འཕོ་བའི་རྣལ་འབྱོར།

༼པ༽

༄༅། །འཕོ་བའི་རྣལ་འབྱོར་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཕོ་བའི་རྣལ་འབྱོར་བསྒོམ་པར་འདོད་པས། གཉིད་ལོག་ཁ་ལ་སོགས་པའི་དུས་སུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱ། རང་ཡི་དམ་གྱི་ལྷ་གང་ཡང་རུང་བ་ཕྱག་གཉིས་པར་བསྐྱེད་པའི་སྤྱི་བོར། བླ་མ་དམ་པ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་བདག་གི་རྣམ་པས་བཞུགས་པར་བསྒོམ། དེ་ལ་བསམ་པ་ཐག་པའི་སྒོ་ནས་མོས་གུས་ཡང་ཡང་བྱ། དེ་ནས་རང་གི་སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོ་ཞིག་བསམ། དེ་ནས་སྒོ་རྣམས་སུ་ཡང་ཟླ་བའི་དཀྱིལ་འཁོར་རེ་རེ་བསྒོམས་ལ། སྙིང་གའི་ཧཱུྃ་ལས་ཧཱུྃ་རེ་རེ་ཆད་ཅིང་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ་རེ་རེ་དགོད་དོ། །དམྱལ་བའི་སྒོ་དགག་པའི་ཕྱིར་འོག་སྒོ། དུད་འགྲོའི་སྒོ་དགག་པའི་ཕྱིར་ཆུ་སོ་དང༌། ཡི་དྭགས་ཀྱི་སྒོ་དགག་པའི་ཕྱིར་ཁ་དང༌། འདོད་ལྷ་རིགས་དྲུག་གི་སྒོ་དགག་པའི་ཕྱིར་ལྟེ་བ་དང༌། དྲི་ཟའི་སྒོ་དགག་པའི་ཕྱིར་སྣ་བུག་གཉིས་དང༌། མིའམ་ཅིའི་སྒོ་དགག་པའི་ཕྱིར་རྣ་བ་གཉིས་དང༌། མིའི་སྒོ་དགག་པ་ཕྱིར་མིག་གཉིས་དང༌། གཟུགས་ཁམས་སུ་སྐྱེ་བའི་སྒོ་དགག་པའི་ཕྱིར་སྨིན་མཚམས་རྣམས་སུ་འབར་བ་དང་བཅས་པའི་ཡི་གེ་ཧཱུྃ་ཆེན་པོ་མི་གཡོ་བས་ལེགས་པར་བཀག་པར་བསམ། དེ་ནས་ལུས་ཀྱི་རྩ་གསུམ་གསལ་བཏབ་ནས་རོ་རྐྱང་གཉིས་ཀྱི་ནང་དུ་ཨཱ་ལི་དཀར་པོ་མགོ་གྱེན་དུ་ལྟ་བ་དང༌། ཀཱ་ལི་དམར་མོ་མགོ་ཐུར་དུ་ལྟ་བ་གཉིས་སྤེལ་བ་སྟེ། བཞི་བཞིས་བཀག་པར་བསྒོམས་ནས་སྙིང་གི་ནང་དུ་སོན་པའི་རྩ་དབུ་མའི་ནང་དུ་རླུང་གི་དཀྱིལ་འཁོར་དང༌། ཟླ་བ་ལ་གནས་པའི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་བསམ་པ་དང༌། བླ་མའི་ཐུགས་ཀྱི་ནང་ན་ཡེ་ཤེས་ལྔའི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོ་བསམས་པ་གཉིས་ཐད་ཀར་འཕྲོད་པར་བསྒོམ་མོ། །དེ་ནས་དབུགས་ཕྱིར་འགྲོ་བའི་ཚེ། རང་གི་སྙིང་གའི་ཧཱུྃ་ལས་ཧཱུྃ་སྔོན་པོ་ཞིག་བྱུང་བ་རྩ་དབུ་མའི་ལམ་ནས་སོང༌། ཚངས་པའི་བུ་ག་ནས་འཐོན། བླ་མའི་འོག་སྒོ་ནས་ཞུགས་ཐུགས་ཀའི་ཧཱུྃ་ལ་ཐིམ། དབུགས་ནང་དུ་འཇུག་པའི་ཚེ་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་བྱུང་ནས་རང་གི་སྙིང་གའི་ཧཱུྃ་ལ་ཐིམ། དེ་ལྟ་བུ་གྲངས་མི་གཟུང་བར་ཡུན་རིང་དུ་བསྒོམ། མཐར་དབུགས་ནང་དུ་འཇུག་པ་དང་བསྟུན་ཏེ། བླ་མའི་སྐུ་རང་གི་ལུས་ལ་བསྟིམ། ཐུགས་ཀའི་ཧཱུྃ་སྙིང་གའི་ཧཱུྃ་ལ་བསྟིམ་ནས་གཉིས་སུ་མེད་པར་བསྒོམས་ལ་མི་རྟོག་པའི་ངང་ལ་བཞག་གོ །དུས་ཐམས་ཅད་དུ་བསྒོམ་པར་བྱ་ཞིང༌། ཁྱད་པར་དུ་གཉིད་ལོག་ཁར་བསྒོམས་ལ་མི་རྟོག་པའི་ངང་ལ་གཉིད་ལོག་གོ །གང་གི་ཚེ་འཆི་བའི་ལྟས་བྱུང་བའི་ཚེ། རང་གི་སྙིང་གའི་ཧཱུྃ་ལས་ཧཱུྃ་ཆད་ཅིང་བླ་མའི་ཐུགས་ཀའི་ཧཱུྃ་ལ་ཐིམ། དབུགས་ནང་དུ་འཇུག་པའི་ཚེ་ཅི་ཡང་མི་བསྒོམ་པར་བཏང་སྙོམས་སུ་བཞག་གོ །འཇོག་པའི་ཚེ་རླུང་གིས་སྙིང་གའི་ཟླ་བ་ཧཱུྃ་དང་བཅས་པ་ཕུལ་ནས་བླ་མའི་ཐུགས་ཀའི་ཧཱུྃ་ལ་ཐིམ་ནས་མི་རྟོག་པའི་ངང་ལ་བཞག་གོ །དེ་ལྟར་གོམས་པའི་དུས་སུ་འདིས་མཚམས་སྦྱར་ནས་བར་དོ་ཉིད་དུ་རིག་པ་འཛིན་པའི་གོ་འཕང་ཐོབ་པར་འགྱུར་རོ། །དཔལ་ས་སྐྱ་པ་ནས་བརྒྱུད་པའི་མན་ངག་འཕགས་པས་ཡི་གེར་བཀོད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*