དུས་འཁོར་ཐུགས་དཀྱིལ་གྱི་མངོན་རྟོགས།

༼པ༽

༄༅། །དུས་འཁོར་ཐུགས་དཀྱིལ་གྱི་མངོན་རྟོགས་བཞུགས་སོ།།

༄༅། །ན་མོ་གུ་རུ་ཀཱ་ལ་ཙཀྲཱ་ཡ། ན་མོ་མཉྫུ་གྷོ་ཥཱ་ཡ། དཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར་བསྒོམ་པར་འདོད་པའི་རྣལ་འབྱོར་པས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་སོང་ནས། བདུད་རྩི་རི་ལུ་ཁར་བཅུག་ལ། ཨོཾ་ཨཱཿཧཱུྃ་ཧོཿཧྃ་ཀྵཿཔྲཛྙོ་པ་ཡ་ཨཱདྨ་ཀ་ཀཱ་ཡ་ཝཱཀྩིཏྟ་ཛྙཱ་ནཱ་དྷི་པ་ཏེ། མ་མ་ཀཱ་ཡ་ཝཱཀྩིཏྟ་ཛྙཱ་ན་བཛྲཱི་བཛྲ་ཨ་མྲི་ཏ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ། སྐནྡྷ་དྷཱ་ཏྭཱ་ཡ་ཏ་ནཾ་ནིཿདྷ་ག་ནཾཿ སྭ་བྷཱ་ཝ་སྭཱ་ཧཱ། ཞེས་པས་ལུས་ངག་ཡིད་དག་པར་བསྒོམས་ནས། གཙུག་ཏོར་དུ་ཧྃ་ལས་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་བསྒོམས་ལ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ལུས་ཡོངས་སུ་དག་པར་བསམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་དོ། །དེ་ནས་དཔྲལ་བར་ཨོཾ་ལས་འོད་དཔག་མེད་དཀར་པོ། མགྲིན་པར་ཨཱཿལས་རིན་ཆེན་འབྱུང་ལྡན་དམར་པོ། སྙིང་གར་ཧཱུྃ་ལས་དོན་ཡོད་གྲུབ་པ་ནག་པོ། ལྟེ་བར་ཧོཿལས་རྣམ་པར་སྣང་མཛད་སེར་པོ། གཙུག་ཏོར་དུ་ཧྃ་ལས་མི་བསྐྱོད་པ་ལྗང་གུ། གསང་བར་ཀྵཿལས་རྡོ་རྗེ་སེམས་དཔའ་སྔོན་པོ་སྟེ་རིགས་དྲུག་བཀོད་ནས། ཨོཾ་ཧྲཿསརྦ་ཨསྟྲ་རཱ་ཛ་མཱ་ར་ཀླེ་ཤ་ཨནྟ་ཀ་ར། བཛྲ་ཏིཀྵྞ་དུཿཁཙྪེ་ད་མ་མ་ཀ་རཾ། བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་པས་མངོན་པར་བསྔགས་ལ། ལག་པ་དག་པར་བྱས་ཏེ། ཕན་ཚུན་མཉེས་ནས་གཤིབས་ཏེ་སྟེང་དུ་ཕྱོགས་པའི་གཡོན་པའི་མཐེའུ་ཆུང་གི་རྩ་བའི་ཚིགས་ནས་བརྩམས་ཏེ་མཐེ་བོའི་ཚིགས་ཀྱི་བར་ལ། ཨ་ཨི་རྀ་ཨུ་ལྀ་ཨ་ཨེ་ཨར། ཨོ་ཨལ། ཧ་ཡ་ར་ཝ་ལ་རྣམས་དགོད་ཅིང་གཡས་པའི་མཐེ་བོང་སྟེང་གི་ཚིགས་ནས་བརྩམས་ཏེ། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་རྣམས་བཀོད་ནས་ཐལ་མོ་སྦྱར་བའི་བར་དུ། གཡོན་དུ་ཟླ་བ་དང་གཡས་སུ་ཉི་མ་དབུས་སུ་ཧཱུྃ་སྔོན་པོ་རྣམས་བསྒོམས་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་དང་བཅས་པས། གཙུག་ཏོར་ནས་རྐང་པའི་སེན་མོའི་བར་གྱི་ལུས་ཀྱི་ཆ་ཤས་རྣམས་ལ་རེག་ཅིང༌། ཨོཾ་ཨཱཿཧཱུྃ་ཧོཿཧྃ་ཀྵཿཀཱ་ཡ་ཝཱཀྩིཏྟ་ཛྙཱ་ན་ཨ་དྷི་པ་ཏེ་བཛྲ་ཀཱ་ཡ། མ་མ་ཀཱ་ཡ་ཝཱཀྩིཏྟ་ཛྙཱ་ན་བཛྲི་བཛྲ་ཀཱ་ཡ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་རིགས་དྲུག་པའི་རང་བཞིན་གྱི་ལུས་སུ་གྱུར་པར་བསྒོམས་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ་ཞེས་བརྗོད་དོ། །དེ་ནས་ཐལ་མོ་སྦྱར་བའི་མཐེ་བོང་སྙིང་ཁར་རེག་སྟེ། ཨོཾ་ཧྲིལཱཾ་ཧྲྀ་ད་ཡཱ་ཡ་ན་མཿ ཞེས་བརྗོད་དོ། །དེ་བཞིན་དུ་མགྲིན་པར། ཨོཾ་ཧཱུྃ་གྲྀ་ཝཱ་ཡ་སྭཱ་ཧཱ། མགོ་བོར། ཨོཾ་ཧྲརའྃ་ཤི་ར་སེ་བཽ་ཕཊ། ཡན་ལག་ཐམས་ཅད་ལ། ཨོཾ་ཧྲཱིཾ་ཀ་བ་ཙཱ་ཡ་ཧཱུྃ། མིག་ལ། ཨོཾ་ཧྲཱྃ་ནེ་ཏྲཱ་ཝ་ཥ་ཊ། མཐེབ་མཛུབ་ཀྱིས་ཕྱོགས་ཐམས་ཅད་དུ་སེ་གོལ་གཏོགས་ཤིང༌། ཨོཾ་ཧྲཱཿཨསྟྲཱ་ཡ་ཕཊ། ཅེས་བརྗོད་པས་ཡན་ལག་དྲུག་དག་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གྲྀ་ཝ་སི་རཿཀ་ཝ་ཙ་ནེ་ཏྲ་ཨསྟྲ་བཛྲ་ཥ་ཌཱྃ་ག་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ལྟར་རིགས་དྲུག་དང་ཡན་ལག་དྲུག་རིམ་པ་བཞིན་ཡབ་དང་ཡུམ་མོ། །དེ་ལྟར་བདག་ཉིད་བསྲུངས་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་ཏུ་ཡེ་ཤེས་ཀྱི་མེ་ལྗང་གུ་འབར་བ་སྟེང་དུ་སྔོན་པོ། ཤར་དང་ཤར་ལྷོར་ནག་པོ། ལྷོ་དང་ལྷོ་ནུབ་ཏུ་དམར་པོ། ནུབ་དང་ནུབ་བྱང་དུ་སེར་པོ། བྱང་དང་བྱང་ཤར་དུ་དཀར་པོ། །འབར་བའི་ཡེ་ཤེས་ཀྱི་མེ་དཔུང་དུ་གྱུར་ནས། སླར་ཡང་འོད་འཕྲོས་པས་དེའི་དབུས་སུ་རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བ་སྟེང་མདའི་དྲྭ་བ་དང༌། འོག་རྩེ་མོ་ཐུར་དུ་བསྟན་པའི་མདུང་གིས་གཏམས་པར་གྱུར་པར་བསྒོམས་ནས། ཨོཾ་ཨཱཿཧཱུྃ་རཿ བཛྲ་ཙནྡྲ་སཱུརྻ་རཱ་ཧུ་ཀཱ་ལ་ཨགྣེ་ཀཱ་ཡ་ཝཱཀྩིཏྟ་ཛྙཱ་ན་བཛྲ་པྲཱ་ཀཱ་རཱ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་བསོད་ནམས་ཀྱི་ཚོགས་བསག་པའི་ཕྱིར། རང་གི་སྙིང་གའི་ནང་དུ་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་དམིགས་པ་ལས་འོད་འཕྲོས་པས་རང་གི་སྡིག་པ་སྦྱངས། དབང་པོ་དང་བ་སྤུའི་བུ་ག་ནས་འཕྲོས་པས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ལ་ན་མོ་གུ་རུ་བྷྱཿདང༌། ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ་མཎྜ་ལེ་བྷྱཿས་ཕྱག་འཚལ་ནས་རང་གི་སྙིང་ག་ན་ས་བོན་སོ་སོ་ལས་བསྐྱེད་པའི་ལྷ་མོ་བཅུ་གཉིས་ཀྱིས་མཆོད་པར་བྱ་སྟེ། ཨོཾ་ཙཚཛཛྷཉཱ་བཛྲ་གནྡྷེ་གནྡྷ་ཨརྩཙ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཙཚཛཛྷཉཱ་བཛྲ་མཱ་ལེ་མཱ་ལ་ཨརྩཙ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །ཨོཾ་ཊཋཌཌྷཎཱ་བཛྲ་དྷཱུ་པེ་དྷཱ་པ། ཨརྩཙ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཊཋཌཌྷཎཱ་བཛྲ་པྲ་དཱི་པེ་པྲ་དཱི་པ། ཨརྩཙ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པཕབབྷམཱ་བཛྲ་ཨ་མྲྀ་ཏ་བཛྲ་ནཻ་ཝི་དྱེ་ཨརྩཙ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་པཕབབྷམཱ་བཛྲ་ཨཀྵ་ཏེ་བཛྲ་ཨཀྵ་ཏ་ཕ་ལ་ཨརྩཙ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏཐདདྷནཱ་བཛྲ་ལཱ་སྱེ་བསྟྲ་ཨཱ་བྷ་ར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །ཨོཾ་ཏཐདདྷནཱ་བཛྲ་ཧ་སྱེ་གྷ་ཎ་ཊ་ཨཱ་དརྴ་པཱུ་ཛཱི་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀཁགགྷངཱ་བཛྲ་བཱ་དྱེ་བཱ་དྱ་པཱུ་ཛཱིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཀཁགགྷངཱ་བཛྲ་ནྲི་ཏྱེ་ནྲྀ་ཏྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སཉཔཥཤྈཀཱ་བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སཉཔཥཤྈཀཱ་བཛྲ་ཀ་མེ་སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་ཀྲོ་དྷ་ཨ་དཱི་ནཱཾ་བཛྲ་སུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་རྣམས་ཀྱིས་མཆོད་ནས་སྡིག་པ་དཔག་མེད་བྱས་པ་རྣམས། སོ་སོ་ཉིད་དུ་བཤགས་པར་བགྱི། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་དགེ་འདུན་རྣམས་ཀྱིས་དགེ་བ་དཔག་མེད་གང་བྱས་པ། །དེ་རྣམས་ཀུན་ལ་རྗེས་སུ་ཡི་རང་བགྱི་ཞིང་སྡིག་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་ཞུགས་པར་ཞུ། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་པ་འཇོམས་པ་རྣམས་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་གིས་ཇི་སྲིད་ལེན་འགྱུར་ལུས་འབུལ་སེམས་ཅན་མ་ལུས་དོན་ཕྱིར་རྫོགས་པའི་སངས་རྒྱས་ཤོག །ཅེས་ལན་གསུམ་བརྗོད་ནས་སེམས་བསྐྱེད་པ་དང༌། བསམ་པ་རྣམ་པར་དག་པ་དང༌། བདག་དང་བདག་གིར་འཛིན་པ་དང་བྲལ་བའི་རྩ་བ་གསུམ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། ཚངས་པའི་གནས་བཞི་དང༌། བསྡུ་བའི་དངོས་པོ་བཞི་བསྒོམ་པར་བྱ་ཞིང་མི་དགེ་བ་བཅུ་དང༌། སྒྲིབ་པ་ལྔ་དང༌། ཉོན་མོངས་པ་བཞི་དང༌། ཟག་པ་བཞི་པོ་སྤངས་བར་བསྒོམས་ནས། ཚོགས་ཀྱི་ཞིང་གཤེགས་སུ་གསོལ་ལོ། །བསོད་ནམས་ཀྱི་ཚོགས་བསགས་ནས། ཡེ་ཤེས་ཀྱི་ཚོགས་བསག་པའི་ཕྱིར། དངོས་མེད་དངོས་པོ་མེད་པའི་ཕྱིར། །དེ་ལྟར་དངོས་པོ་དངོས་མེད་འགྱུར། །དེ་ཕྱིར་དངོས་པོ་དམིགས་སུ་མེད། །ཅེས་བརྗོད་ཅིང་དོན་དྲན་པར་བྱས་ནས། སླར་ཡང་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་དམིགས་ཏེ། ཕྱིའི་སྣོད་བཅུད་ཐམས་ཅད་ལུས་ལ་ཐིམ་ཞིང༌། ལུས་ཀྱི་མེའི་ཁམས་ཆུས་ས་བརྣལ་བར་བྱས་ཤིང༌། སའང་ཆུ་ལ་ཐིམ་སྟེ། ཆུ་རླུང་གིས་བསྐམས་ནས། རླུང་ཡང་ནམ་མཁའ་ལ་ཐིམ་སྟེ། རྣམ་པར་ཤེས་པའང་སྟོང་པ་ཉིད་དུ་རྗེས་སུ་ཞུགས་ནས་ཡུལ་དང་ཡུལ་ཅན་དང་བྲལ་བའི་སྟོང་པ་ཉིད་དུ་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས་མཚན་མ་མེད་པའི་དོན་དྲན་པར་བྱས་ལ། ཨོཾ་ཨ་ནི་མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །ཡང་སྨོན་པ་མེད་པའི་དོན་དྲན་པར་བྱས་ནས། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས་ཆོས་ཐམས་ཅད་གདོད་མ་ནས་མ་གྲུབ་པ་མངོན་པར་འདུས་མ་བྱས་པའི་དོན་དྲན་པར་བྱས་ལ། ཨོཾ་ཨ་ནཱ་བྷི་སཾསྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་རྟེན་བསྐྱེད་པའི་ཕྱིར་སྔོན་གྱི་སྨོན་ལམ་གྱི་མཐུས་སྟོང་པ་ཉིད་ཀྱི་ངང་ལས་ཧྲཱིཿལས་ནམ་མཁའི་དཀྱིལ་འཁོར་ལྗང་གུའི་དབུས་སུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་གདེངས་ཁ་གྱེན་དུ་ཕྱོགས་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ཡྃ་ཧཱུྃ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པར་རྒྱར་དཔག་ཚད་འབུམ་ཕྲག་བཞི་པ། དེའི་སྟེང་དུ་ཧཱུྃ་རྃ་ཧཱུྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ། དེའི་སྟེང་དུ་ཧཱུྃ་ཁྃ་ཧཱུྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ། དེའི་སྟེང་དུ་ཧཱུྃ་ལྃ་ཧཱུྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ་ཐམས་ཅད་ཀྱི་སྟེང་འོག་སྣ་ཚོགས་ཀྱི་རྡོ་རྗེས་མཚན་པ་རིམ་པ་བཞིན་རླུང་ཡབ་དང༌། བཀྲ་ཤིས་དང༌། པདྨ་དང༌། །འཁོར་ལོས་མཚན་པ་བསྒོམས་ནས། ཨོཾ་ཧཱྃ་ཡཱྃ་རཱྃ་ཝཱྃ་ལཱྃ་བཛྲ་ཨཱ་ཀཱ་ཤ བཱ་ཡུ། ཏེ་ཛ། ཨུ་ད་ཀ པྲྀ་ཐཱི་ཝཱི། བཛྲ་སྭ་བྷཱ་ཝ། པཉྩ་དྷཱ་ཏ་བོ་བཛྲ་མཎྜལ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་དོ། །དེའི་སྟེང་དུ་མྃ་ལས་རི་རབ་སྟེང་གི་ཆ་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་པ་བསམ་པའི་སྟེང་དུ་ཀྵཿལས་པདྨ་རྒྱར་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་བསམས་ལ། ཨོཾ་ཀྵཿབཛྲ་བི་ཤྭ་པདྨཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་དོ། །དེའི་ལྟེ་བར་ཧྃ་ལས་ཟླ་བའི་དཀྱིལ་འཁོར་རྒྱར་དཔག་ཚད་སྟོང་ཕྲག་བཅོ་བརྒྱད་སུམ་ཆ་དང་བཅས་པ་བསམས་ནས། ཨོཾ་ཧྃ་བཛྲ་ཙནྡྲཱ་ས་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་དོ། །དེའི་སྟེང་དུ་ཨ་ལས་ཉི་མའི་དཀྱིལ་འཁོར་ཟླ་བའི་ཚད་དང་མཉམ་པ་བསམས་ལ། ཨོཾ་ཨཱཿབཛྲ་སཱུརྻཱ་ས་ན་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་དོ། །དེའི་སྟེང་དུ་ཨྃ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ནག་པོ་ཉི་མའི་ཚད་དང་མཉམ་པ་བསམས་ནས། ཨོཾ་ཨྃ་རཱ་ཧུ་ཨཱ་ས་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་དོ། །དེ་ནས་དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཧྃཀྵམལཝརཡ་ཞེས་པའི་ས་བོན་དུ་གྱུར་ཅིང་དེའང་ཡོངས་སུ་གྱུར་པ་ལས། རྟེན་གྱི་དཀྱིལ་འཁོར་དུ་གྱུར་ཏེ་དེའང་ཕྱི་རོལ་ཡེ་ཤེས་ཀྱི་མེ་འབར་བས་ཡོངས་སུ་བསྐོར་བའི་རྡོ་རྗེ་ཕྲེང་བའི་ནང་དུ་ནམ་མཁའ་དང་རླུང༌། དེ་ཉིད་ཀྱི་མཚམས་སུ་དུར་ཁྲོད་ཆེན་པོ་བརྒྱད་དང༌། དེའི་ནང་དུ་མེ་དང་ཆུ་དང་སའི་ཁོར་ཡུག་གིས་བསྐོར་ཞིང༌། དེའི་དབུས་སུ་པདྨའི་ལྟེ་བ་ལ་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་པོ་དམར་པོ་ནག་པོའི་རྩིག་པ་རིམ་པ་གསུམ་དང་ལྡན་པ་འོག་འདོད་ཡོན་གྱི་སྣམ་བུ་དཀར་པོ་དང༌། སྟེང་དུ་རིན་པོ་ཆེའི་ཕ་གུ་དང༌། དྲྭ་བ་དང༌། དྲྭ་བ་ཕྱེད་པ་དང༌། བ་ཀུ་ལཱི་དང་ཀྲ་མ་ཤཱིརྵས་སྤྲས་པ་ལ་ཟླ་བ་དང༌། རྒྱལ་མཚན་དང༌། དྲིལ་བུ་དང༌། མེ་ལོང་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། སྒོ་རྣམས་ཀྱི་སྟེང་དུ་རྟ་བབས་བང་རིམ་གསུམ་གསུམ་དང་ལྡན་པའི་རིམ་པ་རེ་རེ་ཞིང་མཆོད་པའི་ལྷ་མོ་རྣམས་དང་ལྡན་པ། སྒྲིབ་པ་མེད་ཅིང་འོད་ཟེར་ཀུན་ཏུ་འཁྲུག་པའི་གཞལ་ཡས་ཁང་གི་དཀྱིལ་དུ་པདྨ་ལྗང་གུ་འདབ་མ་བརྒྱད་པའི་ལྟེ་བར་ཧྃ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཨ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཨྃ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་དེའི་སྟེང་དུ་ཧྃ་ལས་དུས་ཀྱི་མེའི་དཀྱིལ་འཁོར་རྣམས་བསྒོམ་མོ། །དེའི་ཕྱི་རོལ་རྡོ་རྗེའི་ཕྲེང་བ་བཞི་པས་བསྐོར་བའི་ངོས་རེ་རེར་ཤར་གྱི་ལ་རལ་གྲི། ལྷོའི་ལ་རིན་པོ་ཆེ། བྱང་གི་ལ་པདྨ། ནུབ་ཀྱི་ལ་འཁོར་ལོས་མཚན་པ། ཀ་བ་བཅུ་དྲུག་གིས་རྡོ་རྗེའི་གདུང་བརྒྱད་བཏེག་པ་མིག་མངས་རིས་སུ་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཚན་པ། ཀ་བའི་བར་གྱི་ཕྱོགས་བཞིར་པདྨ་དང་ཉི་མའི་གདན་དང་གྲྭ་བཞིར་པདྨ་དང་ཟླ་བའི་གདན་ཏེ། དེ་བཞིན་གཤེགས་པའི་འཕར་མའོ། །དེའི་ཕྱི་རོལ་གྱི་རིམ་པ་དང༌། གྲྭ་བཞིར་པདྨ་དང་ཟླ་བའི་གདན་རེ་རེ་སྟེ་སེམས་དཔའ་སེམས་མའི་འཕར་མའོ། །དེའི་ཕྱི་རོལ་སྒོ་བཞིར་པདྨ་དང་ཉི་མའི་གདན་བཞི་བསྒོམ་པ་ནི་ཁྲོ་བོའི་འཕར་མའོ། །དེ་ལྟར་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། ཨོཾ་བྷྲཱུྃ་བི་ཤྭ་ཀཱ་ཡ་བཛྲ། བཛྲ་ཀཱུ་ཊ་ག་རཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་དོ། །རྟེན་བསྐྱེད་པའོ། །དེ་ནས་བརྟེན་པ་ལྷ་བསྐྱེད་པའི་ཕྱིར་གདན་དབུས་མའི་སྟེང་དུ། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཨྃ་རྣམས་གཡོན་སྐོར་དང༌། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཨཿརྣམས་གཡས་སྐོར་དུ་དམིགས་ལ། དེ་དག་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་བལྟའོ། །ཨོཾ་དེ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་ཞིང་དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བལྟའོ། །དེའི་སྟེང་དུ། ལླ་ཝྺ་ཡྻ་ཌྜ་ཌྷཌྷ། ལླ་ཝྺ་རར་ཡྻ་ཧཧ། སྶ་ཉྤཉྤ་ཥྵ་ཤྴ་ྈཀྈཀ ཏྟ་ཐཐ་དྡ་དྷ་དྷ་ནྣ། པྤ་ཕཕ་བྦ་བྷ་བྷ་མྨ། ཊྚ་ཋཋ་ཌྜ་ཌྷཌྷ་ཎྞ། ཙྩ་ཚྪ་ཛྫ་ཛྷཛྷ་ཉྙ། ཀྐ་ཁྑ་གྒ་གྷགྷ་ངྔ། རྣམས་གཡོས་སྐོར་དང༌། ངགྷ་ག་ཁ་ཀ ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈཀ་ཤ་ཥ་ཉྤ་ས། ཧ་ཡ་ར་ཝ་ལ། ཌྷ་ཌ་ཡ་ཝ་ལ་རྣམས་གཡོན་སྐོར་དུ་དམིགས་ལ། དེ་དག དཔེ་བྱད་བཟང་པོ་བརྒྱད་ཅུར་བལྟའོ། །ཨཿདེ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་དུ་བསྒོམ་ཞིང༌། དེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བལྟའོ། །དེའི་བར་དུ་ཧུྃ་ལས་སྣ་ཚོགས་རྡོ་རྗེ་ཧུྃ་གིས་མཚན་པ་བསྒོམ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་བལྟའོ། །དེ་གསུམ་འདྲེས་པ་ལས་བྱུང་བའི་གོང་བུ་ཧི་ཡིག་གིས་མཚན་པ་བསྒོམ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སུ་བལྟའོ། །དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཀྱི་སྐུ་ཡོངས་སུ་རྫོགས་པར་གྱུར་པ་བསྒོམ་སྟེ། དེའང་སྐུ་མདོག་ནག་པོ་ཞལ་བཞི། ཕྱག་ཉི་ཤུ་རྩ་བཞི་པ། ཞབས་གཉིས་པ་རྩ་ཞལ་ནག་པོ་མཆེ་བ་གཙིགས་པ། གཡས་དམར་པོ་ཆགས་པ་དང་བཅས་པ། གཡོན་དཀར་པོ་རབ་ཏུ་ཞི་བ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པའི་ཚུལ། སྤྱན་གསུམ་གསུམ་དང་ལྡན་པ་རལ་པའི་ཅོད་པན་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པའི་འོག་ན་ཟླ་ཚེས་དང་ཐོད་པ་སྐམ་པོ་ལྔས་བརྒྱན་པ། ཞལ་གདངས་པ་མཆེ་བ་གཙིགས་པའོ། །མགྲིན་པ་གསུམ་པའི་དབུས་གནག གཡས་དམར། གཡོན་དཀར་བའོ། །གཡས་གཡོན་དུ་ཕྲག་པ་གསུམ་གསུམ་ནི་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །དེ་བཞིན་དུ་དཔུང་པ་དྲུག་དྲུག་གི་དང་པོ་གཉིས་ནག་པོ། བར་པ་གཉིས་དམར་པོ། ཐ་མ་གཉིས་དཀར་པོའོ། །དེ་བཞིན་དུ་གཡས་གཡོན་དུ་ལག་ངར་བཅུ་གཉིས་བཅུ་གཉིས་ཏེ་དང་པོ་བཞི་ནག་པོ། བར་པ་བཞི་དམར་པོ། ཐ་མ་བཞི་དཀར་པོ། ཕྱག་མགོ་ཉི་ཤུ་རྩ་བཞི་པའི་དང་པོར་བརྒྱད་གནག བར་པ་བརྒྱད་དམར། ཐ་མ་བརྒྱད་དཀར་པོའོ། །སོར་མོ་ལྔ་ལྔའི་མཐེ་བོ་སེར། མཛུབ་མོ་དཀར། གུང་མོ་དམར། སྲིན་ལག་གནག