གཏད་དོ། །རླུང་མ་ཐུབ་ན་རིམ་གྱིས་བཏང་ལ་ཡང་སྔར་བཞིན་རླུང་ཁ་སྦྱར་ལ་བསྒོམ་མོ། །གལ་ཏེ་སེམས་གཡེངས་ན་ཐིག་ལེ་ལས་འོད་ཟེར་དཀར་དམར་འོག་ཏུ་འཕྲོས་པས། སྤྱི་གཙུག་ཚངས་པའི་བུ་ག་ནས་མར་ཞུགས་ཤིང་རིམ་གྱིས་ལུས་ཐམས་ཅད་འོད་ཟེར་དཀར་དམར་གྱིས་གང་བས་ལུས་བདེ་བ་དང་སེམས་མི་རྟོག་པར་འགྱུར་བར་བསམ་ཞིང༌། རླུང་ཁ་སྦྱར་ཡང་ཡང་བསྒོམས་པས་སེམས་མི་གཡེངས་པར་འགྱུར་རོ། །བརྟན་ཞིང་གོམས་པས་བདེ་བ་དང༌། མི་རྟོག་པའི་ཏིང་ངེ་འཛིན་རྒྱུན་མི་འཆད་པ་དང༌། མཉམ་པར་འཇོག་པ་དང༌། ལྡང་བའང་འདོད་པ་ཙམ་ལས་རག་ལས་པར་འགྱུར་རོ། །དེ་ནས་གཞན་ལ་སྤྲོ་བ་ནི་སྔོན་འགྲོ་སྔར་བཞིན་བསྒོམས་ལ་སྤྱི་བོའི་སྣ་ཚོགས་རྡོ་རྗེ་དང་ཆོས་འབྱུང་དང་རྡོ་རྗེ་དང་བཅས་པའི་མིག་གི་འབྲས་བུ་གཉིས་ཀྱི་ནང་དུ་བསྒོམ་ཞིང༌། རླུང་གི་རྣལ་འབྱོར་དང་སེམས་གཡེངས་ན་ལུས་ཀྱི་ནང་ན་མར་སྤྲོ་བ་སྔ་མ་ལྟར་བསྒོམས་པས་གཟུགས་ཀྱིས་མི་གཡེང་ཞིང༌། གཟུགས་ཀྱི་སྟེང་དུ་ཏིང་ངེ་འཛིན་སྐྱེ་བ་དང༌། ལྷའི་མིག་གི་མངོན་པར་ཤེས་པ་འཆར་བར་འགྱུར་རོ། །དེ་ལ་བརྟན་པ་དང༌། རྣ་བ་གཉིས་ཀྱི་ནང་དུ་དམིགས་ནས་སྒྲས་མི་གཡེང་ཞིང་སྒྲའི་སྟེང་དུ་ཏིང་ངེ་འཛིན་སྐྱེ་བ་དང༌། ལྷའི་རྣ་བའི་མངོན་པར་ཤེས་པ་སྐྱེས་ཀྱི་བར་དུ་བསྒོམ་མོ། །དེ་ལ་བརྟན་པ་དང༌། སྣའི་བུ་ག་གཉིས་སུ་དམིགས་ནས་དྲིས་མི་གཡེང་ཞིང་དྲིའི་སྟེང་དུ་ཏིང་ངེ་འཛིན་སྐྱེ་བ་དང༌། སྣའི་མངོན་པར་ཤེས་པ་སྐྱེས་ཀྱི་བར་དུ་བསྒོམ་མོ། །དེ་ལ་བརྟན་པ་དང༌། ལྕེའི་སྟེང་དུ་དམིགས་ནས་རོས་མི་གཡེང་ཞིང༌། རོའི་སྟེང་དུ་ཏིང་ངེ་འཛིན་སྐྱེ་བ་དང༌། ལྕེའི་མངོན་པར་ཤེས་པ་སྐྱེས་ཀྱི་བར་དུ་བསྒོམ་མོ། །དེ་ལ་བརྟན་པ་དང༌། རྡོ་རྗེའི་རྩེ་མོ་དང༌། སྨིན་མཚམས་གཉིས་ཀྱི་བར་དུ་རེས་འཇོག་ཏུ་དམིགས་ནས། རེག་བྱས་མི་གཡེང་ཞིང༌། རེག་བྱའི་སྟེང་དུ་ཏིང་ངེ་འཛིན་སྐྱེ་བ་དང༌། ལུས་ཀྱི་མངོན་པར་ཤེས་པ་སྐྱེས་ཀྱི་བར་དུ་བསྒོམ་མོ། །དེ་ལ་བརྟན་པ་དང༌། སྙིང་གི་ནང་དུ་དམིགས་ནས་ཕྱི་ནང་གི་ཆོས་ཀྱི་རྣམ་པ་ཡིད་ལ་བྱེད་པས་མི་གཡེང་ཞིང༌། ཆོས་ཀྱི་ཁམས་ཀྱི་སྟེང་དུ་ཏིང་ངེ་འཛིན་སྐྱེ་བ་དང༌། ཕ་རོལ་ཀྱི་སེམས་ཤེས་པའི་མངོན་པར་ཤེས་པ་སྐྱེས་ཀྱི་བར་དུ་བསྒོམ་མོ། །དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བའི་ཧཱུྃ་དང་འདབ་མ་རྣམས་ལ་གནས་པའི་ཡི་གེའི་ཐིག་ལེ་རྣམས་ལ་རིམ་པ་བཞིན་སེམས་བཟུང་ཞིང་འོད་སྤྲོ་བ་དང༌། རླུང་ཁ་སྦྱར་གྱི་བསྒོམ་པ་གོམས་པའི་རྣལ་འབྱོར་གྱིས་ཟག་པ་ཟད་པའི་མངོན་པར་ཤེས་པའང་འཆར་བར་འགྱུར་རོ། །དེ་ནས་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོའི་ལྟེ་བའི་ཧྃ་དང༌། རྩ་འདབ་ཀྱི་ཡི་གེ་རྣམས་ལ་ཐིག་ལེ་བཀོད་པ་ལ་རིམ་པ་བཞིན་སེམས་བཟུང་ཞིང་འོད་སྤྲོ་བ་དང༌། རླུང་ཁ་སྦྱར་གྱི་བསྒོམ་པ་གོམས་པའི་རྣལ་འབྱོར་གྱིས་གནས་རིས་གོང་མའི་ལྷའི་ཚོགས་མཐོང་བ་དང་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་སྟེ་བའི་ཨོཾ་དང༌། འདབ་མའི་ཡི་གེ་རྣམས་ལ་ཐིག་ལེ་བཀོད་པ་ལ་རིམ་པ་བཞིན་སེམས་བཟུང་ཞིང་འོད་སྤྲོ་བ་དང༌། རླུང་ཁ་སྦྱར་གྱི་བསྒོམ་པ་གོམས་པའི་རྣལ་འབྱོར་གྱིས་བསྟན་བཅོས་ཐམས་ཅད་ཤེས་པ་དང༌། ཚིག་གི་མཆོག་འགྲུབ་པར་འགྱུར་རོ། །དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོའི་ལྟེ་བའི་ཨ་དང༌། རྩ་འདབ་ཀྱི་ཡི་གེ་རྣམས་ལ་ཐིག་ལེ་བཀོད་པ་ལ་རིམ་པ་བཞིན་སེམས་བཟུང་ཞིང་འོད་སྤྲོ་བ་དང༌། རླུང་ཁ་སྦྱར་གྱི་བསྒོམ་པ་གོམས་པའི་རྣལ་འབྱོར་གྱིས་ལྷའི་མཆོག་ལས་སྐྱེས་པའི་བུ་མོ་རྣམས་ལ་ལོངས་སྤྱོད་པ་དང་སྤྲུལ་པ་དང་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་ཡང་ཐོབ་པར་འགྱུར་རོ། །རྣམ་པ་སྣ་ཚོགས་པའི་སྣ་ཚོགས་རྡོ་རྗེའི་རིམ་པའོ། །གཞན་ཡང་འདི་ཉིད་ཀྱི་ཚུལ་གཉིས་པ་ནི་སྔོན་དུ་འགྲོ་བ་སྔ་མ་དང་མཚུངས་ཤིང༌། དངོས་གཞི་ལ་སྣའི་སྒོ་གང་ནས་རླུང་རྒྱུ་བ་བལྟས་ལ། གཡས་ནས་རྒྱུ་ན་ཕྱིར་འགྲོ་བའི་ཚེ་མཛོད་སྤུར་ཉི་མའི་དཀྱིལ་འཁོར་སེན་མོ་ཟླུམ་པ་ཙམ་ཞིག་བསྒོམས་པ་ལ་རླུང་རྣམས་ཐིམ་པར་བསམ། ཡང་ཕྱིར་རྒྱུ་བའི་ཚེ་ཉི་མའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉི་མའི་ཚད་དང་མཉམ་པ་གཅིག་བསམས་པ་ལ་རླུང་བསྟིམ། ཡང་གསུམ་པ་རྒྱུ་བའི་ཚེ་ཟླ་བའི་སྟེང་དུ་སྐར་མ་ལྟ་བུའི་ཐིག་ལེ་ལྔ་བསམ་པར་བྱ་སྟེ། དབུས་སུ་སྔོན་པོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བར་དམིགས་པ་ལ་རླུང་བསྟིམ། གལ་ཏེ་སྣ་བུག་གཡོན་ནས་རྒྱུ་ན་ཐོག་མར་ཟླ་བ་བསྒོམ་ཞིང༌། དེའི་སྟེང་དུ་ཉི་མ་བསྒོམས་ལ་གཞན་སྔ་མ་དང་འདྲ། དེ་ལྟར་རླུང་ཕྱིར་རྒྱུ་བའི་ཚེ་ཉི་ཟླ་ཐིག་ལེ་དང་བཅས་པ་ལ་རླུང་བསྟིམ། འཇུག་པ་དང་གནས་པའི་ཚེ་གང་ཡང་ཡིད་ལ་མི་བྱ། ཚུལ་དེ་ལྟར་ཡུན་རིང་དུ་བསྒོམས་པས་ཉི་ཟླ་ཐིག་ལེ་དང་བཅས་པ་མངོན་སུམ་དུ་མཐོང་བ་ལྟར་གསལ་བར་གྱུར་པའི་ཚེ་མཐའ་མའི་ཐིག་ལེ་བཞི་དབུས་ཀྱི་ཐིག་ལེ་སྔོན་པོ་ལ་ཐིམ། དབུས་ཀྱི་ཐིག་ལེའང་ཉི་ཟླ་སྟེང་མ་ལ་ཐིམ། དེའང་འོག་མ་ལ་ཐིམ། དེའང་ནམ་མཁའ་ལ་སྤྲིན་ཡལ་བ་ལྟར་མི་དམིགས་པར་གྱུར་པར་བསྒོམ་ཞིང༌། དེའི་ཚེ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་མི་དམིགས་པར་བསམ་པའི་ངང་ལ་མཉམ་པར་གཞག་པས་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ཉིད་ཐབས་ཀྱི་ཆ་དང་མ་བྲལ་བར་བསྒོམས་པས། མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་སྟེ། སྣ་ཚོགས་རྡོ་རྗེའི་རིམ་པ་གཉིས་པའོ།།  །།དེ་ནས་རིམ་པ་གསུམ་བསྒོམ་པའི་ཚུལ་ནི། བསྐྱེད་པའི་རིམ་པ་བསྒོམས་ནས་བླ་མ་ལ་གསོལ་བ་གདབ་པའི་བར་སྔར་བཞིན་བྱས་ལ། དངོས་གཞི་ལ་དངོས་དང་ཡེ་ཤེས་ཀྱི་རིག་མ་ལ་བརྟེན་པ་གཉིས་ཡོད་པ་ལ། འདིར་ཡེ་ཤེས་ཀྱི་རིག་མ་ལ་བརྟེན་པའི་ཚུལ་བརྗོད་པར་བྱའོ། །དེའང་རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པར་བསྡུས་པའི་མདུན་དུ་དབང་གིས་ཡོངས་སུ་སྨིན་པའི་མིའི་བུ་མོ་མཚན་དང་ལྡན་པ་ཅིག་དམིགས་ལ། དེ་སྐད་ཅིག་གིས་རྡོ་རྗེ་ཕག་མོར་བསྐྱེད་ནས། གསལ་བར་བལྟ་བ་ནི་བདག་དང་ཕྱག་རྒྱ་ལྷར་བསྐྱེད་པའོ། །དེ་ནས་རང་གི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་རྩེ་མོ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ། བྷྱྃ་ལས་རྡོ་རྗེ་ནོར་བུ་དམར་པོ་བུ་གར་བྷྱྃ་གིས་མཚན་པར་བསྐྱེད་ལ། ཡབ་ཀྱི་ལྟེ་བར་ཡུམ་གྱི་སྙིང་པོ། སྙིང་གར་ཡུམ་གྱི་ཉེ་སྙིང༌། མགྲིན་པར་ཡབ་ཀྱི་སྙིང་པོ། དཔྲལ་བར་ཡབ་ཀྱི་ཉེ་སྙིང་བཀོད། ཡུམ་གྱི་བྷ་ག་མི་དམིགས་ཏེ་སྟོང་པའི་ངང་ལས་ཨ་ལས་པདྨ་དམར་པོ་འདབ་མ་གསུམ་པ་ཨས་མཚན་པ། དྱྃ་ལས་ཟེའུ་འབྲུ་སེར་པོ་བུ་གའི་ནང་དུ་དྱྃ་གིས་མཚན་པར་བསྐྱེད། ཡུམ་གྱི་ལྟེ་བར་ཡབ་ཀྱི་སྙིང་པོ། སྙིང་གར་ཡབ་ཀྱི་ཉེ་སྙིང༌། མགྲིན་པར་ཡུམ་གྱི་སྙིང་པོ་དང་དཔྲལ་བར་ཡུམ་གྱི་ཉེ་སྙིང་དགོད་པ་ནི་གསང་སྔགས་ཀྱིས་དག་པར་བྱ་བའོ། །དེ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པའི་ཆོས་ཀྱི་ཡེ་ཤེས་དང་ལྡན་པས། ཐོག་མར་ཡུམ་གྱི་གཟུགས་ལ་བལྟ་བ་དང༌། དེ་ནས་གླུ་དབྱངས་ལ་སོགས་པའི་སྒྲ་ལ་མཉན་པ་དང༌། དྲི་ལ་བསྣམས་པ་དང༌། རེག་པ་དང༌། འཁྱུད་པ་དང༌། ཙུམྦ་ལ་སོགས་པ་བྱས་པས་དགའ་བའི་བདེ་བ་སྐྱེ་ལ། དེ་དག་ཀྱང་རང་གི་ངོ་བོ་སྟོང་པའི་རྒྱས་བཏབ་ནས་ཟུང་འཇུག་བསྒོམ་པ་ལ་བསླབ་བོ། །དེ་ནས་དབང་པོ་གཉིས་སྦྱར་བས་མཆོག་ཏུ་དགའ་བ་དང༌། བསྲུབ་པ་དང་སྲུབ་པའི་སྦྱོར་བས་དགའ་བྲལ་གྱི་དགའ་བ་དང༌། ཁམས་གཉིས་རང་གི་དབང་གི་གནས་སུ་འདུས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བར་བསྒོམ་ཞིང་བདེ་སྟོང་གི་ཉམས་བསྐྱང་ངོ༌། །གལ་ཏེ་ཏིང་ངེ་འཛིན་གསལ་ཞིང༌། བདེ་བ་ཆེར་འཕེལ་བས་ཁམས་ཉམས་ཀྱིས་དོགས་ན་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ཞིང་བསྡམས་ནས་མིག་སྟེང་དུ་བགྲད་པ་དང༌། སྲིན་པོའི་ཞལ་ཀློད་ཅིང༌། ཧཱུྃ་དྲག་ལ་རིང་བ་ཉི་ཤུ་རྩ་གཅིག་ཙམ་བརྗོད་པས་བཟློག་གོ །དེ་ལྟར་ཡུན་རིང་དུ་གོམས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་ཞིང༌། རྗེས་ཐོབ་ལའང་དྲན་པའི་རྣལ་འབྱོར་རྒྱུན་མི་ཆད་པར་བྱའོ། །ལག་པས་མཚོན་པའི་ཕྱག་རྒྱའི་སྒོ་ནས་བསླབ་པ་དང༌། དངོས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་དབང་གསུམ་པའི་ཡེ་ཤེས་རྗེས་སུ་དྲན་པའི་སྒོ་ནས། ཏིང་ངེ་འཛིན་བསྐྱེད་པར་གསུང་བ་ནི་བསྒོམ་པའི་ཚུལ་གཞན་ཡིན་ཏེ། འདིར་སྔ་མ་ཉིད་ཀྱིས་ཆོག་པར་སེམས་སོ། །དེ་ལས་དོན་གྱི་ཡེ་ཤེས་སྐྱེས་པ་སྐྱོང་བ་ནི་ནོར་བུ་འགེངས་པའི་རིམ་པ་ཡིན་ཏེ། བསྒོམ་པའི་རྣལ་འབྱོར་གཞན་མེད་པ་ཉིད་དོ། །ནོར་བུ་འགེངས་པའི་རིམ་པ་གསུམ་པའོ།།  །།དེ་ནས་འདིའི་རིམ་པ་བཞི་པ་བསྒོམ་པའི་ཚུལ་ནི། བསྐྱེད་པའི་རིམ་པ་བསྒོམས་ནས་ལུས་ཀྱི་ལྷ་རྣམས་རང་རང་གི་གནས་སུ་ཐིམ། ཡུམ་ཡང་འོད་ཀྱི་ཚུལ་གྱིས་སྣ་བུག་གཡོན་གྱི་ལམ་ནས་སྙིང་གར་ཐིམ། ལྟེ་བ་མན་ཆད་ཀྱི་འདོམ་གྲུ་གསུམ་གྱི་ནང་ཆོས་འབྱུང་དམར་སྐྱ་གདེངས་ཁ་གྱེན་དུ་ཕྱོགས་པའི་དཀྱིལ་དུ་ཡེ་ཤེས་ལྔའི་ངོ་བོ། དབུས་སུ་ཐིག་ལེ་དཀར་པོ་ཤར་དུ་སྔོན་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་བསྒོམས་ལ་སྟེང་འོག་གི་རླུང་ནང་དུ་དྲངས་ཏེ་དབུས་ཀྱི་ཐིག་ལེ་ལ་ཐིམ་པ་ལས་ཐིག་ལེ་རྣམས་ཤིན་ཏུ་གསལ་བར་གྱུར་པ་ལ་དམིགས་ཤིང་རླུང་ཁ་སྦྱར་བསྒོམ་པར་བྱའོ། །ཡུན་རིང་དུ་བསྒོམས་པས་ལྟེ་བའི་གནས་སུ་དྲོད་འབར་བར་གྱུར་པའི་ཚེ། ཐིག་ལེ་ལྔ་ལས་མེ་ཁ་དོག་ལྔ་གྱེན་དུ་འབར་བ་རོ་མའི་ནང་ནས་སོང་བ་སྣ་བུག་གཡས་ནས་འཐོན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་བུག་གཡས་ནས་ཞུགས་ནས་གཏུམ་མོའི་མེ་དང་འདྲེས་ཏེ་གྱེན་དུ་སོང་བས། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱི་བོ་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་པ་ཤངས་བུག་གཡོན་ནས་དྲངས་པ། བདག་གི་སྤྱི་གཙག་ཛཱ་ལནྡྷ་རའི་བུ་ག་ནས་ཞུགས་ནས། རྩ་དབུ་མ་ནས་ལྟེ་བར་བབས་ཤིང་འཁྱིལ་པ་ཐིག་ལེ་ལྔའི་འོད་ཀྱིས་གསལ་བར་བྱས་པས་བདེ་བ་དང༌། དྲོད་འཕེལ་བར་བསམ་ཞིང༌། རླུང་ཁ་སྦྱར་ཡང་ནས་ཡང་དུ་བསྒོམས་པས་ལྟེ་བའི་དཀྱིལ་འཁོར་དངུལ་གྱི་མེ་ལོང་ལྟར་དཀར་ཞིང་སྲ་ལ། འཇམ་པ་དང༌། དྲོད་དང༌། བདེ་བ་རྒྱས་པར་འགྱུར་བ་དང༌། བྱང་ཆུབ་ཀྱི་སེམས་སྙིང་གར་འཁྱིལ་པ་སྔ་མ་ལྟར་བསྒོམས་པས་བརྟན་པ་དང་མངོན་པར་ཤེས་པ་ལྔ་འཆར་བར་འགྱུར་རོ། །དེ་ནས་མགྲིན་པར་འཁྱིལ་པ་ལ་དམིགས་ཏེ་བསྒོམས་པས་འཇིག་རྟེན་གྱི་ཁམས་ཀྱི་རོ་ཐམས་ཅད་ལ་ལོངས་སྤྱོད་པ་དང༌། ཚངས་པའི་དབྱངས་དང༌། ལྕེས་བཞིན་གྱི་དཀྱིལ་འཁོར་ཁེབས་པར་འགྱུར་ལ། མགྲིན་པ་ནས་འཕྲོས་ནས་དཔུང་པ་ལ་སོགས་པའི་ཚིགས་དང༌། ཡན་ལག་རྣམས་སུ་འཁྱིལ་པ་ལ་དམིགས་པ་བརྟན་པས་སྲེད་མེད་ཀྱི་བུའི་སྟོབས་དང་མཉམ་པ་དང༌། རྫུ་འཕྲུལ་དུ་མ་སྟོན་ནུས་པར་འགྱུར་རོ། །དེ་ནས་སྤྱི་བོ་བདེ་ཆེན་དུ་འཁྱིལ་པ་ལ་དམིགས་པ་བརྟན་པས། མི་རྟོག་པའི་ཏིང་ངེ་འཛིན་དང༌། གཙུག་ཏོར་གྱི་གཞིའང་འགྲུབ་པར་འགྱུར་རོ། །ཛཱ་ལནྡྷ་རའི་རིམ་པ་བཞི་པའོ།།  །།དེ་ནས་རིམ་པ་ལྔ་པ་བསྒོམ་པའི་ཚུལ་ནི། བསྐྱེད་པའི་རིམ་པ་བསྒོམ་པའི་མཐར་སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་དམར་སྐྱ་བསྒོམས་པ་ལས་འོད་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་ལ་ཕོག་ཅིང༌། དེ་ཐམས་ཅད་རང་གི་ལུས་ལ་བསྡུ། ཡུམ་ཡབ་ལ་ཐིམ། ཡབ་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་གི་ཞབས་ཀྱུ་ཁོག་པ། ཁོག་པ་མགོ་བོ། །མགོ་བོ་ཟླ་ཚེས། ཟླ་ཚེས་ཐིག་ལེ། ཐིག་ལེ་ནཱ་ད། ནཱ་ད་ཡལ་ནས་སྟོང་པར་གྱུར་ཏེ། མི་དམིགས་པའི་ངང་ལ་མཉམ་པར་གཞག་གོ །གོམས་ན་མི་དམིགས་པའི་ཏིང་ངེ་འཛིན་ཇི་ཙམ་འདོད་པ་འབྱུང་བར་འགྱུར་རོ། །དེ་ནས་ལྡང་བའི་ཚེ་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀར་བཞེངས་ལ་ཧཱུྃ་ཞེས་བརྗོད་པས་ཡུམ་དང༌། ལུས་ཀྱི་དཀྱིལ་འཁོར་ལྷ་དང་བཅས་པ་སྣོད་བཅུད་ཐམས་ཅད་གསལ་བར་དམིགས་ལ། ཐམས་ཅད་ཀྱང་རང་གི་སེམས་ཀྱི་རྣམ་པར་འཕྲུལ་པ་རྨི་ལམ་ལྟ་བུའོ། །སྙམ་དུ་བསམས་ནས་རྣལ་འབྱོར་གཞན་ལ་འཇུག་པར་བྱའོ། །དེ་ལྟར་རྒྱུན་དུ་རྣལ་འབྱོར་དུ་བྱས་པས། འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པ་འགྲོ་བའི་རྟོག་པ་དང༌། དེས་ཀུན་ནས་བསླངས་པའི་སྤྱོད་པ་འཇིག་པར་འགྱུར་རོ། །བསམ་གྱིས་མི་ཁྱབ་པའི་རིམ་པ་ལྔ་པའོ།།  །།དེ་ལྟར་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་ལྔ་སྟེ། རིམ་གཉིས་ཟུང་འཇུག་ཏུ་བསྒོམས་པས་ཏིང་ངེ་འཛིན་བརྟན་ཞིང༌། དུ་བ་ལ་སོགས་པའི་རྟགས་རྣམས་ངེས་པར་མཐོང་བའི་ཚེ། ཇི་སྐད་བཤད་པའི་སྤྱོད་པ་རྣམས་སྤྱད་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་ནས་ས་དང་ལམ་ཐམས་ཅད་བགྲོད་དེ། རིང་པོར་མི་ཐོགས་པར་དཔལ་རྡོ་རྗེ་འཆང་ཆེན་པོར་འགྱུར་བ་ཉིད་དོ། །རིམ་པ་ལྔ་ཡི་བསྒོམ་ཚུལ་རབ་གསལ་བ། །རྗེ་བཙུན་བླ་མས་མཛད་ཀྱང་ཉུང་བ་དང༌། །གསལ་བའི་ཚུལ་ལ་སྤྲོ་བས་བསྐུལ་བའི་ངོར། །བདག་གིས་བསྡེབས་པའི་ནོངས་པ་བཟོད་པར་གསོལ། །དགེ་བས་བདག་དང་སེམས་ཅན་མ་ལུས་པ། །ལམ་ཚུལ་འདི་ལ་ཞུགས་ནས་སྲིད་ཞིའི་མཐའ། །རྣམ་པར་སྤངས་ནས་དོན་གཉིས་འབྱོར་གྱུར་པའི། །ཧེ་རུ་ཀ་དཔལ་ཉིད་དུ་འགྱུར་པར་ཤོག།  །།རྒྱལ་བུ་ཇི་བིག་དེ་མུར་ཞེས་བྱ་བས་དགོངས་བཞིན། དུ་གལ་དུར་མིས་ཀྱིས་ཆེད་ཆེར་དོན་དུ་གཉེར་ཏེ་རྒྱང་རིང་པོ་ནས་བསྐུལ་བའི་དོན་དུ་དགེ་སློང་སྔགས་འཆང་འཕགས་པ་ཞེས་བྱ་བས། ས་ཕོ་སྟག་གི་ལོ་དབྱར་ཟླ་ར་བའི་ཚེས་ཉི་ཤུ་ལྔ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*