དབང་ཕྱུག་འབུམ་གྱི་དྲིས་ལན།

༼པ༽

༄༅། །དབང་ཕྱུག་འབུམ་གྱི་དྲིས་ལན་བཞུགས།།

༄༅། །རྣམ་པར་ངེས་པ་ཞེས་བྱ་བ་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་བརྩེ་ཕུལ་བྱུང་ཞིང༌། །མཐུ་དང་ཕྲིན་ལས་མཐའ་ཡས་པས། །རྟག་པར་གཞན་གྱི་དོན་མཛད་པའི། །འགྲོ་བའི་བླ་མ་ལ་ཕྱག་འཚལ། །བློ་གསལ་བླ་མ་ལ་གུས་པ། །དབང་ཕྱུག་འབུམ་ཞེས་བྱ་བ་ཡིས། །བསམ་པ་དགེ་བས་དྲིས་པའི་ལན། །དྲི་མེད་ལུང་བཞིན་འདིར་བཤད་བྱ། །ཤཱཀྱ་ཐུབ་པ་སངས་རྒྱས་པའི། །དུས་ནི་བསྐལ་པ་གྲངས་མེད་སྔོན། །འདིར་ནི་ཚེ་ལོ་བརྒྱ་པ་ལ། །བྱང་ཆུབ་བརྙེས་པ་སྤྲུལ་པ་ཡིན། །རྗོད་བྱེད་རབ་བྱེད་འདུས་པ་ཡིས། །བརྗོད་བྱའི་རྣམ་གྲངས་མང་སྟོན་པའི། །ངག་རྒྱུན་གཅིག་གིས་བསྡུས་པའི་གཞུང༌། །ཕུང་པོ་ཉིད་ཡིན་དེ་ཡི་ཚད། །གཅིག་ཏུ་ངེས་པ་ཡོད་མ་ཡིན། །སྤང་བྱ་ཉོན་མོངས་གསུམ་སྤོང་ཞིང༌། །བརྗོད་བྱ་བསླབ་པ་གསུམ་སྟོན་པའི། །རྗོད་བྱེད་སྡེ་སྣོད་རྣམ་པ་གསུམ། །སོ་སོ་བ་དང་སྤྱིར་སྟོན་པ། །བརྒྱད་ཁྲི་བཞི་སྟོང་ཡོད་ཅེས་གྲགས། །བྱང་ཆུབ་སེམས་ཀྱི་གཞི་བརྟེན་ནས། །སྟོང་ཉིད་སྙིང་རྗེའི་ལམ་གྱིས་ནི། །སྤངས་རྟོགས་ཕུན་ཚོགས་བཅུ་གཅིག་པ། །སྒྲུབ་པ་ཕ་རོལ་ཕྱིན་པའི་ལུགས། །སྨིན་བྱེད་དབང་གི་གཞི་བཟུང་ནས། །རིམ་གཉིས་ཡན་ལག་བཅས་པ་ཡིས། །སྤངས་རྟོགས་བདེ་ཆེན་བཅུ་གསུམ་པ། །སྒྲུབ་པ་སྔགས་ཀྱི་རྣམ་གཞག་ཡིན། །བསྐལ་བཟང་སངས་རྒྱས་ཐམས་ཅད་ཀྱིས། །གདུལ་བྱ་མཆོག་ལ་གསང་སྔགས་གསུངས། །མཚན་བརྗོད་དགོངས་པ་དེ་ཉིད་ཡིན། །ཐུན་མོང་པ་ཡི་འཁོར་རྣམས་ལ། །ཤཱཀྱ་ཐུབ་པ་ཁོ་ནས་གསུངས། །གསང་འདུས་དགོངས་པ་འདི་ཡིན་ནོ། །གདུལ་བྱའི་སྐལ་བའི་དབང་བཞིན་དུ། །སྔོན་ཚེ་ཐུབ་པས་སྤྲུལ་པ་ཡི། །དཀྱིལ་འཁོར་མངོན་པར་སྤྲུལ་མཛད་ནས། །ལྷ་དང་གྲུབ་པའི་རིག་འཛིན་དང༌། །མཁའ་འགྲོ་སོགས་ལ་གསལ་བར་བཤད། །དེ་དག་རྣམས་ཀྱིས་སྐལ་ལྡན་གྱི། །མི་རྣམས་ལ་ནི་སོ་སོ་ཡི། །སྐལ་བ་ཇི་བཞིན་སྨིན་བྱས་ནས། །རྒྱུད་དང་མན་ངག་སོ་སོར་གསུངས། །དེ་དག་རྣམས་ལས་རབ་བརྒྱུད་ནས། །མི་ཡི་ཡུལ་དུ་གསལ་བར་གྱུར། །འདི་ཡི་དབྱེ་བ་དཔག་མེད་ཕྱིར། །འདི་སྙེད་དོ་ཞེས་སུས་བརྗོད་སྤོབས། །དེ་ལྟ་མོད་ཀྱི་བླ་མེད་ཚུལ། །ཕལ་ཆེར་ནུབ་ཕྱོགས་ཨཽ་རྒྱན་དུ། །ཨིནྡྲ་བྷཱུ་ཏིས་གསལ་བར་བྱས། །རྒྱུད་སྡེ་འོག་མ་ཕལ་ཆེ་བ། །འཕགས་པའི་ཡུལ་གྱི་ཤར་ལྷོ་རུ། །རབ་གསལ་ཟླ་བ་ཞེས་བྱ་ཡི། །རྒྱལ་པོ་མཆོག་གིས་གསལ་བར་བྱས། །ཙི་ལུ་པ་ལ་སོགས་པ་ལས། །ཤམྦྷ་ལ་ལ་སོགས་པ་རུ། །འཕགས་པ་རྣམས་ལས་ཐོས་པའི་ཚུལ། །ཀུན་ཏུ་གསལ་བར་བྱས་པ་ཡོད། །ཕྲི་དང་བསྣན་པས་འཕེལ་འགྲིབ་བཅས། །ཚད་ལྡན་པ་ལ་འཐད་པ་སྟེ། །སེམས་ཅན་གྲངས་ལ་ཚད་མེད་ཕྱིར། །གྲོལ་བས་ཉུང་བར་ག་ལ་འགྱུར། །སྲིད་པ་བར་དོར་བརྫུས་ཏེ་སྐྱེ། །སྐྱེ་འགྱུར་ལས་ཀྱི་གཞན་དབང་སྟེ། །དེ་ཡི་བག་ཆགས་སྔར་སད་ཕྱིར། །གང་དུ་སྐྱེ་འགྱུར་བྱད་གཟུགས་ཅན། །གལ་ཏེ་གང་ཟག་གཞན་གྱི་མཐུས། །སྐྱེ་བ་ཡོངས་སུ་སྒྱུར་བྱེད་ན། །གང་དུ་བསྒྱུར་བ་དེ་གཟུགས་སུ། །དེ་ཡང་ཡོངས་སུ་འགྱུར་བ་ཅན། །དུས་ནི་ཕལ་ཆེར་ཞག་བདུན་ནོ། །བདུན་ཕྲག་བདུན་པའང་ཡོད་ཅེས་གྲགས། །ལས་ཀྱི་འཕེན་པ་དྲག་ཞན་གྱིས། །མཚམས་མེད་པའང་འབྱུང་འགྱུར་ཞིང༌། །ལོ་དང་བསྐལ་པར་གནས་པའང་བཤད། །དེ་ཕྱིར་གཅིག་ཏུ་ངེས་པ་མེད། །སྡུག་བསྔལ་བ་ལ་སྡུག་བསྔལ་དང༌། །སྟོང་པ་ཉིད་ལ་སྟོང་ཉིད་དང༌། །བདེ་བ་ལ་ནི་བདེ་བའི་རྒྱུར། །ཤེས་ན་ཚེ་འདིའི་འཁྲི་བ་ཅི། །ནུས་པ་ཡོད་ན་ཆོས་བཞིན་དུ། །གཞན་དོན་བརྩོན་ལས་བསྟན་པའི་རྒྱུན། །གནས་པར་བྱེད་པ་བླ་མ་དང༌། །རྒྱལ་བ་མཉེས་བྱེད་དང་པོ་ཡིན། །གཞན་དོན་བསྒྲུབ་པའི་མཐུ་དམན་ན། །བསྒྲུབ་ལ་བརྩོན་པ་རང་དོན་ལ། །གཞོལ་བ་མཉེས་བྱེད་གཉིས་པ་སྟེ། །ཟང་ཟིང་མཆོད་པ་གསུམ་པ་ཡིན། །དང་པོ་སྒྲོ་འདོགས་གཅོད་པ་དང༌། །གཞན་དོན་བསྒྲུབ་ན་བཤད་ཉན་བྱ། །ཕྱི་ནས་རྟོགས་པ་བསྐྱེད་པ་དང༌། །རང་གི་དོན་ལ་སྒྲུབ་པ་མཆོག །ཁྱོད་དང་ཁྱོད་འདྲ་གང་ཡིན་པས། །བསྒྲུབ་ལ་ནན་ཏན་བྱ་བར་རིགས། །དངོས་གཞི་བསམ་གཏན་བཟླས་བརྗོད་བརྩོན། །སྐྱོ་དང་ཐེ་ཚོམ་བསལ་བ་དང༌། །དད་དང་ཡེ་ཤེས་བསྐྱེད་པའི་ཕྱིར། །བར་སྐབས་དག་ཏུ་གཞུང་ལུགས་བལྟ། །ཀློག་པ་དང་ནི་ཁ་ཏོན་པས། །བཟླས་བརྗོད་ཕན་ཡོན་ཆེ་བར་གསུངས། །དམ་ཚིག་སྡོམ་པའི་གཞི་བརྟན་ཞིང༌། །བསྐྱེད་པའི་རིམ་ལ་མཉམ་བཞག་ནས། །རྗེས་ཐོབ་བདག་གཞན་ལྷར་རིག་པས། །ལོངས་སྤྱོད་པ་ཡི་མཆོད་པས་མཆོད། །སྔགས་ཀྱིས་རྒྱལ་བའི་ཐུགས་བསྐུལ་ཞིང༌། །དགེ་ཀུན་གཞན་གྱི་དོན་དམིགས་ནས། །སྨོན་ལམ་བཟང་པོས་ཡོངས་བསྒྱུར་བ། །རྒྱ་ཆེན་བསྒྲུབ་པའི་རིམ་པ་བཤད། །རང་སེམས་གདོད་ནས་རྣམ་དག་པ། །བླ་མའི་ཐུགས་དང་གཉིས་མེད་པར། །ཤེས་ནས་རྟག་ཏུ་མཉམ་འཇོག་པ། །ཟབ་མོ་བསྒྲུབ་པའི་རིམ་པ་ཡིན། །ལུས་ལ་གནད་དུ་བསྣུན་པའི་ཐབས། །ཤིན་ཏུ་ཟབ་མོ་ཡོད་མོད་ཀྱི། །བསྒྲུབ་པར་དགའ་ཞིང་གེགས་མང་ཕྱིར། །རེ་ཞིག་མོས་པ་ཙམ་དུ་བྱ། །ཐོ་རངས་རླུང་སེམས་དྭངས་པའི་ཕྱིར། །ཟབ་མོའི་ཏིང་འཛིན་བསྒོམ་པར་བྱ། །ལངས་ནས་ཁྲུས་སོགས་སྔོན་འགྲོ་བས། །ཡན་ལག་བདུན་པས་བདག་རྒྱུད་སྦྱངས། །ཆོས་བཞིན་ཁ་ཟས་ལེགས་སྤྱད་དེ། །ཉིན་པར་ཁ་ཏོན་བཟླས་བརྗོད་དང༌། །གཏོར་མ་ཆུ་སྦྱིན་ལ་སོགས་པ། །གཙོ་བོར་ལུས་ངག་དགེ་སྦྱོར་བྱ། །སྲོད་ལ་ཐུབ་པས་བདུད་བཏུལ་ཕྱིར། །སྲུང་བའི་འཁོར་ལོ་བརྟན་བསྒོམས་ནས། །རིམ་གཉིས་བཟླས་བཅས་སྔོན་འགྲོ་བས། །མདུན་གྱི་ཏིང་འཛིན་དཀྱིལ་འཁོར་ལས། །དབང་བསྐུར་རིན་ཆེན་བླང་བར་བྱ། །ཉལ་བའི་རྣལ་འབྱོར་དང་འབྲེལ་བའི། །འཆི་ཁ་མ་ཡི་གདམས་ངག་ནི། །གཉིད་ལོག་ཚེ་ན་བསྒོམ་བྱ་ཞིང༌། །འདུན་པ་སྔོན་དུ་འགྲོ་བ་ཡིས། །རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ཉིད་དུ་ཤེས་བྱ་ཞིང༌། །དེར་ཡང་ལྷ་དང་བླ་མ་དང༌། །བདག་ཉིད་རྗེས་སུ་དྲན་པར་བྱ། །སད་པའི་ཚེ་ན་འོད་གསལ་ལས། །ཟུང་འཇུག་ཆེན་པོར་ལྡང་བར་བྱ། །དུས་རྣམས་ཀུན་དུ་བླ་མ་