མཐེའུ་ཆུང་ལྗང་བའོ། །སོར་མོ་རེ་ལ་ཚིགས་གསུམ་གསུམ་སྟེ། དང་པོའི་ཕྲེང་ནག་པོའོ། །གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །ཞབས་གཡས་དམར་པོ་བརྐྱང་པས་འདོད་པའི་ལྷའི་བདུད་སྡིག་ཅན་དམར་པོ་གདོང་གཅིག་པ། ལག་པ་བཞི་པ་གཡས་པ་གཉིས་ཀྱིས་མདའ་དང་ཞགས་པ། གཡོན་པ་གཉིས་ཀྱིས་གཞུ་དང་ལྕགས་ཀྱུ་འཛིན་པ། ཆུང་མ་དགའ་མ་དང་ལྷན་ཅིག་མནན་པ། གཡོན་པ་དཀར་པོ་བསྐུམ་པས་དྲག་པོ་དཀར་པོ་གདོང་གཅིག་པ། ལག་པ་བཞི་པ་གཡས་གཉིས་རྩེ་གསུམ་དང་ཅང་ཏེའུ། གཡོན་པ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ཆུང་མ་ཨུ་མ་དང་ལྷན་ཅིག་མནན་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན་དུ་བསྐྱེད་ནས། ཕྱག་རྒྱ་རྣམས་ཀྱིས་གདབ་པར་བྱ་སྟེ། དེའང་ཨོཾ་ཧྃ་ཧཿས་རྡོ་རྗེའི་རྣ་རྒྱན་རྣམས་བསྐྱེད་ནས། བཱ་མ་དཀྵི་ཎ་ཀརྞཎ་ཡོར། བཛྲ་ཀུཎྜ་ལི་ཧུྃ་ཧཱུྃ་ཕཊ་ཕཊ་ཅེས་བརྗོད་པས་རྣ་བ་རྣམས་ལ་རྣ་རྒྱན་གྱི་རྒྱས་བཏབ་པར་བསམ་མོ། །ཚུལ་དེ་བཞིན་འོག་མ་རྣམས་ལའང་ཤེས་པར་བྱས་ནས། ཨོཾ་ཨྃ་ཨཿཀཊྱཱཾ་ཀཎྛེ། བཛྲ་མེ་ཁ་ལཱ། བཛྲ་ཀཎྛི་ཀེ་ཧུྃ་ཧཱུྃ་ཕཊ་ཕཊ་ཀྱིས་སྐ་རགས་དང་མགུལ་རྒྱན་དང༌། ཨོཾ་ཨ་ཨཱ་བཱ་མ་དཀྵི་ཎ་ཀ་ར་ཡོར་བཛྲ་རུ་ཙ་ཀཽ་ཧུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ལག་གདུབ་རྣམས་དང༌། ཨོཾ་ཧ་ཧཱ་བྷཱ་མ་དཀྵི་ཎ་པཱ་ད་ཡོར་བཛྲ་ནཱུ་པུ་རེ་ཧུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་རྐང་གདུབ་གཉིས་དང༌། ཨོཾ་ཧྃ་བྃ་པཉྩ་ཨ་ཀཱ་ར་མ་ཧཱ་ཤྱུ་ནྱ་སྭ་བྷཱ་ཝ་མ་ཧཱ་བཛྲ་ཤི་རོ་མ་ཎི་ཤིར་སི། སརྦ་ཨཾ་གེ་བྷཱ་ཤྨ་ཧུྃ་ཧཱུྃ་ཕཊ་ཕཊ་ཀྱིས་གཙུག་གི་ནོར་བུ་དང༌། ཐལ་ཆེན་གྱི་རྒྱ་དང༌། ཨོཾ་ཨྃ་ཨརྡྷ་ནཱ་རཱི་ཤྭ་ར་བཛྲ་ཨརྡྷ་ཙནྡྲ་བཛྲ་པ་ཌ་ཨུརྡྷེ་ཧུྃ་ཧཱུྃ་ཕཊ་ཕཊ་ཀྱིས་ཟླ་བ་ཕྱེད་པ་དང༌། དར་དཔྱངས་དང༌། ཨོཾ་ཨ་ཨཿ ཨྃ་སརྦ་སྭ་རཻ་ཀ་ཏྲཱི་སྭ་ར་སྭ་བྷཱ་ཝ་བཛྲ་ཡ་ཛྙོ་པ་བཱི་ཏཱ་སྐནྡྷེ་ཧུྃ་ཧཱུྃ་ཕཊ་ཕཊ་ཀྱིས་མཆོད་ཕྱིར་ཐོགས་དང༌། ཨོཾ་ཀྵཿདུརྡཱནྟ་ཨ་བྷི་མཱ་ནཀྵ་ཡཾ་ཀ་ར། བྱཱ་གྷྲཱ་ཙརྨ་ཀ་ཊཽ་ཧུྃ་ཧཱུྃ་ཕཊ་ཕཊ་ཀྱིས་སྟག་གི་པགས་པའི་ཤམ་ཐབས་དང༌། ཨོཾ་ཧྃ་ཀྵཿཏྲཱིཾ་ཤཏྶྭ་ར་སཔྟ་ཏི་ཧྲ་སྭ་དཱིརྒྷ་བྱ་ཉྫ་ན་སྭ་བྷཱ་ཝ་དཻ་ཏྱཾ་ཀུ་ལ་ཤ་ཏ་སི་རོ་བྷིར་མུཎྜ་མཱ་ལ་སྐན་དྷཱ་བ་ལཾ་བི་ནི་སྐནྡྷེ་ཧུྃ་ཧཱུྃ་ཕཊ་ཕཊ་ཀྱིས་ལྷ་མ་ཡིན་གྱི་མགོ་བོ་བརྒྱའི་དོ་ཤལ་དང༌། ཨོཾ་ཧ་ཧི་ཧྲྀ་ཧུ་ཧླྀ་པཉྩ་སྐནྡྷ་བི་ཤུདྡྷ་སྭ་བྷཱ་ཝེ་ཤི་ར་སི་ཀ་པཱ་ལ་མ་ལེ་ཧུྃ་ཧཱུྃ་ཕཊ་ཕཊ་ཀྱིས་ཐོད་པ་སྐམ་པོའི་ཅོད་པན་རྣམས་ཀྱི་རྒྱས་གདབ་བོ། །དེནས་ཕྱག་མཚན་རྣམས་དགོད་པའི་ཕྱིར། ཨོཾ་ཀྵྼཿས་རྡོ་རྗེ་བསྐྱེད་ནས་ཕྱག་གཡས་ཀྱི་དང་པོར་བཟུང་བར་བསྒོམས་ལ། བཛྲ་ཀྲོ་དྷ་བཛྲ་ཧུྃ་ཕཊ་ཀྱིས་ཕྱག་གཡས་ཀྱིས་དང་པོར་རྡོ་རྗེ་དང༌། །ཨོཾ་ཀྵྼཿབཛྲ་ཁཌྒ་ཧུྃ་ཕཊ་ཀྱིས་གཉིས་པར་རལ་གྲི། ཨོཾ་ཀྵྼཿབཛྲ་ཏྲི་ཤཱུ་ལ་ཧུྃ་ཕཊ་ཀྱིས་གསུམ་པར་རྩེ་གསུམ། ཨོཾ་ཀྵྼཿབཛྲ་ཀརྟྟ་རི་ཧུྃ་ཕཊ་ཀྱིས་བཞི་པར་གྲི་གུག ཨོཾ་ཀྵྼཿབཛྲ་བཱ་ཎ་ཧུྃ་ཕཊ་ཀྱིས་ལྔ་པར་མདའ། ཨོཾ་ཀྵྼཿབཛྲ་ཨཾ་ཀུ་ཤ་ཧུྃ་ཕཊ་ཀྱིས་དྲུག་པར་ལྕགས་ཀྱུ། ཨོཾ་ཀྵྼཿབཛྲ་ཌཱ་མ་རུ་ཀ་ཧུྃ་ཕཊ་ཀྱིས་བདུན་པར་ཅང་ཏེའུ། ཨོཾ་ཀྵྼཿབཛྲ་མུཏྐ་ར་ཧུྃ་ཕཊ་ཀྱིས་བརྒྱད་པར་ཐོ་བ། ཨོཾ་ཀྵྼཿབཛྲ་ཙཀྲ་ཧཱུྃ་ཕཊ་ཀྱིས་དགུ་པར་འཁོར་ལོ། ཨོཾ་ཀྵྼཿབཛྲ་ཀུནྡ་ཧཱུྃ་ཕཊ་ཀྱིས་བཅུ་པར་མདུང༌། ཨོཾ་ཀྵྼཿབཛྲ་དཎྜ་ཧུྃ་ཕཊ་ཀྱིས་བཅུ་གཅིག་པར་དབྱུག་པ། ཨོཾ་ཀྵྼཿབཛྲ་པ་ར་ཤུ་ཧཱུྃ་ཕཊ་ཀྱིས་བཅུ་གཉིས་པར་དགྲ་སྟྭ་བསྣམས་པ། དེ་བཞིན་དུ་ཨོཾ་ཧྭཱྃ་བཛྲ་གྷཎྜེ་ཧོཿཕྲེཾ་ཕཊ་ཀྱིས་གཡོན་གྱི་དང་པོར་དྲིལ་བུ། ཨོཾ་ཧྭཱྃ་བཛྲ་ཁེ་ཊ་ཀ་ཧོཿཕྲེཾ་ཕཊ་ཀྱིས་གཉིས་པར་ཕུབ། ཨོཾ་ཧྭཱྃ་བཛྲ་ཁ་ཊྭཱཾ་ག་ཧོཿཕྲེཾ་ཕཊ་ཀྱིས་གསུམ་པར་ཁ་ཊྭཱཾ་ག ཨོཾ་ཧྭཱྃ་བཛྲ་ཀ་པཱ་ལ་ཧོཿཕྲེཾ་ཕཊ་ཀྱིས་བཞི་པར་ཐོད་པ། ཨོཾ་ཧྭཱྃ་བཛྲ་ཙཱ་པ་ཧོཿཕྲེཾ་ཕཊ་ཀྱིས་ལྔ་པར་གཞུ། ཨོཾ་ཧྭཱྃ་བཛྲ་པཱ་ཤ་ཧོཿཕྲེཾ་ཕཊ་ཀྱིས་དྲུག་པར་ཞགས་པ། ཨོཾ་ཧྭཱྃ་བཛྲ་རཏྣ་ཧོཿཕྲེཾ་ཕཊ་ཀྱིས་བདུན་པར་རིན་པོ་ཆེ། ཨོཾ་ཧྭཱ་བཛྲ་པདྨ་ཧོཿཕྲེཾ་ཕཊ་ཀྱིས་བརྒྱད་པར་པདྨ། ཨོཾ་ཧྭཱྃ་བཛྲ་ཤ་ཁ་ཧོཿཕྲེཾ་ཕཊ་ཀྱིས་དགུ་པར་དུང༌། ཨོཾ་ཧྭཱྃ་བཛྲཱ་དརྴ་ཧོཿཕྲེཾ་ཕཊ་ཀྱིས་བཅུ་པར་མེ་ལོང༌། ཨོཾ་ཧྭཱྃ་བཛྲ་ཤྲིཾ་ཁ་ལེ་ཧོཿཕྲེཾ་ཕཊ་ཀྱིས་བཅུ་གཅིག་པར་ལྕགས་སྒྲོག ཨོཾ་ཧྭཱྃ་ཙ་ཏུརྦེ་ད་མུ་ཁ་སྭ་བྷཱ་ཝ་བྲཧྨ་ཤི་ར་ཧོཿཕྲེཾ་ཕཊ་ཀྱིས་བཅུ་གཉིས་པར་ཚངས་པའི་མགོ་བོ་བསྣམས་པ་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པའོ། །ཡུམ་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ། ཞལ་བཞི་སྤྱན་བཅུ་གཉིས་ཕྱག་བརྒྱད་མ་རྩ་བའི་ཞལ་སེར་བ། གཡས་དཀར་བ། གཡོན་དམར་བ། རྒྱབ་གནག་པ། ཕྱག་གཡས་པ་རྣམས་ན། གྲི་གུག་དང༌། ལྕགས་ཀྱུ་དང༌། ཌཱ་མ་རུ་དང༌། བགྲང་ཕྲེང་འཛིན་པ། གཡོན་པ་རྣམས་ན་ཉ་ཕྱིས་དང༌། ཞགས་པ་དང༌། པདྨ་དཀར་པོ་དང༌། ལྷའི་རིན་པོ་ཆེ་བསྣམས་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། ཕྱག་རྒྱ་ལྔས་བརྒྱན་པ་ཡབ་དང་གཉིས་སུ་མེད་པར་བཞུགས་པའོ། །དེ་ནས་དེའི་ཞར་ལས་བྱུང་བའི་ལྷ་དང་མཚན་མ་བསྐྱེད་པ་ནི། ཤར་དུ་ཨ་ལས་བདུག་སྤོས་ཨས་མཚན་པ་ལས་བྱུང་བ་སྟེ། འོག་མ་རྣམས་ལའང་དེ་བཞིན་དུ་སྦྱར་ལ་ཤེས་པར་བྱའོ། །ནག་མོ་འབར་མ་མོ་ནི། ཞལ་བཞི་ཕྱག་བརྒྱད། ཞབས་གཉིས་མ་རྩ་བའི་ཞལ་གནག་པ། གཡས་དམར། གཡོན་དཀར། རྒྱབ་སེར་བ། ཕྱག་གཡས་པ་རྣམས་ན། བདུག་སྤོས་དང༌། ཙནྡན་དང༌། གུར་གུམ་དང༌། གླ་རྩི་དང༌། ག་པུར་དང་བཅས་པའི་སྣོད་རྣམས་འཛིན་པ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང༌། པདྨ་དང༌། ལྷའི་ཤིང་གི་མེ་ཏོག་དང༌། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་འཛིན་པའོ། །ལྷོར་ཨཿདང་མར་མེ་ལས་བྱུང་བའི་དམར་མོ་འབར་མ་ཞལ་བཞི་ཕྱག་བརྒྱད་མ། རྩ་བའི་ཞལ་དམར་བ། གཡས་སེར། གཡོན་སྔོ། རྒྱབ་དཀར་བ། ཕྱག་གཡས་པ་རྣམས་ན་མར་མེ་དང༌། མུ་ཏིག་གི་དོ་ཤལ་དང༌། རིན་པོ་ཆེའི་དབུ་རྒྱན་དང༌། ལག་གདུབ་འཛིན་པ་དང༌། གཡོན་པ་རྣམས་ཀྱིས་ལྷའི་གོས་དང༌། སྐ་རགས་དང༌། རིན་པོ་ཆེའི་རྣ་རྒྱན་དང༌། རྐང་གདུབ་འཛིན་པའོ། །བྱང་དུ་ཨྃ་དང་ལྷ་བཤོས་ལས་དཀར་མོ་འབར་མ། ཞལ་བཞི་ཕྱག་བརྒྱད་མ་རྩ་བའི་ཞལ་དཀར་བ། གཡས་གནག གཡོན་སེར། རྒྱབ་དམར་བ། ཕྱག་གཡས་པ་རྣམས་ན་འོ་མ་དང༌། ཆུ་གཙང་དང༌། སྨན་སྣ་ཚོགས་དང༌། ཆང་གིས་གང་བའི་སྣོད་རྣམས་འཛིན་པ། གཡོན་པ་རྣམས་ན་བདུད་རྩི་དང༌། བཅུད་ལེན་གྱི་རོ་དང༌། འབྲས་བུ་དང༌། ཟས་ཀྱིས་གང་བའི་སྣོད་རྣམས་འཛིན་པའོ། །ནུབ་དུ་ཨཱ་དང་དུང་ལས་སེར་མོ་འབར་མ་ཞལ་བཞི་ཕྱག་བརྒྱད་མ། རྩ་བའི་ཞལ་སེར་བ། གཡས་དཀར་བ། གཡོན་དམར་བ། རྒྱབ་གནག་པ། ཕྱག་གཡས་པ་རྣམས་ན་དུང་དང༌། གླིང་བུ་དང༌། ནོར་བུ་དང༌། ཅང་ཏེའུ་འཛིན་པ། གཡོན་པ་རྣམས་ནི་པི་ཝང་དང༌། རྔ་དང༌། འཁར་རྔ་དང༌། ཟངས་དུང་འཛིན་པའོ། །རླུང་དུ་ཧཱ་དང་རྔ་ཡབ་ལས་མར་མེ་མ་སེར་མོ། དབང་ལྡན་དུ་ཧྃ་དང་རྔ་ཡབ་ལས་མེ་ཁྱོར་མ་དཀར་མོ། སྲིན་པོར་ཧ་དང་རྔ་ཡབ་ལས་སྨིག་རྒྱུ་མ་དམར་མོ། མེར་ཧ་དང༌། རྔ་ཡབ་ལས་དུ་བ་མ་ནག་པོ་རྣམས་ཕྱག་ཐམས་ཅད་ཀྱིས་རྔ་ཡབ་དཀར་པོ་འཛིན་པས་བཅོམ་ལྡན་འདས་ལ་གཡོབ་པ། ལྷ་མོ་ཐམས་ཅད་མཉམ་པའི་ཞབས་ཀྱིས་བཞུགས་པའོ། །དེ་ནས་མཚན་མ་དགོད་པ་ནི་རྡོ་རྗེ་ཕྲེང་བའི་ནང་གི་གྲྭ་བཞིར་དབང་ལྡན་དུ་ཨོཾ་ལས་བྱུང་བའི་དུང་དཀར་པོ། སྲིན་པོར་ཨཿལས་བྱུང་བའི་གྷཎྜེ་དམར་པོ། མེར་ཧཱུྃ་ལས་བྱུང་བའི་ནོར་བུ་ནག་པོ། རླུང་དུ་ཧོཿལས་བྱུང་བའི་དཔག་བསམ་གྱིས་ཤིང་སེར་པོ་དང༌། དེའི་ཕྱི་རོལ་གྱི་འཕར་མའི་དེ་བཞིན་གཤེགས་པ་དང༌། ཡུམ་རྣམས་ཀྱི་བར་གྱི་ཀ་བའི་བར་དག་ཏུ། ཤར་དུ་ཧི་དང་ཧཱི་ལས་རྐང་མར་གྱིས་ཡོངས་སུ་གང་བའི་བུམ་པ་ནག་པོ་གཉིས་དང༌། ལྷོར་ཧརྀ་དང་ཧརཱྀ་ལས་བྱུང་བའི་ཁྲག་གིས་གང་བའི་བུམ་པ་དམར་པོ་གཉིས་དང༌། བྱང་དུ་ཧཱུྃ་དང་ཧཱུྃ་ལས་བྱུང་བའི་དྲི་ཆུས་གང་བའི་བུམ་པ་དཀར་པོ་གཉིས་དང༌། ནུབ་ཏུ་ཧླྀ་དང་ཧླཱྀ་ལས་བྱུང་བའི་དྲི་ཆེན་གྱིས་གང་བའི་བུམ་པ་སེར་པོ་གཉིས་ཏེ། དེ་བཞིན་གཤེགས་པའི་འཕར་མའི་བུམ་པ་བརྒྱད་དང༌། སྟེང་དང་འོག་ཏུ་ཧྃ་དང་ཧ་ལས་ཐིག་ལེ་དང་རཀྟས་ཡོངས་སུ་གང་བའི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་སྔོན་པོ་དང་ལྗང་གུ་བསྒོམ་པར་བྱའོ། །དེ་ནས་ཧཱུྃ་ལས་ཤར་སྒོའི་རྟ་བབས་ཀྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་གཡས་སྐོར་དུ་རི་དྭགས་ཕོ་མོ་དང་བཅས་པ་སྔོན་པོ། ཨ་ལས་ལྷོར་བུམ་པ་དུང་དང་པདྨ་དང་བཅས་པ་དམར་པོ། ཨོཾ་ལས་བྱང་དུ་རྔ་བོ་ཆེ་དབྱུག་པ་དང་ཐོ་བ་དང་བཅས་པ་དཀར་པོ། ནུབ་ཏུ་ཧོ་ལས་བྱང་ཆུབ་ཀྱི་ཤིང་གནོད་སྦྱིན་ཕོ་མོ་དང་བཅས་པ་སེར་པོ་རྣམས་བསྐྱེད་ཅིང་དགོད་དོ། །ཕྱི་རོལ་གྱི་འདོད་ཡོན་གྱི་སྣམ་བུའི་ཤར་གྱི་གཡས་སུ། ཙཚཛཛྷཉ་ལས་བྱུང་བའི་དྲི་མ་དང༌། གཡོན་དུ། ཙཚཛཛྷཉཱ་ལས་བྱུང་བའི་ཕྲེང་བ་མ་གཉིས་ནག་མོ། ལྷོའི་གཡས་སུ། ཊཋཌཌྷཎ་ལས་བདུག་སྤོས་མ་གཡོན་དུ། ཊཋདདྷཎཱ་ལས་མར་མེ་མ་གཉིས་དམར་མོ། བྱང་གྱི་གཡས་སུ། པཕབབྷམ་ལས་བདུད་རྩི་མ། གཡོན་དུ། པཕབབྷམཱ་ལས་འབྲས་བུ་མ་གཉིས་དཀར་མོ། ནུབ་ཀྱི་གཡས་སུ། ཏཐདདྷན་ལས་སྒེག་མོ་དང༌། གཡོན་དུ། ཏཐདདྷན་ལས་བཞད་མ་གཉིས་སེར་མོ། ཤར་སྒོའི་རྟ་བབས་ལ་ཀཁགགྷང་ལས་རྔ་སྒྲ་མ་པ་ཊ་ཧ་འཛིན་པ་སྔོན་མོ། ནུབ་ཏུ། ཀཁགགྷངཱ་ལས་གར་མ་སྔོན་མོ། བྱང་དུ་སཉྤཥཤྈཀ་ལས་གླུ་མ་ལྗང་གུ། ལྷོར། སཉྤཥཤྈཀཱ་ལས་འདོད་མ་ལྗང་གུ་པདྨ་འཛིན་པ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་རྣམས་བསྐྱེད་ཅིང་དགོད་དོ། །འབྱུང་བ་ལྔའི་ཁོར་ཡུག་དང་རྟ་བབས་ཀྱི་རྒྱན་འདི་དག་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་དང༌། རྟ་བབས་ལ་དགོད་པར་བཤད་མོད། འདིར་ཐུགས་ཀྱི་དཀྱིལ་འཁོར་རྐྱང་པ་བསྒོམ་པའི་ཕྱིར་མཚན་ཉིད་དེ་དག་རྫོགས་པར་སྦྱར་ན་མཛེས་པར་མཐོང་ངོ༌། །ནུས་ལྡན་མ་རྣམས་དང༌། འདོད་ཡོན་གྱི་ལྷ་མོ་རྣམས་ནི་མགྲོན་ཐབས་ཀྱི་ཚུལ་དུ་བསྐྱེད་པའི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་གྱི་གྲངས་སུ་མི་བགྲང་ངོ༌། །དེ་དག་ནི་རྒྱུའི་རྡོ་རྗེ་སེམས་དཔའ་བསྐྱེད་པའོ། །དེ་ནས་འཁོར་གྱི་ལྷ་རྣམས་བསྐྱེད་པའི་ཕྱིར་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནག་པོ་པདྨས་མཚན་པ་ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་རྡོ་རྗེས་མཚན་པ་བསྐྱེད་ནས་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས། ཕྱོགས་བཅུའི་སངས་རྒྱས་དང་རིག་མ་དང༌། བྱང་ཆུབ་སེམས་དཔའ་དང༌། སེམས་མ་དང༌། ཁྲོ་བོ་དང༌། ཁྲོ་མོའི་ཚོགས་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཡབ་ཀྱི་ཕུང་པོ་དང༌། ཁམས་དང༌། བློའི་དབང་པོ་དང༌། ཡུལ་དང༌། ལས་ཀྱི་དབང་པོ་དང༌། ཡུལ་རྣམས་ལ་ཞུགས། དེ་ཐམས་ཅད་རིགས་ལྔ་དང༌། ཡུམ་ལྔ་དང༌། བྱང་ཆུབ་སེམས་དཔའ་དང༌། སེམས་མ་དང༌། ཁྲོ་བོ་དང༌། ཁྲོ་མོ་རྣམས་སུ་གྱུར། དེ་ནས་ཡབ་ལ་རྗེས་སུ་ཞུགས་པའི་ལྷ་དེ་རྣམས་རྡོ་རྗེའི་ལམ་ནས་འཕྲོས་ནས་ཡུམ་གྱི་ཕུང་པོ་ལ་སོགས་ལ་ཐིམ་པས། དེ་དག་ཀྱང་ལྷ་སོ་སོར་གྱུར་ནས་ཡུམ་ལ་རྗེས་སུ་ཞུགས་པའི་ལྷ་རྣམས་སླར་ཡང་ཡབ་ཀྱི་ཞལ་དུ་ཞུགས་ནས། ཐུགས་ཀར་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་ས་བོན་གྱི་ཡི་གེ་ཉི་ཤུ་རྩ་ལྔ་ལས་ཕྱག་མཚན་ས་བོན་གྱིས་མཚན་པར་གྱུར་ཅིང༌། དེ་ལས་བྱུང་བའི་ལྷ་ཉི་ཤུ་རྩ་ལྔར་བལྟས་ལ་རེ་རེ་ཞིང་སྤྲོས་ནས་དཀྱིལ་འཁོར་ལ་དགོད་པར་བྱ་སྟེ། ཨ་དང་རྡོ་རྗེ་ལས་མི་བསྐྱོད་པ་ལྗང་གུ་ཞལ་གསུམ་གྱི་གཡས་དམར་གཡོན་དཀར། ཕྱག་གཡས་གསུམ་ན་རྡོ་རྗེ། གྲི་གུག དགྲ་སྟྭ་འཛིན་ཞིང༌། གཡོན་གསུམ་ན་དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་འཛིན་པ། ཡུམ་ཨཿདང་གྲི་གུག་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྔོན་མོ་གཡོན་དམར་ཞིང་གཡས་དཀར་བ། ཕྱག་གཡས་གསུམ་ན་གྲི་གུག རྡོ་རྗེ། དགྲ་སྟྭ། གཡོན་གསུམ་ན་ཐོད་པ། དྲིལ་བུ། ཚངས་པའི་མགོ་བོ་རྣམས་འཛིན་པ་དང༌། སྦྱོར་བ་སྤྲོས་ནས་མི་བསྐྱོད་པ་རང་གི་ཐུགས་ཀ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡུམ་གྱི་ཐུགས་ཀར་ཐིམ་པར་བསམ། དེ་ནས་ཨི་དང་རལ་གྲི་ལས་དོན་ཡོད་གྲུབ་པ་ནག་པོ་ཞལ་གཡས་དམར། གཡོན་དཀར་བ། ཕྱག་གཡས་གསུམ་ན་རལ་གྲི། གྲི་གུག རྩེ་གསུམ། གཡོན་གསུམ་ན། ཕུབ། ཐོད་པ། ཁ་ཊྭཱཾ་ག་འཛིན་ཞིང༌། སྤྱན་མ་དང་སྦྱོར་བ་སྤྲོས་ལ་ཤར་དུ་དགོད་དོ། །རྀ་དང་རིན་པོ་ཆེ་ལས་རིན་ཆེན་འབྱུང་ལྡན་དམར་པོ། ཞལ་གཡས་དཀར། གཡོན་གནག་པ། ཕྱག་གཡས་གསུམ་ན་མེའི་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཅང་ཏེའུ། གཡོན་གསུམ་ན་གཞུ་དང༌། ཞགས་པ། འོད་ཟེར་དང་བཅས་པའི་ནོར་བུ་འཛིན་ཞིང་མཱ་མ་ཀཱི་དང་སྦྱོར་བ་སྤྲོས་ལ་ལྷོར་དགོད་དོ། །ཨུ་དང་པདྨ་ལས་འོད་དཔག་མེད་དཀར་པོ། ཞལ་གཡས་གནག གཡོན་དམར་བ། ཕྱག་གཡས་གསུམ་ན་ཐོ་བ། མདུང་ཐུང༌། རྩེ་གསུམ། གཡོན་གསུམ་ན་འདབ་མ་བརྒྱད་དང་ལྡན་པའི་པདྨ་དཀར་པོ་དང༌། མེ་ལོང༌། ཕྲེང་བ་འཛིན་ཞིང་གོས་དཀར་མོ་དང་སྦྱོར་བ་སྤྲོས་ནས་བྱང་དུ་དགོད་དོ། །ལྀ་དང་འཁོར་ལོ་ལས་རྣམ་པར་སྣང་མཛད་སེར་པོ། གཡས་དཀར། གཡོན་གནག་པ། ཕྱག་གཡས་གསུམ་ན་འཁོར་ལོ། དབྱུག་པ། རྡོ་རྗེ་གདེངས་པ། གཡོན་གསུམ་ན་དུང༌། ལྕགས་སྒྲོག སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། སྒྲོལ་མ་དང་སྦྱོར་བ་སྤྲོས་ནས་ནུབ་ཏུ་དགོད་དོ། །ལཱྀ་དང་འཁོར་ལོ་ལས་བྱུང་བའི་སྤྱན་མ་རྣམ་པར་སྣང་མཛད་ལྟ་བུ་དོན་ཡོད་གྲུབ་པ་དང་སྦྱོར་བ་སྤྲོས་ནས་རླུང་དུ་དགོད་དོ། །ཨཱུ་དང་པདྨ་ལས་མཱ་མ་ཀཱི་འོད་དཔག་མེད་དང་མཚུངས་ཤིང་རིན་ཆེན་འབྱུང་ལྡན་དང་སྦྱོར་བ་སྤྲོས་ནས་དབང་ལྡན་དུ་དགོད་དོ། །རཱྀ་དང་རིན་པོ་ཆེ་ལས་གོས་དཀར་མོ་རིན་ཆེན་འབྱུང་ལྡན་དང་མཚུངས་ཤིང་འོད་དཔག་མེད་དང་སྦྱོར་བ་སྤྲོས་ནས་བདེན་བྲལ་དུ་དགོད་དོ། །ཨཱི་དང་རལ་གྲི་ལས་སྒྲོལ་མ། གཡོན་གྱི་གསུམ་པར་ཨུཏྤལ་འཛིན་པ། གཞན་དོན་ཡོད་གྲུབ་པ་དང་མཚུངས་ཤིང༌། རྣམ་པར་སྣང་མཛད་དང་སྦྱོར་བ་སྤྲོས་ནས་མེར་དགོད་དོ། །དེ་བཞིན་གཤེགས་པའི་འཕར་མའོ། །དེ་ནས་དེའི་ཕྱི་རོལ་གྱི་འཕར་མ་ལ་ཨ་དང་རྡོ་རྗེ་ལས་ཕྱག་ན་རྡོ་རྗེ་ལྗང་གུ་མི་བསྐྱོད་པ་དང་མཚུངས་ཤིང་སྒྲ་རྡོ་རྗེ་མ་དང་སྦྱོར་བ་སྤྲོས་པ་ལྷོ་སྒོའི་གཡོན་དུ་དགོད་དོ། །ཨེ་དང་རལ་གྲི་ལས་ནམ་མཁའི་སྙིང་པོ་དོན་ཡོད་གྲུབ་པ་དང་མཚུངས་ཤིང་དྲི་རྡོ་རྗེ་དང་སྦྱོར་བ་སྤྲོས་ལ་ཤར་སྒོའི་གཡས་སུ་དགོད་དོ། །ཨར་དང་རིན་པོ་ཆེ་ལས་སའི་སྙིང་པོ་རིན་ཆེན་འབྱུང་ལྡན་དང་མཚུངས་ཤིང་གཟུགས་རྡོ་རྗེ་དང་སྦྱོར་བ་སྤྲོས་ལ་ལྷོ་སྒོའི་གཡས་སུ་དགོད་དོ། །ཨོ་དང་པདྨ་ལས་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་དང་མཚུངས་ཤིང་རོ་རྡོ་རྗེ་དང་སྦྱོར་བ་སྤྲོས་ལ་བྱང་སྒོའི་གཡས་སུ་དགོད་དོ། །ཨལ་དང་འཁོར་ལོ་ལས་སྒྲིབ་པ་རྣམ་པར་སེལ་བ་རྣམ་པར་སྣང་མཛད་དང་མཚུངས་ཤིང་རེག་རྡོ་རྗེ་དང་སྦྱོར་བ་སྤྲོས་ལ་ནུབ་སྒོའི་གཡས་སུ་དགོད་དོ། །ཨྃ་དང་རྡོ་རྗེ་ལས་ཀུན་ཏུ་བཟང་པོ་སྔོན་པོ། ཞལ་གཡས་དམར་ལ། གཡོན་དཀར་བ། ཕྱག་གཡས་གསུམ་ན་གྲི་གུག རྡོ་རྗེ། དགྲ་སྟྭ་དང༌། གཡོན་གསུམ་ན་ཐོད་པ། དྲིལ་བུ། ཨུཏྤལ་འཛིན་པ། ཆོས་ཀྱི་དབྱིངས་རྡོ་རྗེ་མ་དང་སྦྱོར་བ་སྤྲོས་ལ་ཤར་སྒོའི་གཡོན་དུ་དགོད་དོ། །ཨཿདང་རྡོ་རྗེ་ལས་སྒྲ་རྡོ་རྗེ་མ་སྔོན་མོ། ཞལ་གཡས་དམར་ལ། གཡོན་དཀར་བ། ཕྱག་གཡས་གསུམ་ན་གྲི་གུག རྡོ་རྗེ། དགྲ་སྟྭ་གཡོན་གསུམ་ན་ཐོད་པ། གྲི་གུག ཚངས་པའི་མགོ་བོ་འཛིན་པ། ཕྱག་ན་རྡོ་རྗེ་དང་སྦྱོར་བ་སྤྲོས་ལ་བྱང་སྒོའི་གཡོན་དུ་དགོད་དོ། །ཨཱལ་དང་འཁོར་ལོ་ལས་དྲི་རྡོ་རྗེ་མ་སྤྱན་མ་དང་མཚུངས་ཤིང་ནམ་མཁའི་སྙིང་པོ་དང་སྦྱོར་བ་སྤྲོས་ལ་རླུང་དུ་དགོད་དོ། །ཨཽ་དང་པདྨ་ལས་གཟུགས་རྡོ་རྗེ་མཱ་མ་ཀཱི་དང་མཚུངས་ཤིང་སའི་སྙིང་པོ་དང་སྦྱོར་བ་སྤྲོས་ལ་དབང་ལྡན་དུ་དགོད་དོ། །ཨཱར་དང་རིན་པོ་ཆེ་ལས་རོ་རྡོ་རྗེ་མ་གོས་དཀར་མོ་དང་མཚུངས་ཤིང་འཇིག་རྟེན་དབང་ཕྱུག་དང་སྦྱོར་བ་སྤྲོས་ལ་བདེན་བྲལ་དུ་དགོད་དོ། །ཨཻ་དང་རལ་གྲི་ལས་རེག་རྡོ་རྗེ་མ་སྒྲོལ་མ་དང་མཚུངས་ཤིང་སྒྲིབ་པ་རྣམ་སེལ་དང་སྦྱོར་བ་སྤྲོས་ལ་མེར་དགོད་དོ། །ཨཱ་དང་རྡོ་རྗེ་ལས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ལྗང་གུ་ཕྱག་མཚན་མི་བསྐྱོད་པ་དང་མཚུངས་ཤིང་ཀུན་ཏུ་བཟང་པོ་དང་སྦྱོར་བ་སྤྲོས་ལ་ནུབ་སྒོའི་གཡོན་དུ་དགོད་དོ། །སེམས་དཔའི་འཕར་མའོ། །དེའི་ཕྱི་རོལ་ཡྃ་དང་རལ་གྲི་ལས་ཁྲོ་བོ་བགེགས་མཐར་བྱེད་དོན་ཡོད་གྲུབ་པ་དང་མཚུངས་ཤིང་ཡུམ་རེངས་བྱེད་མ་སེར་མོ་ཞལ་བཞི་ཕྱག་བཞི་མ། ཕྱག་གཡས་པ་གཉིས་ན་འཁོར་ལོ་དང་དབྱུག་པ། གཡོན་གཉིས་ན་དུང་དང་རིན་པོ་ཆེ་འཛིན་པ་དང་སྦྱོར་བ་སྤྲོས་ལ་ཤར་སྒོར་དགོད་དོ། །རྃ་དང་དབྱུག་པ་ལས་ཤེས་རབ་མཐར་བྱེད་རིན་ཆེན་འབྱུང་ལྡན་དང་མཚུངས་ཤིང་ཡུམ་ང་རྒྱལ་ཅན་མ་དཀར་མོ། ཕྱག་གཡས་པ་གཉིས་ན་ཐོ་བ་དང་དུང༌། གཡོན་གཉིས་ན་པདྨ་དང་མེ་ལོང་འཛིན་པ་དང་སྦྱོར་བ་སྤྲོས་ལ་ལྷོ་སྒོར་དགོད་དོ། །ཝྃ་དང་པདྨ་ལས་པདྨ་མཐར་བྱེད་འོད་དཔག་མེད་དང་མཚུངས་ཤིང་ཡུམ་རྨོངས་བྱེད་མ་དམར་མོ། ཕྱག་གཡས་ན་མདའ་དང་ལྕགས་ཀྱུ། གཡོན་ན་གཞུ་དང་ཞགས་པ་འཛིན་པ་དང་སྦྱོར་བ་སྤྲོས་ལ་བྱང་སྒོར་དགོད་དོ། །ལྃ་དང་ཐོ་བ་ལས་གཤིན་རྗེ་གཤེད་རྣམ་པར་སྣང་མཛད་དང་མཚུངས་ཤིང༌། ཡུམ་བརྩོན་འགྲུས་ཅན་མ་ནག་མོ། གཡས་ན་རལ་གྲི་དང་རྡོ་རྗེ། གཡོན་ན་ཕུབ་དང་སྦྲུལ་འཛིན་པ་དང་སྦྱོར་བ་སྤྲོས་ལ་ནུབ་སྒོར་དགོད་དོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ནི་པདྨ་དང་ཉི་མའི་གདན་ལ་རྡོ་རྗེའི་འདུག་སྟངས་ཀྱིས་བཞུགས་ཤིང༌། ཡུམ་རྣམས་པདྨ་དང་ཟླ་བའི་གདན་ལ་པདྨའི་འདུག་སྟངས་ཀྱིས་བཞུགས་ལ། སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པ་དང་མཚུངས་ཏེ། འོན་ཀྱང་རིན་པོ་ཆེའི་རྒྱན་ཅན་ནོ། །སེམས་མ་རྣམས་ནི་ཡུམ་དང་མཚུངས་ལ། དེ་དག་གི་རྒྱན་ཡང་རིན་པོ་ཆེ་ལས་གྲུབ་པའོ། །དེ་རྣམས་ཀྱི་ཡབ་གཙོ་བོར་གྱུར་པའི་གནས་སུ་ཡུམ་གྱིས་པང་ནས་འཁྱུད་ཅིང༌། ཡུམ་གཙོ་བོར་གྱུར་པའི་གནས་སུ་ཡབ་ཀྱིས་པང་ནས་འཁྱུད་པ་ཡིན་ནོ། །ཁྲོ་བོ་རྣམས་ནི་རབ་ཏུ་ཁྲོས་པ། པདྨ་དང་ཉི་མའི་གདན་ལ་བཞེངས་ཏེ་གཡས་བརྐྱང་པའི་སྟབས་ཀྱིས་བཞུགས་པ། དེ་དག་གི་ཡུམ་ཁྲོ་མོ་རྣམས་ནི་ཞལ་གཅིག་ཕྱག་བཞི་མ། གཡོན་བརྐྱང་བས་བཞུགས་ཤིང༌། གཉིས་ཀའང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་སྟག་དང་སྦྲུལ་གྱིས་བརྒྱན་པར་བསམ་མོ། །དེ་ནས་ཨོཾ་སུ་བི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་དོན་དྲན་པར་བྱས་པས་བྱིན་གྱིས་བརླབ་བོ། །དེ་ནས་སྙིང་རྗེའི་དབང་བསྐུར་བའི་ཕྱིར། རང་གི་སྙིང་ག་ནས་འོད་འཕྲོས་པས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག སེམས་ཅན་རྣམས་གཞལ་ཡས་ཁང་པའི་སྒོ་བཞི་ནས་བཀུག་པ་བདག་གི་གཙུག་ཏོར་ནས་ཞུགས། ཐུགས་ཀར་ཡེ་ཤེས་ཀྱི་མེས་བཞུས། རྡོ་རྗེའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་རྣམ་པས་ཡུམ་གྱི་མཁར་བབས་པ་རྣམས་ལྷའི་སྐུར་གྱུར་ནས་སྦྱོར་མཚམས་ནས་སྤྲོས་པ་རྣམས་དཀྱིལ་འཁོར་གྱི་ནང་གི་ཁོར་ཡུག་ཏུ་འཁོད་པར་བསྒོམ་མོ། །དེ་ནས་རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་སྔར་བསྐྱེད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བཀུག་ནས་ཐུགས་ཀར་ཞུགས་ཤིང༌། ཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་ནས་སྤྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྤྱི་གཙུག་ནས་དབང་བསྐུར་བས་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ཤིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ནས། ཞལ་གསུམ་པ་དང༌། ཞལ་སྣ་ཚོགས་པ་དང༌། ཁ་དོག་སྣ་ཚོགས་པའི་ལྷར་གྱུར་ཞིང་དེ་དག་རེ་རེ་ཡང༌། ཕུང་པོ་ལྔ། ཀྵ་ཀྵི་ཀྵྼྀ་ཀྵུ་ཀྵླྀ་ལས་དེ་བཞིན་གཤེགས་པ་དང༌། ཁམས་ལྔ། ཀྵཱ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱྀ་ལས་ཡུམ་དང༌། དབང་པོ་དྲུག ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ཀྵཾ་ལས་བྱང་ཆུབ་སེམས་པ་དང༌། ཡུལ་དྲུག་ཀྵཱ་ཀྵཻ་ཀྵཱར་ཀྵཽ་ཀྵཱལ་ཀྵཾ་ལས་སེམས་མ་དང༌། ལས་ཀྱི་དབང་པོ་ལྔ། ཀྵཧ་ཀྵཡ་ཀྵྼ་ཀྵཝ་ཀྵླ་ལས་ཁྲོ་བོ་དང༌། ལས་ཀྱི་དབང་པོའི་ཡུལ་ལྔ། ཀྵཧཱ་ཀྵཡཱ་ཀྵྼཱ་ཀྵཝཱ་ཀྵླཱ་ལས་ཁྲོ་མོ་རྣམས་སུ་གྱུར་པར་དམིགས་ནས་དེ་དག་ལ་ཡིད་ལས་བྱུང་བའི་མཆོད་པས་མཆོད་དེ་གང་ནས་འོངས་པའི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་བསམ་མོ། །དེ་ནས་ཡབ་ཡུམ་གཉིས་ཀའི་ལྟེ་བ་དང༌། གཙུག་ཏོར་དུ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། བཀོད་ཅིང་རྡོ་རྗེ་དང་པདྨ་སྔར་བཞིན་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པས། རྗེས་སུ་ཆགས་པའི་མེས་ཡབ་ཡུམ་གཉི་ག་འོད་དུ་ཞུ་ནས་བདེ་བ་ཆེན་པོའི་ངོ་བོ་ཐིག་ལེའི་བདག་ཉིད་དུ་གནས་པ་ལས། ཐིག་ལེ་བཞི་མཚམས་བཞིར་འཕྲོས་པས་ཡུམ་བཞིར་གྱུར་ནས། རིམ་པ་བཞིན་གླུས་བསྐུལ་བ་ནི། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྒྱུ་མཐུན་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣམ་སྨིན་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །གོས་དཀར་མོ་བདག་བུ་མོ་སྟེ། །སྐྱེས་བུའི་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །བྲལ་བའི་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ལ་གནས་ནས། །འགྲོ་བ་བསྒྲལ་བའི་ཐུགས་དགོངས་ཀྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་རིམ་པ་བཞིན་གླུས་བསྐུལ་ནས། །ལྷ་མོ་རྣམས་སྐར་མདའི་ཚུལ་གྱིས་ཐིག་ལེ་ལ་ཐིམ་པ་དང༌། ཐིག་ལེ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་གྱུར་པ་ལས་བཞེངས་པའི་འབྲས་བུ་རྡོ་རྗེ་འཛིན་པ་དུས་ཀྱི་འཁོར་ལོ་གསལ་གདབ་པར་བྱའོ། །དེའང་རྒྱུ་རྡོ་རྗེ་འཛིན་པ་དང་འདྲ་སྟེ། འོན་ཀྱང་མི་བསྐྱོད་པའི་རྒྱས་གདབ་ཅིང༌། སྟག་གི་པགས་པ་དང་ཀླུ་བརྒྱད་ཀྱི་རྒྱས་གདབ་སྤངས་ལ། ཕྱག་རྒྱ་དང་ཕྱག་མཚན་གྱི་རྒྱས་གདབ། གཞན་རྣམས་ནི་སྔ་མ་ལྟར་སྔགས་དང་བཅས་པའི་རྒྱས་གདབ་བོ། །དེ་ནས་ནང་གི་རྒྱས་གདབ་པའི་ཕྱིར། བདག་ཉིད་ཀྱིས་གཙུག་ཏོར་གྱི་དཀྱིལ་འཁོར་དུ། ཐིག་ལེའི་སྟེང་དུ་ཨ་ལས་མི་བསྐྱོད་པ་ལྗང་གུ། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཨི་ལས་དོན་ཡོད་གྲུབ་པ་ནག་པོ། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨུ་ལས་འོད་དཔག་མེད་དཀར་པོ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ལྀ་ལས་རྣམ་པར་སྣང་མཛད་སེར་པོ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་རྀ་ལས་རིན་ཆེན་འབྱུང་ལྡན་དམར་པོ། གསང་གནས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨྃ་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་རྣམས་དགོད་པ་ནི་སྐུའི་རྒྱས་གདབ་པའོ། །ལྟེ་བར་སའི་དཀྱིལ་འཁོར་ལ་ལཱྀ། སྙིང་གར་ཆུའི་དཀྱིལ་འཁོར་ལ་ཨཱུ། མགྲིན་པར་མེའི་དཀྱིལ་འཁོར་ལ་རཱྀ། དཔྲལ་བར་རླུང་གི་དཀྱིལ་འཁོར་ལ་ཨཱི། གཙུག་ཏོར་དུ་ནམ་མཁའ་ལ་ཨཱའི་ཡིག་འབྲུ་རྣམས་དགོད་པ་ནི་གསུང་གི་རྒྱས་གདབ་པའོ། །དེ་ནས་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ། མགྲིན་པར་ཉི་མ་ལ་ཨཱཿསྙིང་གར་སྒྲ་གཅན་ལ་ཧུྃ། ལྟེ་བར་དུས་མེ་ལ་ཧོཿ དགོད་པ་ནི་སེམས་ཀྱི་རྒྱས་གདབ་པའོ། །རྡོ་རྗེ་ནོར་བུའི་ནང་དུ་ཨཱ་ལིའི་ཡི་གེ་དགོད་པ་ནི་ཡེ་ཤེས་ཀྱི་རྒྱས་གདབ་པའོ། །དེ་ནས་ཡབ་ཀྱི་ཐུགས་ཀར་པདྨ་དམར་པོ་དང༌། ཟླ་བའི་སྟེང་དུ་ཨ་དང་རྡོ་རྗེ་ལས་མི་བསྐྱོད་པ་ལྗང་གུ། ཨ་དང་གྲི་གུག་ལས་བྱུང་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྔོན་མོ་དང་སྦྱོར་བ་དང༌། ཡུམ་གྱི་ཐུགས་ཀར་པདྨ་དཀར་པོ་དང་ཉི་མའི་སྟེང་དུ། ཨ་དང་གྲི་གུག་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལྗང་གུ། པང་ན་ཨ་དང་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་སྔོན་པོ་དང་སྦྱོར་བ་བསྒོམས་ནས། ཨོཾ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ནས་སྔ་མ་ལྟར་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་རང་བཞིན་གྱིས་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་མཚན་མ་ཐམས་ཅད་སྤྱན་དྲངས་པ་ལ་མཆོད་པ་རྣམས་ཀྱིས་མཆོད་ནས། ཡབ་ཀྱི་གཙུག་ཏོར་ནས་ཞུགས། ཐུགས་ཀར་ཞུ། རྡོ་རྗེའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་རྣམ་པས་ཡུམ་གྱི་མཁར་བབ་པ་ཡན་ལག་གསུམ་དང༌། ས་བོན་ལས་ལྷ་དང་མཚན་མའི་ཚོགས་ཡོངས་སུ་རྫོགས་པར་བསྐྱེད་ནས། རིམ་པ་བཞིན་སྤྲོས་ལ་དཀྱིལ་འཁོར་གྱི་ལྷ་དང༌། མཚན་མའི་གནས་རྣམས་སུ་དགོད་པར་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ནས་རང་གི་སྙིང་གར་པདྨའི་ལྟེ་བ་ལ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་བརྩེགས་པའི་སྟེང་དུ་ཧུྃ་ལས་རྡོ་རྗེ་རྩེ་མོ་ལྔ་པ། ལྟེ་བ་ལ་ཛཿས་མཚན་པ་ཡོངས་སུ་གྱུར་པ་ལས་ལྕགས་ཀྱུར་གྱུར་ཅིང་དེའང་ཡོངས་སུ་གྱུར་པ་ལས་ཤར་དུ་ཛཿལས་དྲངས་པའི་ཤིང་རྟ་ལ་གནས་པའི་རྡོ་རྗེ་ཤུགས་ཕྱག་ཉི་ཤུ་རྩ་དྲུག་པ་འོད་ཟེར་ལྕགས་ཀྱུའི་རྣམ་པ་དང་འདྲ་བར་འཕྲོས་བཞིན་པ་གློག་འགྱུ་བ་དང་འདྲ་བར་སྤྲོས་པས། རང་བཞིན་གྱི་གནས་ནས་དམ་ཚིག་གི་དཀྱིལ་འཁོར་དང་མཚུངས་པའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས། རྡོ་རྗེ་ཤུགས་རང་གི་སྙིང་གར་བསྡུ་བར་བྱའོ། །དེ་ནས་རང་གི་སྙིང་ག་ནས་ཧཱུྃ་ལས་མཆོད་པའི་ལྷ་མོ་བཅུ་གཉིས་སྤྲོས་པས་མཆོད་ཅིང་བསྟོད་ནས་སྙིང་གའི་ཧཱུྃ་ལས་ཧཱུྃ་འཕྲོས་ཤིང༌། དེ་ལས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་ཤེས་རབ་མཐར་