ཚོགས་སྦྱོར་གཉིས་ཀྱི་མངོན་རྟོགས།

༼པ༽

༄༅། །ཚོགས་སྦྱོར་གཉིས་ཀྱི་མངོན་རྟོགས་བཞུགས།།

༄༅། །བླ་མ་འཇམ་དབྱངས་ལ་བཏུད་དེ། །ཚོགས་སྦྱོར་མངོན་རྟོགས་བྲི་བར་བྱ། །དེ་ནི་ཚོགས་ལམ་ཆེན་པོ་ལ་གནས་པའི་གང་ཟག་སྤྱི་བོ་བདེ་བ་ཆེན་པོའི་གནས་སུ་དགའ་བ་བཅུ་དྲུག་མངོན་དུ་བྱས་པས་བདེ་བ་རྒྱས་པའི་ཏིང་ངེ་འཛིན་ཐོབ་པ་ཡིན་པ་ལ། ཟག་བཅས་ཀྱི་བདེ་བ་ལ་ཟག་མེད་ཀྱི་བདེ་བར་རློམ། དེ་ལམ་གོང་མ་བསྒོམ་པའི་གགས་སུ་འགྲོ་བས། དེའི་གཉེན་པོར་ཡང་དག་པར་སྤོང་བ་བཞི་འཇུག་སྟེ། རགས་པ་རྒྱ་ཆེ་བ་ཕྱི་རྟེན་འབྲེལ་གྱི་ཡང་དག་པར་སྤོང་བ་བཞི་དང༌། ཕྲ་བ་ནང་རྟེན་འབྲེལ་གྱི་ཡང་དག་པར་སྤོང་བ་བཞིའོ། །དང་པོ་ལ་དབང་བླང་བའི་ཡུལ། སྤྲུལ་སྐུ་ལས་རྣམ་པར་རྟོག་པ་ཐམས་ཅད་ཡང་དག་པར་སྤོང་བ། དབང་རང་གི་ངོ་བོ་ཚོགས་པའི་མིང་གིས་ཡ་གྱལ་ལ་བཏགས། ལེན་མཁན་གྱི་གང་ཟག་ཚོགས་ལམ་ཆེན་པོ་ལ་གནས་པའོ། །དབང་བླང་བའི་རྟེན་དགེ་སོགས་པད་ཅན་བཅུ་གཉིས་མ་ལས་རྣམ་པར་རྟོག་པ་ཐམས་ཅད་སྤོང་བས་ཡང་དག་པར་སྤོང་བ་བཞིའོ། །དེའང་བཞི་པ་རྟེན་ཅན་ལེན་པ་ཡིན་ཏེ། རིག་པའི་དབང་རེ་རེའི་གནས་སྐབས་ན་ཡང་སྤང་བྱ་སྤོང་ཚུལ་ལ་བསམས་ཏེ། སྐྱེ་བ་ལུགས་བྱུང་གི་དགའ་བ་བཞི། ཡོན་ཏན་སྐྱེ་ཚུལ་ལ་བསམས་ཏེ། ཐིམ་པ་ལུགས་བཟློག་གི་དགའ་བ་བཞིའོ། །