དང༌། །འབྲལ་མེད་ལམ་གྱི་སྙིང་པོ་ཡིན། །ཉམས་སུ་བླང་བའི་རིམ་པ་འདིས། །རྣལ་འབྱོར་དུས་ཀུན་འདའ་བར་བྱ། །བསྐྱེད་རིམ་རྟོག་པ་ཡིན་མོད་ཀྱི། །ཁྱེའུས་ཁྱེའུ་འབྱིན་པ་བཞིན། །རྟོག་པས་རྟོག་པ་སེལ་བའི་ཕྱིར། །གྲོལ་བའི་ཐབས་ཀྱི་མཆོག་ཡིན་ནོ། །རིག་པའི་དབང་ལྔ་བསྐུར་བའི་རྗེས། །ཡེ་ཤེས་ལྔ་ཡི་མཚོན་བྱེད་ཡིན། །འདི་ཡི་རྒྱུ་མཚན་མང་ཡོད་ཀྱི། །མདོར་བསྡུས་དེ་ཙམ་ཤེས་པར་གྱིས། །ཡེ་ཤེས་ལྔ་ནི་མཚོན་པའི་ཕྱིར། །རིགས་ལྔ་མཆོག་གི་སྤྲུལ་པ་སྟེ། །གདུལ་བྱ་མཆོག་ལ་དེ་ལྟར་སྣང༌། །ལོངས་སྐུར་བཤད་པ་མཆོག་ལ་དགོངས། །རིགས་ལྔ་དགེ་སྦྱོང་ཆ་ལུགས་སོ། །དམ་པའི་གསུང་ལས་འབྱུང་བ་ཐོས། །ལུང་ལས་བཤད་པ་ངས་མ་མཐོང༌། །འོན་ཀྱང་དེ་ཉིད་བསྡུས་པ་ལས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཇི་ལྟར་དགའ་བའི་སྐུ་དང་ནི། །ཆ་ལུགས་ཅན་ཞེས་གསུངས་པའི་ཕྱིར། །དགེ་སྦྱོང་ཚུལ་ལའང་འགལ་བ་མེད། །སངས་རྒྱས་རིགས་ལྔ་རེ་རེ་ཡང༌། །ཡེ་ཤེས་ལྔ་ལྔའི་བདག་ཉིད་ཅན། །ཡེ་ཤེས་རེ་རེ་གཞན་དོན་གྱིས། །དབྱེ་ན་ཚད་མེད་བཞི་བཞི་པོ། །དེ་ཕྱིར་དེ་དག་རིགས་རྣམས་བརྒྱ། །འདི་ནི་འབྲས་བུས་དབྱེ་བ་སྟེ། །རྒྱུ་དང་ལམ་ཡང་འདིས་དཔྱད་བྱ། །ཞི་བའི་ལྷ་ནི་བཞི་བཅུ་གཉིས། །ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ལ། །དམ་པ་རིགས་བརྒྱ་ཡིན་ནོ་ཞེས། །རྙིང་མ་པ་རྣམས་སྨྲ་མོད་ཀྱི། །འཕགས་པའི་ཡུལ་ལས་བྱུང་བ་ཡི། །རྒྱུད་སྡེ་རྣམས་ལས་དེ་མ་གྲགས། །རྒྱལ་པོའི་རྣམ་འཕྲུལ་གཅིག་ཉིད་ལ། །རྣམ་པའི་རྟེན་ཅིང་འབྲེལ་འབྱུང་བ། །སྒྲུབ་པོའི་ལས་ཀྱི་དངོས་གྲུབ་ལ། །ཉེ་རིང་འབྱུང་ཞིང་དེ་ཡང་ནི། །ཐུན་མོང་ལྷ་ལ་སྒྲོལ་མ་དང༌། །ཐུན་མོང་མ་ཡིན་བདེ་བའི་མཆོག །ཤིན་ཏུ་བསྒྲུབ་ཐག་ཉེའོ་ཞེས། །བླ་མ་མཆོག་གི་གསུང་ལས་འབྱུང༌། །སྒྲོལ་མ་ལ་སོགས་ཐུན་མོང་གི །དངོས་གྲུབ་སྒྲུབ་པའི་ལྷ་རུ་གསུངས། །དགྱེས་རྡོར་བདེ་མཆོག་ལ་སོགས་པ། །མཆོག་གི་གོ་འཕང་ཐོབ་བྱེད་ཡིན། །དབང་ཕྱུག་བརྒྱད་ནི་ཟླ་གྲགས་ཀྱིས། །རྣམ་གཞག་གཞན་དུ་བཤད་མོད་ཀྱི། །ཕྱག་མཚན་བརྒྱད་ཀྱི་དག་པ་ནི། །མི་ཐུབ་ཟླ་བའི་ཞལ་སྔ་ནས། །ས་ནི་དང་པོ་ནོར་སྦྱིན་མཐར། །ཞེས་གསུངས་དོན་ནི་འབྱུང་བཞི་དང༌། །ཉི་ཟླ་ཚེ་དང་ནོར་རྣམས་ལ། །དབང་སྒྱུར་བརྒྱད་ནི་དབང་ཕྱུག་བརྒྱད། །བདག་གནས་རྣལ་འབྱོར་གསུམ་གསུངས་པ། །བདག་ནི་སྒྲུབ་པོ་ཉིད་ཡིན་ཏེ། །རྣལ་འབྱོར་ཏིང་ངེ་འཛིན་དུ་འདོད། །ཏིང་འཛིན་བསྐྱེད་པའི་གེགས་བསལ་ཕྱིར། །རྣལ་འབྱོར་སྲུང་བར་གསུངས་པ་ཡིན། །གནས་ནི་གང་དུ་བསྒྲུབ་པའི་ཡུལ། །ལྷ་ཡི་དམིགས་པ་གསལ་བའི་ཐབས། །སྤྱན་སོགས་སྐུ་ཡི་ཆ་ཤས་ལ། །གོམས་པར་བྱས་ཏེ་སློབ་པ་དང༌། །བྲིས་པ་ལ་སོགས་མེ་ལོང་ལ། །ཤར་བའི་གཟུགས་བརྙན་ལ་དམིགས་ཏེ། །དེ་དང་འདྲ་བར་བསྒོམས་པ་ཡིས། །རིམ་གྱིས་དམིགས་པ་གསལ་བར་འགྱུར། །རྒྱས་པར་གཞན་ལས་ཤེས་པར་གྱིས། །སྙིང་རྗེ་བདེ་བ་བསྒོམ་པ་དང༌། །ཁ་ན་མ་ཐོ་མེད་པ་ཡི། །འདོད་པའི་ཡོན་ཏན་སྤྱད་པ་དང༌། །ཆོས་ཀྱི་གཏམ་དང་མདོ་སོགས་ལ། །ལྟ་བས་སྐྱོ་བ་བསལ་བར་བྱ། །ཇི་ལྟར་འོས་པའང་རང་གིས་སྤྱད། །ནད་དང་ཟུག་རྔུ་གློ་བུར་གྱི། །ཉོན་མོངས་རྣམས་ཀྱི་གཉེན་པོར་ནི། །སྟོང་ཉིད་ཏིང་འཛིན་མཆོག་ཡིན་ཞེས། །ལྷག་བསམ་དག་པའི་མདོ་ལས་གསུངས། །རང་ལུས་ལྷ་ཡི་གྲོང་ཁྱེར་ནས། །བླ་མ་རིགས་ཀྱི་བདག་པོ་ཡི། །སྐུ་ཡི་གཞལ་མེད་ཡིད་འོང་བར། །སྙིང་པོ་ཆུ་སྐྱེས་གདན་སྟེང་དུ། །གློག་གི་ཚུལ་གྱིས་རབ་འཇུག་ཅིང༌། །དབྱིངས་ལ་ཡེ་ཤེས་ཇི་བཞིན་དུ། །སྐར་མདའི་ཚུལ་གྱིས་འདྲེས་གྱུར་ནས། །མི་རྟོག་ངང་ལ་མཉམ་འཇོག་པ། །དུས་རྣམས་ཀུན་དུ་བསྒོམ་པར་བྱ། །གོམས་ནས་ཉིང་མཚམས་སྦྱོར་ཚེ་བརྩམས། །འདི་ཤེས་པ་ལ་འཆི་བ་དང༌། །གཤིན་རྗེའི་འཇིགས་པ་གྱི་ན་ཡིན། །ཐེག་པ་ཆེ་ལ་བློ་ལོག་ནས། །ཐེག་དམན་ཁོ་ནར་ཞུགས་གྱུར་ན། །ཇི་སྲིད་དེ་ལས་མ་ལོག་པ། །དེ་སྲིད་དེ་ཡི་གེགས་སུ་འགྱུར། །མཐར་ཐུག་