དབང་གསུམ་པའི་ལམ།

༼པ༽

༄༅། །དབང་གསུམ་པའི་ལམ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དབང་གསུམ་པའི་ལམ་ལ་རྒྱས་བསྡུས་གཉིས་ལས། དང་པོ་ནི་རིགས་དག་པ་སྔོན་དུ་སོང་ནས། ཕྱག་རྒྱ་དེ་མི་ཉེ་བར་བཞག་ནས། དེའི་གཟུགས་ལ་བལྟས་ལ་ཆགས་པའི་མེ་རབ་ཏུ་བསྐྱེད་དེ། དེ་ནས་དབབ། དེ་ནས་བདེ་བ་བསྒོམ། དེ་ནས་བགྲད་པའི་མཐས་གཟུང༌། དེ་ནས་གསང་ཐུབ་པ་གཅེས་ཏེ། ལུས་ལ་མི་རེག་པའོ། །དེའང་ལུས་ལ་ལྟ་བའི་དུས་སུ་ངོ་ཚ་མེད་པར་ཆགས་པའི་གཏམ་སྣ་ཚོགས་བྱ། དེ་བཞིན་དུ་དེའི་དྲི་མ་མནམ་པ་དང༌། མཆུ་དང༌། སོར་མོ་གཞིབས་པ་དང༌། དེའི་སྐད་ལ་མཉན་ཞིང་ཆགས་པ་བསྐྱེད། ཐ་མ་དེའི་སྐྲའམ་སོར་མོའམ་ལག་པ་ལ་འཇུ་བ་ཙམ་བྱ་ཞིང་ཆགས་པ་བསྐྱེད། དེ་དག་རེ་རེའི་རྗེས་ལ་དབབ་པ་རེ། དེ་བཞིན་དུ་བདེ་བ་བསྒོམ། བགྲད་པའི་མཐས་གཟུང་བ་དང༌། གསང་ཐུབ་པ་གཅེས་པ་སྟེ་ལྔ་ལྔའོ། །འདི་དག་ནི་དགའ་བ་བཞི་ལས་དང་པོའོ། །སྐད་ཅིག་མ་བཞི་ལས་རྣམ་པ་སྣ་ཚོགས་པ་སྟེ་ལུས་ངག་གི་བྱ་བས་སོ། །དེ་ནས་ཇེ་ཉེ་ཇེ་ཉེ་ལ་རང་གི་མདུན་དུ་བཞག་ལ། ལུས་ངག་དང༌། འདོད་པ་དང༌། བྱིན་རླབས་ཏེ་མཉམ་པ་གསུམ་བྱས་ལ་ཕྱི་རོལ་གྱི་བྱ་བ་ནོམ་པ། ཉུག་པ་དང༌། འཁྱུད་པ་དང༌། ཐ་ན་མཉེ་བ་ལ་སོགས་པ་བྱ་ཞིང་ཆགས་པའི་མེ་རབ་ཏུ་འབར་བ་བསྐྱེད། དེ་ནས་དབབ་པ་དང༌། བདེ་བ་བསྒོམ་པ་སྔར་བས་དྲག་ཏུ་བགྲད་པའི་མཐས་བསྲུང༌། གསང་ཐུབ་པ་གཅེས་ཏེ། བོལླས་ཀཀྐོ་ལ་ལ་མ་སྤྱད་པའི་ལྔའོ། །དགའ་བ་བཞི་ལས་མཆོག་དགའ། སྐད་ཅིག་མ་བཞི་ལས་རྣམ་པར་སྨིན་པ་སྟེ། སྔར་བས་བདེ་བ་ཆེར་འབར་བས་སོ། །འདི་གཉིས་ནི་ཐིག་ལེ་འབར་བའི་དྲོད་ཅེས་བྱ་བ་ཡིན་ནོ། །དེ་ནས་བོལླ་དང་ཀཀྐོ་ལ་བག་ཙམ་བསྲུབས་པ་ལས་ཆགས་པ་བསྐྱེད། དབབ་པ་བྱ། བདེ་བ་བསྒོམ། བགྲད་པའི་མཐས་གཟུང་བའི་ཚེ་ལག་པ་གཉིས་གཡས་གཡོན་དུ་རེ་མོས་ཀྱིས་གྱེན་ལ་ཤད་ཤད་བྱའོ། །གསང་ཐུབ་པ་གཅེས་ཏེ། སྙོམས་འཇུག་མི་བྱ་བའི་ཁྱད་པར་གྱི་དགའ་བའི་རྣམ་པར་ཉེད་པའི་སྐད་ཅིག་མ་སྟེ། རྡོ་རྗེ་པདྨ་རྣམ་པར་ཉེད་པ་ཉིད་དོ། །ཁྱད་པར་གྱི་དགའ་བ་ཐིག་ལེ་གཡོ་བའི་དྲོད་དོ། །མཆོག་དགའ་དང་ཁྱད་པར་གྱི་དགའ་བའི་བར་འདིར་ཐིག་ལེ་ཟིན་པའི་རྟགས། སྲིན་པོའི་ལམ་བེམ་བེམ། ལྕི་ཡོར་ཡོར། རྩུབ་རྩུབ་པ་དང༌། དྲི་ཆེན་ལ་སོགས་པ་རེས་མི་ཐོན། རེས་མི་བསྡམ་པ་ལ་སོགས་པ་འོང༌། །དེ་ཙམ་ན་སྐྲ་སེང་སེང་བྱེད་པ་དང་གཡལ་དང་མཆི་མ་འབྱུང༌། རེས་ངུ་རེས་དགོད་པ་ལ་སོགས་པ་བདེ་བ་འབར་བའི་རྟགས་མང་དུ་འབྱུང་ངོ༌། །དེ་ནས་བསྲུབ་པ་དང་སྲུབ་པའི་སྦྱོར་བས་ཆགས་པ་བསྐྱེད། དབབ། བདེ་བ་བསྒོམ། དེ་ནས་བཟུང་བ་ནི། འོག་སྒོ་ཅུང་ཟད་ཀློད་ནས། སྟོབས་ཀྱིས་ཧཱུྃ་དྲག་ལ་རིང་བ་བརྗོད་པའི་ཚེ། ལག་པ་གཉིས་ཁུ་ཚུར་དྲག་ཏུ་བཅངས་ལ་སྙིང་གར་བསྣོལ། མིག་གཉིས་སྟེང་དུ་བགྲད་པར་བྱའོ། །རླུང་འཆོལ་བ་གྲོགས་མེད་ཅེས་བྱ་བ་ནི་དུས་ངེས་པ་མེད་པར་བྱས་ན་ཐིག་ལེ་ཁྲེམས་པར་འགྱུར་གསུངས། དེས་ངེས་པར་ཟིན་ནས་བཟློག་པ་ནི་འགྱུར་བ་དྲུག་གོ །ནང་དུ་དབྱུང་ཞིང་དབུགས་དབྱུང་བྱ། །ཞེས་པ་ནི་སྤྱིར་བསྲིངས་ལ་གཏང༌། ཁྱབ་པར་བྱ་བ་ནི་གཏུན་ཤིང་གི་འཁོར་ལོ་ལ་སོགས་པ་བཞིའོ། །མི་ཉམས་པར་བསྲུང་བ་དྲུག་གིས་སོ། །གསང་རྩ་བཙལ་བ་དང༌། མ་ནིང་ནི་ཡུམ་གྱི་གསང་རྩ་ཡིན། མ་སྙོགས་པ་ནི་ཡབ་ཀྱི་གསང་རྩ་ཡིན་ནོ། །དེ་ནས་དབབ་པའི་རྗེས་ལ་བདེ་བ་བསྒོམ་པ་ནི་བསྲུབས་པ་ལས་ཡབ་ཡུམ་གཉིས་ཀའི་ཁམས་དྭངས་མ་རྩ་སྣར་ཕྱིན་པའི་ཚེ་ཐིག་ལེ་གཉིས་འཛོམ། རླུང་གཉིས་འཛོམ། རྩ་གཉིས་འཛོམ་པས་འཛོམ་པ་བཞིའོ། །རྡོ་རྗེ་དང་པདྨ་གཉིས་ཁ་སྦྱོར་བཞིའི་གདམས་ངག་ཅེས་བྱ་བ། མ་བུ་བཞི་ཕྲད་པའི་གདམས་ངག་ཅེས་བྱ་བ་རྟེན་ལྷན་ཅིག་སྐྱེས་པ་ཞེས་བྱ་བ། དེའི་དུས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང༌། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ཞེས་བྱ་བ་ཡིན་ཏེ། མཚན་གཞི་ལ་སོགས་པས་མཚོན་དུ་མེད་པའོ། །དགའ་བ་དང་པོ་གསུམ་ལ་ཞེན་ན་ཁམས་གསུམ་དུ་སྐྱེ། མ་ཞེན་ན་ཉན་ཐོས་ལ་སོགས་པ་ཐོབ་པས་བྱང་ཆུབ་ཆེན་པོ་ཐོབ་པའོ། །ཡང་དང་པོ་གསུམ་ནི་འཇིག་རྟེན་པའི་ལམ་ཡིན་ལ། བཞི་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་ཉམས་ཡིན་ནོ། །ཡང་དང་པོ་གསུམ་ནི་བསམ་གྱིས་མི་ཁྱབ་པ་སྔོན་དུ་མ་སོང་བ་ཡིན་ལ། ཐ་མ་ནི་སྔོན་དུ་སོང་བ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་ཐིག་ལེ་བརྟན་པས་དྲོད་དོ། །ལམ་བསྡུས་པའི་དྲོད་སྦྱོར་བས། འདི་རྒྱུན་ཆེ་ཆུང་བསྡོམས་པ་སྲིད་དོ། །གཞན་ཡང་སྦྱོར་བ་འདི་ནི་ཕྱག་རྒྱས་ཀྱང་བྱ་དགོས་ཏེ་རཀྟ་གྱེན་ལ་ལོག་ཏེ་ཕོ་བ་རྡོ་བཞིན་དུ་འགྲོ་བ་ཡོང༌། ཡང་རཀྟ་མི་ཐུབ་ན་མིག་གཡས་གཡོན་དུ་ཉི་མ་དང་ཟླ་བ་སྨིན་ཕྲག་ཏུ་ཡང་ཉི་མ་བསམས་ལ་ཡར་དྲངས་པར་བསམ། རང་ལ་ཡང་ངོ༌། །ཤིན་ཏུ་བསྡུས་པ་ནི་འདི་ཡིན་ཏེ་ལག་པ་གཡས་པའི་ཁུ་ཚུར་དྲག་ཏུ་བཅངས་ཏེ། དེ་ས་ལ་བཙུགས་ལ་ལུས་ཀྱི་ལྕིད་བཀུར། མིག་བགྲད། ཡིད་ནམ་མཁར་གཏད། རྡོ་རྗེའི་སྦུབས་སུ་ཨ་དཀར་པོ་བསམ། དེ་རླུང་གིས་ཡར་དྲངས་པས་ཐིག་ལེ་ངེས་པར་ཟིན་པར་འགྱུར་རོ། །ཁུ་ཚུར་དྲག་ཏུ་བཅངས་ནས་ནི། །སྲིན་པོའི་ལམ་ནི་ཡངས་པར་བཞག །ཡིད་ནི་ནམ་མཁའི་དབྱིངས་སུ་གཏད། །ཐིག་ལེ་ངེས་པར་ཟིན་པར་འགྱུར། །ཞེས་བྱ་བ་འདོད་པའི་ལྕགས་ཀྱུ་ཞེས་བྱ་བ་ཡིན་ནོ། །འདི་ལམ་རྒྱས་བསྡུས་གང་ཡང་རུང་བའི་དངོས་གཞི་དང་འབྲེལ་ལམ་སྙམ། ཐིག་ལེ་བསྲུང་བའི་མཆོག་འདི་ཡིན་ཏེ། གཡོན་པའི་སྡིགས་མཛུབ་ཀྱི་སྣ་བུག་གཡས་པ་བཙིར། དབུགས་ཡར་རྔུབས་ལ་མགོ་བོ་སྤྲུག དེ་ལྟ་བུ་སྲོད་ལ་ལན་གསུམ་བྱས་པས་རྨི་ལམ་དུ་ཡང་མི་འཆོར་གསུང༌། རྣམ་གྲོལ་རྒྱས་དགྲམ་པའི་དུས་སུ་ལུས་པོ་གཡོམ། སྣ་བུག་གཉིས་མཐེབ་མཛུབ་གྱིས་བཅེར་ལ། རླུང་དྲག་ཏུ་རྔུབ་ཅིང་མགོ་སྤྲུག་ལུས་སྤྲུག་བྱ། དེས་ཀྱང་ལུས་ལ་དགྲམ། དེ་ལྟར་དབང་གསུམ་པའི་ལམ་གྱིས་བསོད་ནམས་ཀྱི་ཚོགས་བསགས་ནས་ལྟ་བ་དགའ་བ་བཞིའི་ཡེ་ཤེས་མཉམ་གཞག་གི་རྗེས་ལ་བསྐྱངས་པས་ཡེ་ཤེས་ཀྱི་ཚོགས་བསགས། དེ་ལ་ས་གཉིས་པ། གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ་འཆར་བ་ཡིན། འབྲས་བུ་ལོངས་སྐུ་ཐོབ་སྟེ་ལམ་ཚར་གཅིག་གོ །དབང་གསུམ་པའི་ལམ་རྡོ་རྗེ་འཛིན་པ་འཕགས་པས་བྲིས་ནས། རྒྱལ་པོ་ཆེན་པོ་ལ་ཕུལ་བའོ།།  །།ས་མཱཔྟ་མི་ཐི། ཁམས་འདུས་པ་ཐ་མའི་དུས་སུ་གཙོ་ཆེ་ལ་ཐིག་ལེ་བསྲུང་བ་དང་པོ་ལ་ཡང༌། དག་པ་རྣམ་པ་གསུམ་གྱི་ཁྲིད་ཀྱི་ཐོ་ཡིག་ཤིན་ཏུ་ཡང་དགོས་སོ། །ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*