རང་རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སུ། རྩ་གཡས་ཀྱི་ནུས་པ་ཐམས་ཅད་གཡས་རོ་མ་ལ་བསྡུ། གཡོན་གྱི་ནུས་པ་ཐམས་ཅད་རྐྱང་མ་ལ་བསྡུ། ཡི་གེའང་གཡས་ཀྱི་བསམ་གཏན་གྱི་ཨོཾ་ལ། གཡོན་གྱི་སྙིང་པོའི་ཨ་ལ། ཁམས་ཀྱང་གཡས་གཡོན་གྱི་ཉི་ཟླ་གཉིས་ལ། རླུང་ཐམས་ཅད་ལྡང་འཇུག་ལ་བསྡུ་ཞིང་རླུང་སེམས་ཀྱི་ནུས་པ་ཐམས་ཅད་ལྟེ་བའི་གནས་སུ་འཚོགས། དེ་ལས་དབུ་མའི་མདུད་པ་མེད་པ་སོར་བཞིའི་ཕྱི་ལོགས་ལ་དྲོད་དང་རྩེ་མོ། ནང་ལོགས་ལ། བཟོད་པ་དང་ཆོས་མཆོག་གི་རྟོགས་པ་སྐྱེ། དེ་ཡང་ལྟེ་བའི་གནས་སུ་རླུང་སེམས་འཐབ། སོར་ཕྱེད་ཐུར་དུ་བསྐྱོད་པས་དྲོད་ཆུང་ངུ༌། ཕྱེད་དུ་བསྐྱོད་པས་དྲོད་འབྲིང་ངོ༌། །ཕྱེད་བསྐྱོད་པས་ཆེན་པོའི་དྲོད་ཆུང་ངུ༌། ཕྱེད་བསྐྱོད་པས་ཆེན་པོ་དྲོད་ཚད་ཆེན་པོའོ། སྤང་བྱ་བཞི་ཆ་ཞི་ལ་བཞི་གསུམ་མ་ཞི། ཀུན་ནས་ཉོན་མོངས་པ་ལ་རྟེན་པའི་གཟུང་རྟོག་གོ །ལམ་དུ་སློངས་ན་ཉན་ཐོས་ཀྱི་ལམ་ཆོད། གོལ་ན་འདོད་ཁམས་སུ་གོལ། སྐུ་བཞི་ལས་རྟོགས་པ་དང་ཤེས་རབ་ཐོབ་པས་ཆོས་སྐུའི་དབང༌། དགའ་བ་བཞི་ལས་དགའ་བའི་ཡེ་ཤེས། ཡང་མཐེབ་སོར་ཕྱེད་ཐུར་དུ་བསྐྱོད་པས་རྩེ་མོ་ཆུང་ངུ༌། ཕྱེད་བསྐྱོད་པས་འབྲིང་པོ། ཕྱེད་བསྐྱོད་པས་ཆེན་པོའི་ཆུང་ངུ༌། ཕྱེད་བསྐྱོད་པས་ཆེན་པོའི་ཆེན་པོའོ། །སྤང་བྱ་གཟུང་རྟོག་གཉིས་ཕྱེད་ཞི་ལ་ཕྱེད་མ་ཞི། འཛིན་རྟོག་གོ །ལམ་དུ་སློངས་ན་རང་སངས་རྒྱས་ཀྱི་ལམ་ཆོད། ཞེན་ན་གཟུགས་ཁམས་སུ་གོལ། སྐུ་བཞི་ལས་ལོངས་སྐུའི་དབང༌། དགའ་བ་བཞི་ལས་མཆོག་དགའི་ཡེ་ཤེས། དབུ་མའི་མར་སྣར་རླུང་སེམས་ཐམས་ཅད་ཕྱིན་པས་རྩེ་མོ་ཆེན་པོ་དངོས་སུ་འབྱུང༌། གནས་གསུམ་ཤུགས་ལས་འབྱུང་སྟེ། ནང་གི་སངས་རྒྱས་རྣམས་ཀྱི་ལམ་སྲིད་པའི་རྩེ་མོར་ཕྱིན་ཅིང་ཞེས་རྟེན་པས་ཤེས་གསུང༌། དབུ་མར་སེམས་རྟོག་མེད་