འཕགས་པ་གཉིས་ཀ་ཡང༌། །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དམ་ཆོས་པདྨ་དཀར་ལ་སོགས། །ངེས་པའི་དོན་གྱི་མདོ་ལས་གསུངས། །སོ་སོའི་ཐར་པའི་སྡོམ་པ་སོགས། །ཐེག་ཆེན་ལམ་གྱི་ཡན་ལག་ཏུ། །བྱེད་ན་དེ་ཡི་གྲོགས་སུ་འགྱུར། །ཕལ་ཆེར་ཀུན་སློང་དབང་ཡིན་ནོ། །དམིགས་མེད་སྙིང་རྗེ་མཚན་ཉིད་པ། །རབ་དགའི་ས་ལ་སྐྱེ་བར་བཤད། །ཆ་མཐུན་ད་ལྟར་འབྱུང་བའང་སྲིད། །མཐར་ཕྱིན་སངས་རྒྱས་འབའ་ཞིག་ལ། །ཆོས་སྐུ་རྒྱལ་བའི་རང་བཞིན་ཏེ། །ལོངས་སྐུ་ཚོགས་གཉིས་རྫོགས་པའི་འབྲས། །སྤྲུལ་སྐུ་དེ་ཡི་རྣམ་འཕྲུལ་ཡིན། །མི་འདྲའི་རྣམ་གཞག་བཤད་པ་མང༌། །ཚུལ་ཁྲིམས་བྱང་སེམས་དམ་ཚིག་གསུམ། །གཞི་ཡིན་ཕྱིར་ན་བརྟན་པར་བྱ། །དད་དང་སྙིང་རྗེ་སྨོན་པ་གསུམ། །སྔོན་འགྲོ་ཡིན་ཕྱིར་སྔོན་དུ་བསྒོམ། །ལྷ་དང་བླ་མ་རང་རིག་གསུམ། །དངོས་གཞི་ཡིན་ཕྱིར་མཉམ་པར་གཞག །བསྔོ་བ་སྨོན་ལམ་རྗེས་དྲན་གསུམ། །མཇུག་སྡུད་ཡིན་ཕྱིར་མཇུག་ཏུ་སྤྱད། །སྒྱུ་མ་སྟོང་ཉིད་ཟུང་འཇུག་གསུམ། །ཁྱབ་བྱེད་ཡིན་ཕྱིར་ཀུན་རྒྱས་གདབ། །གསུམ་ཚན་ལྔ་རུ་སྤེལ་བ་ཡིས། །ཆོས་ཚུལ་བཅུ་དང་ལྔ་ཕྲག་གཅིག །རྗེས་སུ་སློབ་པའི་གང་ཟག་ལ། །ནོར་གྱི་སྙིང་པོར་བྱིན་པ་ཡིན། །དེ་ལྟར་ཁྱོད་ཀྱིས་ང་ལ་དྲིས་པའི་ལན། །དྲི་མེད་ལུང་གི་ཚུལ་བཞིན་བཤད་པ་ཡིས། །དགེ་བ་གང་དེས་འགྲོ་བ་མ་ལུས་ཀུན། །ཆོས་ཀྱི་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །ལྡན་གྱི་ཡུལ་དུ་སྐྱེས་པའི་བློ་གསལ་བའི་དགེ་སློང་དབང་ཕྱུག་འབུམ་ཞེས་བྱ་བས་དྲིས་པ་ལ། འཕགས་པས་ལན་བཏབ་པའི་རབ་ཏུ་བྱེད་པ། ཤིང་ཕོ་བྱི་བའི་ལོ་སྟོན་ཟླ་རྭ་བའི་ཚེས་ཉི་ཤུ་གཅིག་ལ་མཚལ་མདོར་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ། །འདི་གསང་སྔགས་ཀྱི་ཚུལ་གཙོ་ཆེར་འབྱུང་བས། དབང་མ་ཐོབ་པ་རྣམས་ལ་བསྟན་པར་མི་བྱའོ། །འདིས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*