སེང་གེ་མཐའི་ཞུས་ལན།

༼པ༽

༄༅། །སེང་གེ་མཐའི་ཞུས་ལན་བཞུགས།། 

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་ཀུན་མཁྱེན་ཡོན་ཏན་རྒྱ་མཚོ་ཡི། །དཔལ་ཡང་བདེ་བླག་ཉིད་དུ་སྩོལ་མཛད་ན། །འདོད་དགུའི་དཔལ་གཞན་སྨོས་ཀྱང་ཅི་ཞིག་འཚལ། །དེ་སླད་མཚུངས་མེད་བླ་མའི་ཞབས་ལ་འདུད། །ཡང་དག་བླ་མའི་ཚོགས་རྣམས་གུས་བསྟེན་ཅིང༌། །ཐོས་པ་རྒྱ་མཚོའི་ནོར་གྱིས་ཕྱུག་གྱུར་པ། །སེང་གེའི་མཐའ་ཡིས་ཇི་ལྟར་དྲིས་པའི་ལན། །དགེ་སློང་འཕགས་པས་མདོ་ཙམ་འདིར་བརྗོད་བྱ། །གང་ཞིག་ཐེག་པ་གསུམ་གྱིས་ངེས་འབྱུང་ཞིང༌། །ཐེག་པ་གཅིག་གིས་འབྲས་བུར་གནས་ཚུལ་ལ། །ཁོ་བོའི་བློ་གྲོས་ཅུང་ཟད་འཇུག་མོད་ཀྱང༌། །རྒྱས་པར་བརྗོད་པའི་གོ་སྐབས་དེང་སོང་མེད། །གལ་ཏེ་སླད་ནས་གོ་སྐབས་རྙེད་གྱུར་ན། །ཡི་གེར་དགོད་པའམ་རྣམ་པར་བཤད་པའམ། །འབེལ་བའི་གཏམ་གྱིས་ཁྱེད་སོགས་དོན་གཉེར་བའི། །བློ་གསལ་རྣམས་ལ་ངེས་པར་བགྱིད་པར་སྤྲོ། །དེ་ལ་རེ་ཞིག་འདིར་དྲིས་པའི་ལན་བརྗོད་པར་བྱ་སྟེ། རྣལ་འབྱོར་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར། དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པའི་གང་ཟག་ཅིག་ལ། ཡན་ལག་ཚང་བའི་རྩ་བའི་ལྟུང་བ་ཅིག་བྱུང་ན། བཤགས་པ་ལེགས་པར་བྱས་ནས། མཚན་ཉིད་དང་ལྡན་པའི་བླ་མ་ཞིག་ལས་དབང་ཡོངས་སུ་རྫོགས་པར་བླངས་ནས་སོར་ཆུད་ཅིང་རྣམ་པར་དག་པར་འགྱུར་བ། ལུང་རྣམས་ལས་ཀྱང་འབྱུང་ཞིང༌། མཁས་པ་རྣམས་ཀྱིས་ཀྱང་ཞལ་མཐུན་པར་གསུངས་པ་དེ་ལགས། བདག་འཇུག་བྱས་པས་འདག་པར་བཤད་པ་དང༌། བླ་མ་རྣམས་ཀྱིས་ཀྱང་འདག་པར་གསུངས་པའི་དགོངས་པ། ཡན་ལག་མ་ཚང་བའི་རྩ་ལྟུང་དང༌། ཡན་ལག་གི་ལྟུང་བ་དང༌། དམ་ཚིག་གི་ཉེས་པ་ཕྲ་མོ་འདག་པ་ལ་དགོངས། ཡན་ལག་ཚང་བའི་རྩ་ལྟུང་བྱུང་བ་དེ་དམ་ཚིག་ཉམས་པ་ཡིན་ལ། ཉམས་པ་དང་མ་ཐོབ་པ་གཉིས་ཀ་དམ་ཚིག་མེད་པར་མཚུངས་ཤིང་དམ་ཚིག་མེད་པར་གསང་སྔགས་ཉན་པ་ཙམ་ལའང༌། མི་དབང་ན་བདག་ཉིད་བསྐྱེད་པ་དང༌། དཀྱིལ་འཁོར་བསྒྲུབ་པ་ལ་དབང་བ་ལྟ་སྨོས་ཀྱང་ཅི་འཚལ། བདག་བསྐྱེད་དང༌། དཀྱིལ་འཁོར་བསྒྲུབ་པ་སྔོན་དུ་མ་སོང་བའི་བདག་ཉིད་འཇུག་པ་ག་ལ་མཆི། འོ་ན་རྩ་བའི་ལྟུང་བ་བྱུང་བའི་གང་ཟག་དེས། ཡུལ་དུས་མཚུངས་པར་བླ་མ་མཚན་ཉིད་དང་ལྡན་པ་མ་རྙེད་ན། ཇི་ལྟར་བྱེད་པའི་ཚུལ་ནི། ཐོག་མར་སྐྱབས་སུ་འགྲོ་བ་ཡང་ཡང་བྱ་ཞིང༌། སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པ་ཡང་ཡང་བྱས་པས། སྡིག་པ་དག་པའི་མཚན་མ་མཐོང་བ་དང༌། རྟེན་ཁྱད་པར་ཅན་ལ་དམིགས་པའི་རྟེན་བྱས་ནས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་པའི་སྤྱན་སྔར། ཡི་དམ་རང་གི་བླང་བའི་ཆོ་ག་ལྟར། སྨོན་པ་དང་འཇུག་པའི་སེམས་བསྐྱེད་ཡང་ཡང་བླངས་པས། བྱང་ཆུབ་སེམས་དཔའི་སྡོམ་པ་སོར་ཆུད་པར་འགྱུར། སྡིག་པ་མེད་ན་རྟེན་མཚུངས་པ་མེད་ཀྱང་ཕྱོགས་བཅུའི་སངས་རྒྱས་ལ་སྡོམ་པ་བླང་དུ་རུང་ལ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ལས་བཤད། ཐེག་པ་ཆེན་པོའི་སྡོམ་པ་ཐོབ་པ་དེས། བྱང་ཆུབ་ལྟུང་བཤགས་ལ་སོགས་པ་ལྟར་ཐེག་པ་ཆེན་པོའི་བཤགས་པ་ཡང་ཡང་བྱས་པས། སྡིག་པ་དག་པའི་མཚན་མ་མཐོང་བ་དང༌། དོན་ཞགས་ལས་འབྱུང་བ་ལྟར་གསོ་སྦྱོང་རང་གིས་བླང་བའི་ཆོ་གས་བླངས་ནས། གསོ་སྦྱོང་དང་སྨྱུང་གནས་བྱ་ཞིང༌། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་སོགས་པས་སྡིག་པ་དང༌། དམ་ཚིག་གི་ཉེས་པ་སྦྱངས་ཤིང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་དབང་ལེན་པའི་སྐལ་བ་དང་ལྡན་པར་མཛད་དུ་གསོལ་ཞེས་ཡང་ཡང་གསོལ་བ་བཏབ་པས། ཡི་དམ་གྱི་ལྷས་རྗེས་སུ་འཛིན་པའི་མཚན་མ་ཅུང་ཟད་མཐོང་བར་འགྱུར། འཇུག་པ་སེམས་བསྐྱེད་པ་ཐོབ་ནས། བྱ་སྤྱོད་ཀྱི་རྒྱུད་ཀྱི་ཆོ་ག་ཐུན་མོང་བ་རྣམས་ཉམས་སུ་བླང་དུ་རུང་བའི་དོན། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལས་ཀྱང་འབྱུང་ཞིང༌། བླ་མ་གོང་མ་རྣམས་ཀྱིས་ཀྱང་བཞེད་ལ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ལས་ཀྱང་འབྱུང་བ་དེ་ལགས། དེ་ལྟར་ཡི་དམ་གྱི་ལྷས་རྗེས་སུ་འཛིན་པའི་མཚན་མ་རྙེད་པ་དེས། མཆོད་པ་རྒྱ་ཆེར་བཤམས་ནས་མདུན་དུ་ཡི་དམ་གྱི་དཀྱིལ་འཁོར་གསལ་བར་དམིགས་ལ། སྤྱིའི་བཤགས་པ་དང༌། ལྟུང་བ་མིང་དང༌། རིགས་ནས་སྨོས་པའི་བྱེ་བྲག་གི་བཤགས་པ་སྟེ། བཤགས་པ་གཙོ་ཆེ་བའི་རྒྱུན་བཤགས་ཡང་ཡང་བྱས་ནས། རིགས་ལྔའི་སྡོམ་པ་གཟུང་བ་ཡང་ཡང་བྱས་པས། དམ་ཚིག་དང་སྡོམ་པ་ཡང་ཡང་བླང་བར་བྱའོ། །འདིས་དམ་ཚིག་དང་ལྡན་པར་འགྱུར་ཏེ། ཡུལ་གྱིས་རྗེས་སུ་འཛིན་པའི་མཚན་མ་རྙེད་པའི་ཕྱིར་ཡུལ་དང་ཡང་ལྡན་ལ། སྔོན་དུ་སྡིག་པ་དག་པའི་མཚན་མ་རྙེད་པའི་ཕྱིར། ལས་ཀྱི་སྒྲིབ་པས་ཀྱང་འགྲིབ་པར་མི་འགྱུར་ཞིང་འདུན་པ་ཡོད་ལ་བརྗོད་ཤེས་པའི་ཕྱིར། ཆོ་གའང་ཚང་བས་ཅི་ནས་ཀྱང་དམ་ཚིག་དང་ལྡན་པར་འགྱུར་བ་ཡིན། དབང་དང་མ་འབྲེལ་བར་དམ་ཚིག་ཐོབ་པའི་སྐབས་སྲིད་དམ་སྙམ་ན། དབང་ཉིད་ཀྱི་ཚེའང༌། ཕྱི་འཇུག་གི་དུས་སུ་དམ་ཚིག་ཐོབ་ལ། ནང་འཇུག་གི་དཀྱིལ་འཁོར་དུ་ཞུགས་ཤིང༌། དཀྱིལ་འཁོར་མཐོང་ནས་གཟོད་དབང་ལེན་ན། དབང་མ་ཐོབ་པའི་གོང་དུ་དམ་ཚིག་དང་ལྡན་པར་གྱུར་པ་ཡིན། འཇུག་པ་དང་དབང་གཉིས་ནུབ་སོ་སོར་བྱེད་པ་དང༌། དབང་ཡང་སློབ་མ་དང་སློབ་དཔོན་གྱི་དབང་སོ་སོར་བསྐུར་བ་སྔོན་གྱི་ཆེན་པོ་འགའ་ཞིག་གི་ཕྱག་ལེན་ལའང་ཡོད་པར་གདའ། དེས་ན་དབང་བསྐུར་བའི་ནུབ་མོ་མ་ཡིན་པར་ཡང་དམ་ཚིག་ཐོབ་པའི་སྐབས་སྲིད་པ་ལགས། དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་དམ་ཚིག་ཐོབ་པ་དེས། སླར་ཡང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཏིང་ངེ་འཛིན་གྱི་དབང་བླངས་པས། བསྐྱེད་རིམ་བསྒོམ་པའི་སྐལ་བ་དང་ལྡན་པར་འགྱུར་པས། བསྐྱེད་རིམ་བསྒོམས་ཤིང་བསྙེན་པ་བསྐྱལ་བས། གཟོད་ཕྱིའི་དཀྱིལ་འཁོར་ལེགས་པར་བསྒྲུབས་ནས། བདག་ཉིད་འཇུག་པ་དང་དབང་བླང་བ་བྱས་ནས་རྣམ་པར་དག་པར་འགྱུར་བར་རྟོགས་པ་ལགས། རྡུལ་ཚོན་གྱི་དཀྱིལ་འཁོར་མ་བསྒྲུབས་པའི་གོང་དུ། མདུན་གྱི་ནམ་མཁར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དམིགས་པ་ལས། དབང་ལེན་པའི་ཚུལ་འདི་སློབ་དཔོན་ཀུན་དགའ་སྙིང་པོས་རྡོ་རྗེ་འབྱུང་བ་ལས་བཤད། འདིའི་ལག་ལེན་གནུར་པས་བྱེད་པ་ལ། བླ་མ་གོང་མ་རྣམས་ཀྱིས་དགག་པར་མཛད་དེ། ཀུན་དགའ་སྙིང་པོའི་དགོངས་པ་དེ་རང་དུ་གདའ། དེའི་རྒྱུ་མཚན་ཡང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་དབང་བླངས་པས་ཉེས་པ་ཕྲ་མོའང་རྣམ་པར་དག་ནས། གཟོད་དཀྱིལ་འཁོར་བསྒྲུབ་པ་ལ་དབང་བར་འགྱུར་བས་སྔོན་ལ་དབང་ལེན་པའི་རྒྱུ་མཚན་དེར་གདའ། དེས་ན་ཕྱིའི་དཀྱིལ་འཁོར་གྱི་གོང་དུ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་དབང་ལེན་པ་འདི་ཀུན་དགའ་སྙིང་པོའི་རྗེས་སུ་འབྲངས་ཤིང་རིགས་པས་ཀྱང་འཐད་པར་མཐོང་བ་ལགས། རིམ་པ་འདི་རྣམས། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་བླང་བར་བྱ། །ཞེས་གསུངས་པའི་བླང་བ་ལ་བླ་མ་ལས་བླང་བ་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་བླང་བ་གཉིས་ལས། ཕྱི་མའི་ལག་ལེན་འདི་ཡིན་པར་གོ་བ་ལགས། དེ་ལྟར་སོར་ཆུད་པའི་གང་ཟག་དེ་ལ། སྔོན་དབང་བཀའ་མང་པོ་ཡོད་ན་དཀྱིལ་འཁོར་གཅིག་ཏུ་སོར་ཆུད་པར་བྱས་ནས། གཟོད་དབང་བཀའ་གང་དང་གང་ཡོད་པའི་དཀྱིལ་འཁོར་རྣམས་བསྒྲུབས་ཤིང་བདག་ཉིད་ཞུགས་ཏེ་དབང་བླངས་ན། སྔོན་ཐོབ་པའི་བག་ཆགས་རྒྱུད་ལ་ཡོད་པ་དང༌། ཕྱིས་བདག་ཉིད་ཀྱིས་ལེགས་པར་བླངས་པའི་ཕྱིར་སྔར་གྱི་དབང་བཀའ་ཐམས་ཅད་སོར་ཆུད་པར་འགྱུར་བ་ལགས། དགྱེས་པའི་རྡོ་རྗེའི་གཡོན་གྱི་ཕྱག་མཚན་གྱི་རིམ་པ། ས་དང་ཆུ་དང་རླུང་དང་ནི། །མེ་དང་ཞེས་གསུངས་པའི་ཕྱི་མ་གཉིས་པོ་ལུགས་འབྱུང་གི་རིམ་པར་མ་གསུངས་པའི་རྒྱུ་མཚན། གཡོན་གྱི་ཕྱག་མཚན་བརྒྱད་ཀྱིས་དབང་ཕྱུག་བརྒྱད་སྟེར་ཞིང་དག་ལ། དབང་ཕྱུག་བརྒྱད་ནི་སྒྲོན་གསལ་དུ་རྒྱུད་ཀྱི་ལུང་དྲངས་པ། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་དུ་འགྲོ་བའི་དབང་ཕྱུག་དང༌། །ཅི་འདོད་ཕྲིན་ལས་ཡོན་ཏན་བརྒྱད་པའོ། །ཞེས་གསུངས་པ་ལ། སྐུ་དང་ས་གཞན་གྱི་རྟེན་བྱེད་པར་མཚུངས། གསུང་དང་ཆུ་གཞན་འཛིན་པར་མཚུངས། ཐུགས་དང་མེ་གསལ་བར་མཚུངས། རྫུ་འཕྲུལ་དང་རླུང་གཡོ་བར་མཚུངས། ཀུན་འགྲོ་དང་ཟླ་བའི་འོད་ཟེར་ཐམས་ཅད་ལ་འཇུག་པར་མཚུངས། ཅི་འདོད་བྱེད་པ་དང་ཉི་མའི་འོད་ཟེར་གཞན་སྨིན་པར་བྱེད་པར་མཚུངས། ཕྲིན་ལས་དང་གཤིན་རྗེ་མཐུ་དང་ལྡན་པར་མཚུངས། ཡོན་ཏན་དང་ནོར་སྦྱིན་གཞན་གྱི་དབུལ་བ་སེལ་བར་མཚུངས་པས་རྒྱུད་ནས་བཤད་པ་དང་དབང་ཕྱུག་གི་རིམ་པ་དང་འཐུན་པར་གོ བླ་མ་ཀུན་གྱིས་ས་དང་ཆུ་དང་མེ་དང་རླུང་གི་རིམ་པ་མཛད་པ་དེ། འབྱུང་བ་ལུགས་འབྱུང་གི་རིམ་པ་ལ་དགོངས་པར་གོ ཕྱག་ལེན་ལ་རྒྱུད་བཞིན་དུ་མཛད་པ་ལགས། དེ་ལྟར་ཁྱེད་ཀྱིས་དྲིས་ལ་ལན་བཏབ་པ། །འདི་ལ་ནོངས་གང་བདག་བློའི་ཉེས་པར་ཟད། །དེ་ལ་མཁས་མཆོག་རྣམས་ཀྱིས་བཟོད་པར་དགོངས། །འདི་ཡི་ལེགས་ཆས་འགྲོ་བ་དགེ་བར་ཤོག །དྲིས་པའི་ལན་རྣམ་པར་ངེས་པ་ཞེས་བྱ་བ་མེ་ཕོ་སྟག་གི་ལོ་རྒྱལ་གྱི་ཟླ་བའི་ཚེས་གསུམ་གྱི་ཉིན་མོར་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*