ལོག སེམས་འཕོས་པས་བཟོད་པས་ཞེས་པས་བཟོད་པ་ཆུང་ངུ་དངོས་སུ་འབྱུང༌། དེའང་རྩ་དབུ་མའི་ནང་ན་མར་མཐེབ་སོར་ཕྱེད་གྱེན་དུ་བསྐྱོད་པས་བཟོད་པ་ཆུང་ངུ༌། ཕྱེད་བསྐྱོད་པས་འབྲིང་པོ། ཕྱེད་བསྐྱོད་པས་ཆེན་པོའི་ཆུང་ངུ༌། ཕྱེད་བསྐྱོད་པས་ཆེན་པོའི་ཆེན་པོའོ། །སྤང་བྱ་བཞི་གསུམ་ཞི་ལ་ལྔ་ཆ་མ་ཞི། གཟུང་རྟོག་གཉིས་དང་འཛིན་རྟོག་གོ །ལམ་དུ་སློངས་ན་ཕ་རོལ་དུ་ཕྱིན་པའི་ལམ་ཆོད། ཞེན་ན་གཟུགས་མེད་དུ་གོལ། སྐུ་བཞི་ལས་སྤྲུལ་པའི་སྐུའི་དབང༌། དགའ་བ་བཞི་ལས་དགའ་བྲལ་གྱི་དགའ་བ། འཁོར་བའི་ཆོས་ལས་འདས་ཤིང༌། མྱ་ངན་ལས་འདས་པའི་ལམ་ཆོས་རྣམས་ཡོངས་སུ་རྫོགས་པས་ཆོས་རྣམས་ཀྱི་མཆོག་གོ །ཞེས་པས་ཆོས་མཆོག་ཆེན་པོ་སངས་རྒྱས་སུ་འབྱུང༌། གནས་གསུམ་ཤུགས་ལས་འབྱུང་སྟེ་དེའང་མཐེབ་སོར་ཕྱེད་གྱེན་དུ་བསྐྱོད་པས་ཆོས་མཆོག་ཆུང་ངུ༌། ཕྱེད་བསྐྱོད་པས་འབྲིང་པོ། ཕྱེད་བསྐྱོད་པས་ཆེན་པོའི་ཆུང་ངུ༌། ཕྱེད་བསྐྱོད་པས་ཆེན་པོའི་ཆེན་པོའོ། །སྤང་བྱ་གཟུང་འཛིན་མཐའ་བདུན་སྤངས། གོལ་ས་མེད། གསང་སྔགས་ཀྱི་ལམ་ཆོད། སྐུ་བཞི་ལས་ངོ་བོ་ཉིད་ཀྱི་སྐུའི་དབང༌། དགའ་བ་བཞི་ལས་ལྷན་སྐྱེས། ཁམས་འདུས་པ་ཐ་མ་ལ་མདོར་བསྟན་པ། སྤྲུལ་སྐུ་ལས་དབང་གསུམ་གྱི་རྗེས་ལ་ཕྱུང་ཞིང་ཞེས་པ། དགེ་སོགས་པས་རྒྱས་པར་བཤད། ཆོས་མཆོག་ཆེན་པོ་སྦྱར་ཏེ་མཇུག་བསྡུ་བ་གསུམ་གཉིས་སུ་གསུངས། སྤྱིར་ལམ་ཐམས་ཅད་ལྷག་མཐོང་ཟུང་དུ་འཇུག་པ་ལས་སྐྱེ་ཞིང་བྱེ་བྲག་ཏུ་གསང་སྔགས་པས་ལམ་ལུས་ལ་བགྲོད་པས་གསང་གནས་ཀྱི་ཨྃ་དུ་རླུང་སེམས་འདུས་པ་ལས་ཉེར་བསྡོགས་ཡིད་ལ་བྱེད་པ་བདུན་གྱི་ཉམས་སྐྱེ་སྟེ། དེའང་མཚན་ཉིད་རབ་ཏུ་རིག་པ། མོས་པ་ལས་བྱུང་ཞིང༌། གནས་དང༌། དབེན་པ། དགའ་བ་སྡུད་པ་སྤྱོད་པ་ས། སྦྱོར་བ་ས། འབྲས་བུ་ཡིད་ལ་བྱེད་པའོ། །ལྟེ་བའི་བསམ་གཏན་གྱི་ཨཾ་དུ་རླུང་སེམས་འདུས་ན་རྟོག་པ་མེད་ལ། སྤྱོད་པ་ཙམ་གྱི་ཏིང་ངེ་འཛིན། ཡང་ཚངས་རིས་པ་སོགས་རྟེན་དཀྱིལ་འཁོར་བཞིའི་གནད་ཀྱིས་བསམ་གཏན་དང་པོ་ན་བཞིའོ། །སྙིང་གར་དགའ་བ་དང་བཅས་ཤིང་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་བདེ་ཆེན་སོགས་བསམ་གཏན་གཉིས་པ་ན་བཞིའོ། །མགྲིན་པར་དགའ་བ་མེད་ཅིང་བདེ་བ་ཙམ་གྱི་ཏིང་ངེ་འཛིན། དགེ་བ་ལ་སོགས་བསམ་གཏན་གསུམ་པ་ན་བཞིའོ། །སྤྱི་བོར་བཏང་སྙོམས་ཡོངས་སུ་དག་པའི་ཏིང་ངེ་འཛིན་སྤྲིན་མེད་འོད་སོགས་བསམ་གཏན་བཞི་པ་ན་བཞིའོ། །དེ་ཡང་དགའ་བ་རེ་རེ་ལ་བཞི་བཞི་ཡོད་པ་དང༌། འབྱུང་ཆུང་བཅུ་དྲུག་གི་གནད་ཀྱིས་གཟུགས་མེད་སྐྱེ་མཆེད་རིགས་བཞི་ལ་ཡང་བཅུ་དྲུག་ཏུ་འགྲོ་གསུང༌། མདོར་ན་བསམ་གཏན་གྱི་ཨཾ་དུ་རླུང་སེམས་འདུས་པ་ལས་ཞི་གནས་སྐྱེ། སྙིང་པོའི་ཨར་རླུང་སེམས་འདུས་པ་ལས་ལྷག་མཐོང་སྐྱེ། ཟུང་འཇུག་གི་ཧཱུྃ་དུ་རླུང་སེམས་འདུས་པ་ལས། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཉམས་སྣང་སྐྱེའོ། །ཐུན་མོང་མ་ཡིན་པའི་མན་ངག་གི་ཚོགས་སྦྱོར་གཉིས་ཀྱི་མངོན་པར་རྟོགས་པ། བླ་མ་ཆོས་ཀྱི་རྒྱལ་པོས་སྦྱར་བ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*