བྱེད་རྡོ་རྗེ་འཛིན་པ་སྤྲོས་པས་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་གཞུག་པར་བྱའོ། །དེ་བཞིན་དུ་བྃ་ལས་ཞགས་པར་གྱུར་པ་ལས་གཤིན་རྗེ་གཤེད་ཐོ་བ་འཛིན་པ་སྤྲོས་པས་ཡེ་ཤེས་པ་རྣམས་དམ་ཚིག་པ་རྣམས་ལ་གཉིས་སུ་མེད་པར་བཅིངས་ནས་བརྟན་པར་བྱའོ། །ཡང་ཧོཿལས་དྲིལ་བུ་དེ་ཡོངས་སུ་གྱུར་པ་ལས་པདྨ་མཐར་བྱེད་པདྨ་འཛིན་པ་སྤྲོས་པས་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་དགྱེས་པར་བྱའོ། །ཧྲི་ལས་བྱུག་པ་དེ་ཡོངས་སུ་གྱུར་པ་ལས་བགེགས་མཐར་བྱེད་དབྱུག་པ་འཛིན་པ་སྤྲོས་པས་ཡེ་ཤེས་པ་དང་དམ་ཚིག་པ་རོ་མཉམ་པར་བྱས་པར་བསྒོམས་ནས། སོ་སོའི་ས་བོན་གྱི་སྔགས་རིམ་པ་བཞིན་བརྗོད་པར་བྱའོ། །དེ་ལྟར་ཡེ་ཤེས་པ་རོ་གཅིག་པར་གྱུར་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཐབས་དང་ཤེས་རབ་ཕན་ཚུན་རོ་མཉམ་པར་བསྒོམས་པའི་རྒྱས་གདབ་པར་བྱ་སྟེ། ལྷ་ཡབ་ཡུམ་མཉམ་པར་སྦྱོར་བ་རྣམས་ནི་རྣམ་ཤེས་དང༌། ཡེ་ཤེས་དང༌། རླུང་དང༌། ས་དང༌། མེ་དང༌། ཆུ་ཕན་ཚུན་སྦྱོར་བ་ཡིན་པས་དེའི་དོན་དྲན་པར་བྱའོ། །དེ་ནས་དཔྲལ་བར་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པར་གྱུར་པ་ལས་སྐུ་རྡོ་རྗེ་དཀར་པོ། ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་གནག་པ། གཡོན་དམར་བ། ཕྱག་གཡས་གསུམ་ན་འཁོར་ལོ། པདྨ། རྡོ་རྗེ། གཡོན་གསུམ་ན་རལ་གྲི། དྲིལ་བུ། ནོར་བུ་འཛིན་ཅིང་ཡུམ་དང་སྦྱོར་བ་བསྒོམས་ནས་ཕྱིར་འཕྲོས་པས་དཔག་ཏུ་མེད་པར་གྱུར་ནས་སྐུས་འདུལ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་ཆོས་བསྟན་ནས་སླར་འདུས་ཏེ་རང་གི་མདུན་གྱི་ནམ་མཁར་བྱོན་པ་ལ། སྐུ་རྡོ་རྗེ་འཛིན་པས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་སྐུ་རྡོ་རྗེའི་ཐུགས་ཀ་ནས་སྐུའི་ལྷ་མོ་དུ་མ་འཕྲོས་པས་བདུད་རྩིའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བར་བསམ་མོ། །དེནས། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཆང༌། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་སྐུ་ཡི་རྡོ་རྗེར་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདག་བྱིན་བརླབ་པའི་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་སྐུ་ཡི་རྡོ་རྗེར་མཛོད། །ཅེས་གསོལ་བ་བཏབ་པས། སྐུ་རྡོ་རྗེ་དཔྲལ་བར་ཟླ་བ་ལ་ཞུགས་ཤིང་ལྷ་མོ་རྣམས་གཙུག་ཏོར་དུ་ཐིམ་པར་བསམ་མོ། །དེ་ནས་མགྲིན་པར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་དམར་པོ་ཞལ་གཡས་དཀར་བ། གཡོན་གནག་པ། ཕྱག་གཡས་གསུམ་ན། པདྨ། རྡོ་རྗེ། འཁོར་ལོ། གཡོན་གསུམ་ན། ནོར་བུ། དྲིལ་བུ། རལ་གྲི་འཛིན་པ་ཡུམ་དང་སྦྱོར་བ་བསྒོམས་ནས། ཕྱིར་འཕྲོས་པས་དཔག་ཏུ་མེད་པར་གྱུར་ནས། གསུང་གིས་འདུལ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་ཆོས་བསྟན་ནས་སླར་འདུས་ཏེ་རང་གི་མདུན་གྱི་ནམ་མཁར་བྱོན་པ་ལ་གསུང་རྡོ་རྗེ་འཛིན་པས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། གསུང་རྡོ་རྗེའི་ཐུགས་ཀ་ནས་གསུང་གི་ལྷ་མོ་དུ་མ་འཕྲོས་པས་བདུད་རྩིའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བར་བསམ་མོ། །དེ་ནས། དཔལ་ལྡན་གསུང་གི་རྡོ་རྗེ་འཆང༌། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་གསུང་གི་རྡོ་རྗེར་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་གསུང་གི་རྡོ་རྗེར་མཛོད། །ཅེས་གསོལ་བ་བཏབ་པས། གསུང་རྡོ་རྗེ་མགྲིན་པར་ཉི་མ་ལ་བཞུགས་ཤིང༌། ལྷ་མོ་རྣམས་གཙུག་ཏོར་དུ་ཐིམ་པར་བསམ་མོ། །དེ་ནས་སྙིང་གར་ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཧུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། ཐུགས་རྡོ་རྗེ་ནག་པོ། ཞལ་གཡས་དམར། གཡོན་དཀར་བ། ཕྱག་གཡས་གསུམ་ན་རྡོ་རྗེ། འཁོར་ལོ། པདྨ། གཡོན་གསུམ་ན། དྲིལ་བུ་རལ་གྲི། ནོར་བུ་འཛིན་ཞིང་ཡུམ་དང་སྦྱོར་བ་བསྒོམས་ནས་ཕྱིར་འཕྲོས་པས། དཔག་ཏུ་མེད་པར་གྱུར་ནས་ཐུགས་ཀྱིས་འདུལ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་ཆོས་བསྟན་ནས་སླར་འདུས་ཏེ། རང་གི་མདུན་གྱི་ནམ་མཁར་བྱོན་པ་ལ། ཐུགས་རྡོ་རྗེ་འཛིན་པས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་རྡོ་རྗེའི་ཐུགས་ཀ་ནས་ཐུགས་ཀྱི་ལྷ་མོ་དུ་མ་འཕྲོས་པས་བདུད་རྩིའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བར་བསམ་མོ། །དེ་ནས། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཆང༌། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་ཐུགས་ཀྱི་རྡོ་རྗེར་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདག་ནི་བྱིན་རླབས་གནས་ཡིན་པས། །མི་ཕྱེད་རྡོ་རྗེ་གསུམ་ཐོབ་པར། །མྱུར་བར་ཐུགས་ཀྱི་རྡོ་རྗེར་མཛོད། །ཅེས་གསོལ་བ་བཏབ་པས། ཐུགས་རྡོ་རྗེ་སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་ཤིང༌། ལྷ་མོ་རྣམས་གཙུག་ཏོར་དུ་ཐིམ་པར་བསམ་མོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་དོན་དྲན་པར་བྱའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དེ་དག་གཙོ་བོ་ལ་གཙོ་བོར་བྱ་ཞིང༌། འཁོར་རྣམས་ལ་ཞར་བྱུང་གི་ཚུལ་གྱིས་བསྒོམ་པར་བྱའོ། །ཁྱད་པར་དུ་ཡུམ་རྣམས་ལ་ནི་ལྟེ་བར་ཧོཿལས་སྐུ་དང༌། གསང་བར་སྭ་ལས་གསུང་དང༌། སྤྱི་གཙུག་ཏུ་ཧཿལས་ཐུགས་བྱིན་གྱིས་བརླབ་པར་བྱའོ། །གཞན་རྣམས་ནི་འདྲའོ། །དེ་ནས་དབང་གི་རྟགས་རིགས་ཀྱི་བདག་པོའི་རྒྱས་གདབ་པར་བྱ་སྟེ། གཙོ་བོའི་སྤྱི་བོར་མི་བསྐྱོད་པ། ཡུམ་ལ་རྡོ་རྗེ་སེམས་དཔའ་གཉིས་ཀའང་དབུའི་གཙུག་ཏོར་དང་ལྡན་ཞིང་ཆོས་གོས་མནབས་པ། ཕྱག་གཡས་པ་ས་གནོན་གྱི་ཕྱག་རྒྱ་མཛད་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །ཡབ་ཡུམ་གྱི་ཐུགས་ཀའི་མི་བསྐྱོད་པ་ལ་རྡོ་རྗེ་སེམས་དཔའ། རྡོ་རྗེ་སེམས་དཔའ་ལ་མི་བསྐྱོད་པས་དབུར་བརྒྱན་ཞིང༌། དོན་ཡོད་གྲུབ་པ་ལ་རིན་ཆེན་འབྱུང་ལྡན། འོད་དཔག་དུ་མེད་པ་ལ་རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན་ལ་འོད་དཔག་མེད། རྣམ་པར་སྣང་མཛད་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །རིགས་དྲུག་པ་དེ་དག་ནི་རལ་པའི་ཅོད་པན་ཅན་ནོ། །ལྷ་གཞན་རྣམས་ལ་ཤར་དང་ཤར་ལྷོའི་ལ་དོན་ཡོད་གྲུབ་པ། ལྷོ་དང་ལྷོ་ནུབ་ཀྱི་ལ་རིན་ཆེན་འབྱུང་ལྡན། བྱང་དང་བྱང་ཤར་གྱི་ལ་འོད་དཔག་མེད། ནུབ་དང་ནུབ་བྱང་གི་ལ་རྣམ་པར་སྣང་མཛད། ཀུན་ཏུ་བཟང་པོ་དང་སྒྲ་རྡོ་རྗེ་ལ་རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་གོང་དུ་བསྟན་པ་ལྟར་རང་གི་སྙིང་ག་ནས་ས་བོན་སོ་སོ་ལས་བསྐྱེད་པའི་ལྷ་མོ་བཅུ་གཉིས་རིམ་པ་བཞིན་སྤྲོས་ནས། སོ་སོའི་སྔགས་དང་ཕྱག་རྒྱས་བདག་བསྐྱེད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པར་བྱའོ། །དེ་ནས་བདུད་རྩིའི་རི་ལུའམ། ཡང་ན་དེ་དང་སྦྱར་བའི་ཆང་གཏོར་མ་ལྟར་བྱིན་གྱིས་བརླབས་ནས་གོང་དུ་སྤྲོས་པའི་ལྷ་མོ་དེ་དག་གིས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཞལ་དུ་རིམ་པ་བཞིན་བསྟབས་པ་མྱང་ཞིང་མིད་པས་ལུས་ཐམས་ཅད་བདུད་རྩིས་གང་ཞིང་མཆོད་པར་བསམས་ནས། དངོས་སུ་ཡང་བདུད་རྩི་མྱང་ཞིང༌། ལྷ་སོ་སོའི་མཚན་སྔགས་ཀྱང་བརྗོད་པར་བྱའོ། དེ་ནས་ལྷ་མོ་དེ་དག་གིས་བསྟོད་པར་བསམ་ཞིང༌། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བརྗོད་ནས་མཆོད་པའི་ལྷ་མོ་དེ་དག་ཐུགས་ཀར་བསྡུས་ལ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་སེམས་གཏད་ནས་མཉམ་པར་གཞག་པར་བྱའོ། །བསྐྱེད་པའི་རིམ་པའོ། །དེ་ནས་རྫོགས་པའི་རིམ་པ་བསྒོམ་པ་ནི་ལུས་ཀྱི་འཁྲུལ་འཁོར་དང་ལྡན་པས། ལུས་ཀྱི་དབུས་ཀྱི་ཆ་ལ་རྩ་དབུ་མ་ཕྲ་ཞིང་དྲང་ལ་གསལ་བ་ལ་བརྟེན་པའི་ལྟེ་བའི་ཐད་ཀར་ཧོ་དམར་པོ། སྙིང་གའི་འཁོར་ལོ་ལྟེ་བ་དང་བཅས་པ་ལ། ཨ་ཨི། རི་ཨུ། ལྀ་ལཱྀ། ཨཱུ་རཱྀ། ཨཱི་ཨ་རྣམས་དང་ལྡན་པ། མགྲིན་པའི་འཁོར་ལོ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པ་ལ། ཨ་ཨེ་ཨར་ཨོ་ཨལ། ཨཱལ་ཨཽ་ཨཱར་ཨཻ་ཨཱ་རྣམས་དང་ལྡན་པ། དཔྲལ་བའི་འཁོར་ལོ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པ་ལ་ཧ་ཡ་ར་ཝ་ལ། ལཱ་ཝཱ་རཱ་ཡཱ་ཧཱ་རྣམས་དང་ལྡན་པ། གཙུག་ཏོར་དུ་ཧྃ་དཀར་པོ་མགོ་ཐུར་དུ་ལྟ་བ་བསམས་ལ། སྟེང་འོག་གི་རླུང་ཁ་སྦྱོར་བའི་ནུས་པས་ལྟེ་བའི་ཧོ་ལས་གཏུམ་མོའི་མེ་འབར་བ་དབུ་མའི་ནང་ན་ཡར་སོང་བས་སྙིང་གའི་འཁོར་ལོའི་ཡི་གེ་རྣམས་བསྲེགས། དེ་ནས་རིམ་པ་བཞིན་དུ་མགྲིན་པ་དང་དཔྲལ་བའི་འཁོར་ལོའི་ཡི་གེ་རྣམས་བསྲེགས་ནས་ཧྃ་ལ་བསྣུན་པས། ཧྃ་ལས་བྱངཆུབ་ཀྱི་སེམས་བདུད་རྩིའི་རྒྱུན་དཀར་པོ་དབུ་མའི་ལམ་ནས་བབས་པས། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་གའི་འཁོར་ལོའི་ཡི་གེ་རྣམས་རིམ་པ་བཞིན་སྔར་བས་ཀྱང་གསལ་བར་བྱས་ནས་ཧོ་ལ་ཕོག་པས་མེའི་ནུས་པ་ཆེར་འཕེལ་བས་གྱེན་དུ་སོང༌། དེས་ཧྃ་གི་བདུད་རྩིའི་རྒྱུན་བསྐུལ་ནས་ཐུར་དུ་འབབ་པའི་དབང་གིས་དྲོད་དང༌། བདེ་བ་དང་ཡེ་ཤེས་སྐྱེ་བར་བསམ་ཞིང་བུམ་པ་ཅན་གྱི་རླུང་གཟུང་བར་བྱའོ། །གཏུམ་མོའི་རྣལ་འབྱོར་རོ། །དེ་ནས་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ནི། བདག་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བར་དམིགས་ནས། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ། སྙིང་གར་ཧཱུྃ། གསང་བར་སྭ། གཙུག་ཏོར་དུ་ཧཿརྣམས་བཀོད་ནས་ཡུམ་གྱི་མཁའ་མི་དམིགས་ཏེ། སྟོང་པའི་ངང་ལས་ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། ཧཱུྃ་ལས་བྱུང་བའི་རྡོ་རྗེས་མཚན་པ་དང༌། ཡབ་ཀྱི་གསང་བ་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་རྩེ་མོ་ལྔ་པ། ལྟེ་བར་ཨ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པས་མཚན་པར་བསྒོམས་ནས། སྙོམས་པར་ཞུགས་པའི་བདེ་བའི་སྒྲས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉེ་བར་བཀུག་པ་གཙུག་ཏོར་ནས་ཞུགས་ནས་འཁོར་ལོ་དྲུག་ན་གནས་པའི་བྱང་ཆུབ་ཀྱི་སེམས་རྣམས་དང་རོ་གཅིག་ཏུ་འདྲེས་ནས་རིམ་པ་བཞིན་བབས་པར་བསམས་ནས་ཧཱུྃ་ཞེས་བརྗོད་དོ། །དེ་ནས་ཕཊ་ཅེས་བརྗོད་པས་རྡོ་རྗེ་ནོར་བུའི་ནང་དུ་གནས་པར་བསམ་མོ། །སླར་ཡང་ཧཱུྃ་ཞེས་བརྗོད་པས་ཡུམ་གྱི་རཀྟ་རྡོ་རྗེའི་སྦུ་གུ་ནས་དྲངས་ནས་ཕཊ་ཅེས་བརྗོད་པས་ཐིག་ལེ་ལ་ཐིམ་པས། སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔ་དང༌། ཁམས་ལྔ་ཡུམ་ལྔ་དང༌། དབང་པོ་དྲུག་སེམས་དཔའ་དྲུག་དང༌། ཡུལ་དྲུག་སེམས་མ་དྲུག་དང༌། ལས་ཀྱི་དབང་པོ་ལྔ་ཁྲོ་བོ་ལྔ་དང༌། ལས་ཀྱི་དབང་པོའི་ལུས་ལྔ་ཁྲོ་མོ་ལྔར་གྱུར་ནས། སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་སྙོམས་པར་ཞུགས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་པ་གཙུག་ཏོར་ནས་ཞུགས། ཐིག་ལེའི་རྣམ་པས་རིམ་པ་བཞིན་བབས་ནས་ཕཊ་ཅེས་བརྗོད་པས་རྡོ་རྗེའི་སྦུ་གུའི་ཐིག་ལེ་ལ་ཐིམ་ཞིང་སེམས་ཅན་རྣམས་ལ་དབང་བསྐུར་ནས། འདྲེས་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་རོ་གཅིག་པ་བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་བདག་ཉིད་དུ་བལྟས་ལ། བདེ་བ་ཆེན་པོས་དེ་བཞིན་གཤེགས་པ་རྣམས་མཆོད་པར་བསམ་ཞིང༌། ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ནས་བདེ་བ་བསྒོམ་མོ། །དེ་ནས་ཧཱུྃ་ཞེས་བརྗོད་ཅིང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དབུ་མའི་ལམ་ནས་གྱེན་དུ་དྲངས་པས། རྒྱུ་མཐུན་པ་ལ་སོགས་པའི་ངོ་བོ་ལྟེ་བ་ལ་སོགས་པའི་གནས་སུ་དགའ་བ་ལ་སོགས་པའི་ཡེ་ཤེས་མངོན་དུ་བྱས་ནས་དབུ་མའི་སྣ་གཙུག་ཏོར་གྱི་རྩེ་མོར་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ལྔ་དང་ལྡན་པའི་ཐིག་ལེའི་གཟུགས་སུ་གནས་པར་བསྒོམས་ལ་སེམས་བཟུང་ངོ༌། །དེ་ནས་ཡིད་འཕྲོ་ན་ཐིག་ལེ་ལས། ཁམས་གསུམ་གྱི་སེམས་ཅན་སངས་རྒྱས་སུ་གྱུར་པ་རྣམས་སྤྲོས་ལ་གང་ནས་འོངས་པའི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་བསམ་མོ། །ཁྱིམ་པ་རྡོ་རྗེ་འཛིན་པའི་རིགས་སྤེལ་བར་འདོད་པས་ནི། ཐིག་ལེ་ཡུམ་གྱི་བྷ་གར་ཕབ་ལ་སྦྱོར་མཚམས་ནས་སྤྲོ་བར་བྱའོ། །ཚུལ་འདི་ནི་རྟེན་ཐིག་ལེ་འབེབས་པ་དང་བཟློག་པའི་ཕྱིར་ཐིག་ལེའི་རྣལ་འབྱོར་ཡིན་ལ། དེ་ལ་བརྟེན་པ་ཡེ་ཤེས་ཕྲ་ཞིང་རྟོགས་པར་དཀའ་བ་སྐྱེ་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་ཞེས་བརྗོད་དོ། །ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་རོ། །སྦྱོར་བ་ཡན་ལག་དྲུག་བསྒོམ་པའི་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །རྫོགས་པའི་རིམ་པའོ། །དེ་ནས་བཟླས་པ་ནི་ལྷ་སོ་སོའི་ཐུགས་ཀའི་ས་བོན་གྱི་ཡི་གེའི་མཐར་སྔགས་ཀྱི་ཕྲེང་བ་བཀོད་པ་ལ་དམིགས་ནས། ཨོཾ་ཧྃཀྵམལཝརཡ་སྭཱ་ཧཱ་ཞེས་པ་དང༌། ཨོཾ་ཨཱཿཧུྃ་ཧོཿཧྃ་ཀྵཿསྭཱ་ཧཱ་ཞེས་པ་དང༌། ཨོཾ་ཧྲཱྃ་ཧྲཱིཾ་ཧྲརཱྀཾ་ཧྲཱུྃ་ཧྲྀཾལཱ་ཧྲཿསྭཱ་ཧཱ། ཞེས་བྱ་བ་གཙོ་བོའི་སྔགས་རྣམས་དང༌། ཨོཾ་བི་ཤྭ་མཱ་ཏཱ་སྭཱ་ཧཱ་ཞེས་པ་ཡུམ་གྱི་དང༌། ཨོཾ་ཨ་ཀྵོ་བྷྱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ས་ཏྭ་ཡ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་སིདྡྷཱ་ཡ་སྭཱ་ཧཱ། ཨོཾ་རཏྣ་སཾ་བྷ་ཝཱ་ཡ་སྭཱ་ཧཱ། ཨོཾ་ཨ་མི་ཏཱ་བྷཱ་ཡ་སྭཱ་ཧཱ། ཨོཾ་བཻ་རོ་ཙ་ནཱ་ཡ་སྭཱ་ཧཱ། ཨོཾ་ལོ་ཙ་ནཱ་ཡ་སྭཱ་ཧཱ། ཨོཾ་མཱ་མ་ཀྱཻ་སྭཱ་ཧཱ། ཨོཾ་པཱཎྜ་རཱི་ཡེ་སྭཱ་ཧཱ། ཨོཾ་ཏཱ་རཱ་ཡཻ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཁ་གརྦྷཱ་ཡ་སྭཱ་ཧཱ། ཨོཾ་ཀྵི་ཏི་གརྦྷཱ་ཡ་སྭཱ་ཧཱ། ཨོཾ་ལོ་ཀེ་ཤྭ་རཱ་ཡ་སྭཱ་ཧཱ། ཨོཾ་སརྦ་ནི་བ་ར་ཎ་བིསྐམྦི་ནཱ་ཡ་སྭཱ་ཧཱ། ཨོཾ་ས་མནྟ་བྷ་བྲཱ་ཡ་སྭཱ་ཧཱ། ཨོཾ་གནྡྷ་བཛྲཱ་ཡཻ་སྭཱ་ཧཱ། ཨོཾ་རཱུ་པ་བཛྲཱ་ཡཻ་སྭཱ་ཧཱ། ཨོཾ་ར་ས་བཛྲཱ་ཡཻ་སྭཱ་ཧཱ། ཨོཾ་སྤརྵ་བཛྲཱ་ཡཻ་སྭཱ་ཧཱ། ཨོཾ་དྷརྨྨ་དྷཱ་ཏུ་བཛྲཱ་ཡཻ་སྭཱ་ཧཱ། ཨོཾ་ཤབྡ་བཛྲཱ་ཡཻ་སྭཱ་ཧཱ། ཨོཾ་བི་གྷཱན་ཏ་ཀཱ་ཡ་སྭཱ་ཧཱ། ཨོཾ་པྲ་ཛྙཱནྟ་ཀཱ་ཡ་སྭཱ་ཧཱ། ཨོཾ་པདྨནྟ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀཱ་ཡ་སྭཱ་ཧཱ། ཞེས་པ་རྣམས་ཅི་ནུས་པས་བཟླས་སོ། །དེ་ནས་གཏོར་མ་གཅིག་ལ་སོགས་པ་ཇི་ལྟར་འབྱོར་པ་བཤམས་ལ། བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསངས་ནས། ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་དུ་བསམས་པས་བཀབ་ལ་རྣམ་པར་དག་པར་བསམས་ནས། །ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨཱ་བི་ཤུདྡྷ་སྭ་བྷཱ་ཝ་སརྦ་དྷརྨཱ་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་ལག་པ་གཡས་པ་ཉི་མའི་དཀྱིལ་འཁོར་དུ་བསམས་པས་བཀབ་ལ། བསམ་གྱིས་མི་ཁྱབ་པར་སྤེལ་བར་བསྒོམས་ལ། ཨོཾ་ཨཱཿབཛྲ་སཱུརྻ་སརྦ་དྷརྨཱ་པྲ་བོ་དྷ་ཀ་སརྦ་དྷརྨཱ་ན་པྲ་བོ་དྷ་ཡ་སྭཱ་ཧཱ་ཞེས་བརྗོད་དོ། །དེ་ནས་ལག་པ་གཉིས་ཀ་ལས་ཡེ་ཤེས་ཀྱི་མེ་བྱུང་བས་སྦར་བར་བསམས་ནས་གཉིས་ཀས་བཀབ་ལ། ཨོཾ་ཧུྃཿབཛྲ་ཨཱ་ན་ལ་སརྦ་དྷརྨཱ་པྲ་དཱི་པ་ཀ་སརྦ་དྷརྨཱ་ན་པྲ་དཱི་པཱ་ཡ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་བྱ་ཁྱུང་གི་ཕྱག་རྒྱ་བཅས་པ་ལས་བདུད་རྩིའི་རྒྱུན་བབས་པ། ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཧོཿསརྦ་དྷརྨཱ་བཛྲཱ་མྲྀ་ཏ་ཀ་ར་སརྦ་དྷརྨཱ་ན་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེ་ཁ་ཕྱེ་ལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྤྱན་དྲངས་པ་ལ་ཕུལ་བར་བསམས་ལ། ཨོཾ་ཨཱཿཧུྃ་ཧོཿཤྲཱི་ཀཱ་ལ་ཙཀྲ་བྷྱཿས་པ་རི་ཝཱ་རེ་བྷྱཿ ཨི་དཾ། བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་གཱ་ཏྱ། ས་པ་རི་ཝཱ་རཱཿཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲྀཧྞནྟུ། ཁཱ་དནྟུ། པི་པནྟུ། ཛཿཧཱུྃ་བཾ་ཧོཿ ས་ཏྲྀཔྟཱཿ སརྦ་ས་ཏྭཱ་ནཱཾ། ཤཱིནྟཾ། པུཥྚིཾ། རཀྵ་ཨ་ཝ་ར་ཎ། གུཔྟིཾ། ཀུརྦན་ཏུ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པས་དབུལ་ལོ། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ཁྲོ་བོའི་རྒྱལ་པོ་བཅུ་སྤྱན་དྲངས་པ་ལ་མཆོད་པར་བསམ་ཞིང༌། ཨོཾ་ཨཱཿཧུྃ་ཧོཿ ཨུཥྞཱི་ཥ། སུམྦྷ་ནི་སུམྦྷ། བིགྷཱནྟ་ཀ ནཱི་ལ་དཎྜ། པྲ་ཛྙཱནྟ་ཀ ཊཀྐི་རཱ་ཛཱ། པདྨཱནྟ་ཀ ཨ་ཙ་ལ་ཡ་མཱནྟ་ཀ་མ་ཧཱ་བཱ་ལ་བྷྱཿ ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨ་ཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་གཱ་ཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲིཧྞནྟུ། ཁཱ་དནྟུ། པི་པནྟུ། ཛཿཧཱུྃ་བྃ་ཧོཿ སཾ་ཏྲྀཔྟཿ སརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵ་ཨ་ཝ་ར་ཎ། གུཔྟིཾ། ཀུརྦནྟུ། ཧུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་དབུལ་ལོ། །དེ་ནས་གྲི་གུག་གི་ཕྱག་རྒྱ་བཅས་ལ། ཟད་པར་གྱི་ལྷ་རྣམས་སྤྱན་དྲངས་པ་ལ་དབུལ་བར་བསམ་ཞིང༌། ཨོཾ་ཨཱཿཧུྃ་ཧོཿ ཨཱ་ཀཱ་ཤ བཱ་ཡུ་ཏེ་ཛ། ཨུ་ད་ཀ་པྲྀ་ཐྭཱི་སཱ་དྷ་ཏེ་བྷྱཿ ས་པ་རི་ཝཱ་རེ་བྷྱཿ ཨི་དཾ། བ་ལིཾ། གནྡྷཾ། པུཥྤེ། དྷཱུ་པཾ། དཱི་པཾ། ཨ་ཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་གཱ་ཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲྀཧྞནྟཱ། ཁཱ་དནྟུ། པི་པནྟུ། ཛཿཧཱུྃ་བྃ་ཧོཿ སྃ་ཏྲྀཔྟཿ སརྦ་སཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵ་ཨ་ཝ་ར་ཎ། གུཔྟིཾ། ཀུརྦནྟུ། ཧུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་དབུལ་ལོ། །དེ་ནས་རལ་གྲིའི་ཕྱག་རྒྱ་བཅས་ལ། ཕྱོགས་སྐྱོང་བའི་ལྷ་ཆེན་པོ་རྣམས་སྤྱན་དྲངས་པ་ལ་དབུལ་བར་བསམ་ཞིང་ཨོཾ་ཨཱཿཧུྃ་ཧོཿ བྲཧྨ། བིཥྞུ། ནིར་རྀ་ཏྱ། བཱ་ཡུ། ཡ་མ། ཨགྣི། ས་མུ་དྲེ། ཤྭ་ར། ཨིནྡྲ་ཡཀྵེ་བྷྱཿ ས་པ་རི་ཝ་རེ་བྷྱཿ ཨི་དཾ། བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་གཱ་ཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷཾ། ཨི་དཾ། བ་ལིཾ། གྲྀཧྞནྟུ། ཁཱ་དནྟུ། པི་པནྟུ། ཛཿཧཱུྃ་བྃ་ཧོཿ སཾ་ཏྲིཔྟཱཿ སརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵ་ཨ་ཝ་ར་ཎ། གུཔྟིཾ། ཀུརྦནྟུ། ཧུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་དབུལ་ལོ། །དེ་ནས་རིན་པོ་ཆེའི་ཕྱག་རྒྱ་བཅས་ལ། གཟའ་རྣམས་སྤྱན་དྲངས་པ་ལ་དབུལ་བར་བསམ་ཞིང༌། ཨོཾ་ཨཱཿཧུྃ་ཧོཿརཱ་ཧུ་ཀཱ་ལ་ཨགྣི། ཙནྡྲ། སཱུརྻ། བུདྷ། མཾ་ག་ལ། ཤུ་ཀྲ། བྲྀ་ཧསྤ་ཏི། ཀེ་ཏུ་ཤ་ནི་ཤུ་རེ་བྷྱཿ ས་པ་རི་ཝཱ་རེ་བྷཱཿ ཨི་དཾ། བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་གཱ་ཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲྀཧྞནྟུ། ཁཱ་དནྟཱ། པི་བནྟུ་ཛཿཧཱུྃ་བྃ་ཧོཿ སཾ་ཏྲྀཔྟཱཿ སརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། པཱིཥྚཾ། རཀྵ་ཨ་ཝ་ར་ཎ། གུཔྟིཾ། ཀུརྦནྟུ། ཧུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་དབུལ་ལོ། །དེ་ནས་པདྨའི་ཕྱག་རྒྱ་བཅས་ལ། ཀླུ་ཆེན་པོ་རྣམས་སྤྱན་དྲངས་པ་ལ་དབུལ་བར་བསམ་ཞིང༌། ཨོཾ་ཨཱཿཧུྃ་ཧོཿ ཛ་ཡ། བི་ཛ་ཡ། པདྨ། ཀརྐོ་ཊ། བཱ་སུ་ཀི ཤཾ་ཁ་པཱ་ལ། ཀུ་ལི་ཀ ཨ་ནནྟ། ཏཀྵ་ཀ མ་ཧཱ་པདྨེ་བྷྱཿ ས་པ་རི་ཝཱ་རེ་བྷཱཿ ཨི་དཾ། བ་ལིཾ། གནྡྷཾ། པུཥྤེ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་གཱ་ཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲྀཧྞནྟུ། ཁཱ་དནྟུ། པི་བནྟུ་ཛཿཧཱུྃ་བྃ་ཧོཿ སཾ་ཏྲྀཔྟཱཿ སརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵ་ཨ་ཝ་ར་ཎ། གུཔྟིཾ། ཀུརྦནྟུ། ཧུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་དབུལ་ལོ། །དེ་ནས་འཁོར་ལོའི་ཕྱག་རྒྱ་བཅས་ལ། འབྱུང་པོ་ཆེན་པོ་རྣམས་སྤྱན་དྲངས་པ་ལ་དབུལ་བར་བསམ་ཞིང༌། ཨོཾ་ཨཱཿཧུྃ་ཧོཿ བེ་ཏཱ་ཌ། བི་ཀྲྀ་ཏ་མུ་ཁ། ཤྭ། ཀཱ་ཀ སཱུ་ཀ་ར། གྲྀ་དྷྲ་བྱ་གྷྲ། ཨུ་ལཱུ་ཀ ཛཾ་བུ་ཀ ག་རུ་ཌ་མུ་ཁེ་བྷྱཿ ཨི་དཾ། བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པ྄ཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་གཱ་ཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲྀཧྞནྟུ། ཁཱ་དནྟུ། པི་བནྟུ་ཛཿཧཱུྃ་བྃ་ཧོཿསཾ་ཏྲྀ་པྟཱཿསརྦ་སཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵ་ཨ་ཝ་ར་ཎ། གུཔྟིཾ། ཀུརྦནྟུ། ཧུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་དབུལ་ལོ། །དེ་ནས་སོ་སོའི་བསྟོད་པ་ཅི་ཤེས་པས་བསྟོད་ནས། ཕྲིན་ལས་བཅོལ་ལ། སླར་ཡང་མཆོད་དེ། སོ་སོའི་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་མུཿཞེས་བརྗོད་ནས་གཤེགས་སུ་གསོལ་ལོ། །གཏོར་མའི་ཆོ་གའོ། །ཁ་ཟས་ཟ་བའི་ཚེ། ཁ་ཟས་གཏོར་མ་བཞིན་བྱིན་གྱིས་བརླབས་ལ། ལྟེ་བ་ནས་གཏུམ་མོའི་མེ་སྦར་བས་ལུས་གང་བའི་མེའི་ཁྲོད་དུ་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་གསལ་བཏབ་ནས་ལག་པ་གཉིས་དགང་བླུགས་དང༌། ཁ་ཧོམ་ཁུང་དུ་དམིགས་ཏེ་ཐོག་མར་ཟས་ཀྱི་ཕུད་ཀྱིས་ཕྱི་རོལ་དུ་ལྷ་དང་བླ་མ་མཆོད་ནས་གནོད་སྦྱིན་མ་འཕྲོག་མ་དང་བུ་ལྔ་བརྒྱ་ལ་ཆང་བུ་སྦྱིན་ནོ། །དེ་ནས་ལུས་ཀྱི་ལྷ་ཚོགས་མཆོད་པའི་བསམ་པས་ཟོས་པའི་མཐར། ལྷག་མ་རྣམས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །ཟས་ཀྱི་ཆོ་གའོ། །དེ་ནས་སྤྱོད་ལམ་ལ་འཇུག་པའི་ཚེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་དག་པ་དྲན་པར་བྱས་ལ། རིགས་དྲུག་དང་ཡན་ལག་དྲུག་གི་གོ་བགོས་ནས་ཕྱིའི་སྣོད་དག་པ་གཞལ་ཡས་ཁང་དང༌། བཅུད་དག་པ་ལྷའི་ཚོགས་དང་འདོད་པའི་ཡོན་ཏན་ཐམས་ཅད་མཆོད་པའི་རྫས་སུ་དམིགས་པ་བདག་དང་སྣོད་བཅུད་ཀྱི་ལྷ་རྣམས་ལ་མཆོད་པར་བསམ་ཞིང༌། ལུས་དང་ངག་དང་ཡིད་ཀྱི་ལས་ཐམས་ཅད་ཕྱག་རྒྱ་དང༌། སྔགས་དང༌། ཏིང་ངེ་འཛིན་དུ་ཤེས་པར་བྱས་ལ་ཐམས་ཅད་ཀྱིས་ཀྱང་སྟོང་པ་ཉིད་ཀྱི་ངང་ནས་ཟུང་དུ་འཇུག་པར་སྤྱད་དོ། །སྤྱོད་ལམ་མོ། །དེ་ནས་ནུབ་མོ་ཉལ་བའི་ཚེ། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱི་སྣང་བ་བསྡུས་པས་སྣོད་རྣམས་རང་གིས་བསྒོམས་པའི་གཞལ་ཡས་ཁང་ལ་བསྟིམ། བཅུད་རྣམས་ལྷ་རྣམས་ལ་བསྟིམ་མོ། །ལྷ་རྣམས་རང་གི་ལུས་ལ་གཤེགས་སུ་གསོལ་བར་བྱ་སྟེ། གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་པ་ལ་བདེ་བ་ཆེན་པོའི་འཁོར་ལོའི་མཚན་མ་རྣམས་གཤེགས་སུ་གསོལ་ལོ། །དེ་བཞིན་དུ་སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བར་རྡོ་རྗེ་རྩེ་དགུ་པ་བསྒོམས་ལ། དུ་བ་མ་ལ་སོགས་པའི་ལྷ་མོ་བཅུ་དང་དཔྲལ་བར་ལྷན་ཅིག་སྐྱེས་པའི་འཁོར་ལོ་ལ་རྡོ་རྗེ་རྩེ་མོ་བཅུ་བདུན་པ་བསྒོམས་པའི་ལྟེ་བར་རིགས་ལྔ་དང༌། ཡུམ་ལྔ་དང༌། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གསུམ་པ་བསྒོམས་པའི་ལྟེ་བར་སེམས་དཔའ་དྲུག་དང༌། སེམས་མ་དྲུག་དང༌། ཁྲོ་བོ་བཞི་བསྡུ་བར་བྱའོ། །དེ་ནས་རང་གི་ལུས་ཀྱང་ཐུགས་ཀའི་ཧཱུྃ་ལ་བསྡུས་ནས་ཧཱུྃ་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་སྟོང་པ་ཉིད་དུ་གྱུར་པའི་ངང་ལ་ཉལ་ལོ། །ཉལ་བའི་རྣལ་འབྱོར་རོ། །ནང་པར་གཉིད་སད་པའི་ཚེ་ཧཱུྃ་ཞེས་བརྗོད་པས་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་ངང་ལས་གཟུགས་ཀྱི་སྐུ་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་བཞེངས་ལ། དང་པོ་གང་དུ་བསྡུས་པའི་གནས་རྣམས་ལས་ལྷ་རྣམས་སྤྲོས་ནས། ལུས་ཀྱི་ཆ་ཤས་ཐམས་ཅད་ལས་རྟེན་གྱི་དཀྱིལ་འཁོར་སྤྲོ་བར་བྱའོ། །དེ་ནས་གཞལ་ཡས་ཁང་པ་ལས་སྣོད་ཀྱི་འཇིག་རྟེན་དང་ལྷ་རྣམས་ལས་བཅུད་ཀྱི་འཇིག་རྟེན་སྤྲོས་པས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་གྱུར་པས། ནམ་མཁའི་ཁམས་གང་བར་བལྟས་ལ། ཨོཾ་སུ་བི་ཤུདྡྷའི་སྔགས་ཀྱིས་ང་རྒྱལ་བསྒོམ་པར་བྱའོ། །ལྡང་བའི་རྣལ་འབྱོར་རོ། །དེ་ནས་ཁྲུས་བྱེད་པའི་ཚེ། ནམ་མཁའ་ན་བཞུགས་པའི་དབང་གི་ལྷ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་ཁྲུས་གསོལ་བས་དྲི་མ་ཐམས་ཅད་སྦྱང་བར་བསམ་ཞིང་བཀྲུའོ། །ཁྲུས་ཀྱི་བྱ་བའོ། །དེ་ནས་གོང་དུ་བསྟན་པའི་ཚུལ་གྱིས་མཉམ་པར་གཞག་པའི་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ལྟར་རྒྱུན་དུ་རྣལ་འབྱོར་དུ་བྱེད་པ་ནི་རིང་པོར་མི་ཐོགས་པར་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །དཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། སློབ་དཔོན་སཱ་དྷུ་པུ་ཏྲས་མཛད་པའི་གཞུང་དང༌། བླ་མ་དམ་པའི་མན་ངག་ལ་བརྟེན་ནས། བདག་ཉིད་ཀྱིས་བསྒོམ་སླ་བའི་ཆེད་དུ་ཆོས་རྗེ་ས་སྐྱ་པཎྜི་ཏའི་ཞབས་རྡུལ་སྤྱི་བོས་ལེན་པའི་དགེ་སློང་རྡོ་རྗེ་འཛིན་པ་འཕགས་པས་མེ་ཕོ་སྟག་གི་ལོ། སྨིན་དྲུག་གི་ཟླ་བ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་བསྡེབས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*