དབང་གོང་མ་གསུམ་གྱི་ལག་ལེན་ཚིགས་བཅད་མ།

༼པ༽

༄༅། །དབང་གོང་མ་གསུམ་གྱི་ལག་ལེན་ཚིགས་བཅད་མ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཚུངས་བྲལ་བླ་མ་དམ་པ་དང༌། །སྒྱུ་མའི་ཚུལ་འཆང་སྤྲུལ་སྐུ་དང༌། །བདེ་ཆེན་ཟག་མེད་ལོངས་སྐུ་དང༌། །གཉིས་མེད་བྱང་སེམས་ཆོས་སྐུ་དང༌། །སྤྲོས་བྲལ་ཁྱབ་བདག་ངོ་བོའི་སྐུར། །ཕྱག་འཚལ་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་དེ་དག་བསྒྲུབ་དོན་དུ། །དབང་ནི་རྣམ་པ་བཞི་པོ་ལས། །བུམ་པའི་དབང་བསྐུར་བླ་མས་བསྟན། །མཆོག་དབང་གསུམ་པོ་བྲི་བར་བྱ། །ཇི་ལྟར་དེ་ཡི་ཆོ་ག་ནི། །ཕྱག་དང་མཎྜལ་སྔོན་སོང་ནས། །སྙིམ་པ་མེ་ཏོག་བཅས་ཐལ་མོས། །གུས་པས་བཏུད་ནས་གསོལ་བ་གདབ། །ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། །ཁྱོད་ནི་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པས་རྡོ་རྗེ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེའི་ཡིད་ཀྱིས་དགྱེས། །ལན་གསུམ་བར་དུ་གསོལ་བ་གདབ། །འབྲུ་གསུམ་བརྗོད་ཅིང་གདོང་གཡོགས་བཅིང༌། །སློབ་དཔོན་རང་ཉིད་ཧེ་རུ་ཀ །ཡུམ་དང་གཉིས་སུ་མེད་པར་བསྐྱེད། །མཁའ་གསང་བྱིན་རླབས་སྙོམས་ཞུགས་པས། །ཧ་ཧ་སི་སི་ཀུན་དུ་རུ། །བཛྲ་དྷྲྀཀ་ཅེས་བྱ་བའི་སྒྲས། །ཕྱོགས་བཅུའི་བདེ་གཤེགས་སྤྱན་དྲངས་ལ། །ཞལ་དུ་ཞུགས་ནས་འོད་དུ་ཞུ། །ཡུམ་གྱི་གསང་བར་ཐིག་ལེར་གྱུར། །སློབ་མའི་ལྕེ་ལ་བཞག་པར་བསམ། །སློབ་མས་ཀྱང་ནི་དྲིན་དུ་གཞུག །དངོས་སུ་བདུད་རྩི་མྱང་བྱས་ལ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གི་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །འབྲུ་གསུམ་བརྗོད་ནས་ལུས་ལ་བསྟིམ། །རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགགས། །དེ་ཚེ་བླ་མ་ཡུམ་བཅས་པ། །མགྲིན་པར་ཞུགས་པས་རྐྱེན་བྱས་ནས། །གསུང་དག་དཔག་མེད་མགོན་དུ་གྱུར། །འབྲུ་གསུམ་བརྗོད་ཅིང་བདུད་རྩི་ཡིས། །སློབ་མ་དམ་པ་བསྲུང་བར་བྱ། །གདོང་གཡོགས་ཕྱེ་ལ་བྷ་ག་ཡི། །དཀྱིལ་འཁོར་མཐོང་བའི་བརྡ་ཞེས་བརྗོད། །ལུང་བསྟན་གསང་བའི་མཐའ་རྟེན་ཏེ། །ལོངས་སྐུའི་རྟེན་འབྲེལ་འགྲིགས་པ་ཡིན། །དབང་བསྐུར་གསུམ་པ་ཐོབ་བྱའི་ཕྱིར། །ཕྱག་དང་མཎྜལ་སྔོན་སོང་ནས། །མེ་ཏོག་ཐལ་སྦྱར་གསོལ་བ་གདབ། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ལན་གསུམ་གསོལ་གདབ་གདོང་གཡོགས་བཅིང༌། །འབྲུ་གསུམ་བརྗོད་ཅིང་བདུད་རྩི་གཏོར། །སློབ་མ་ཀྱེ་ཡི་རྡོ་རྗེར་བསྐྱེད། །མདུན་དུ་རྡོ་རྗེ་བདག་མེད་མ། །སྐད་ཅིག་གིས་ནི་དྲན་དུ་གཞུག །སློབ་དཔོན་གྱིས་ནི་འདི་སྐད་བརྗོད། །ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །དེ་ལྟར་གཏད་ལ་ཚིག་འདིས་དྲི། །བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཞེས་པས་སློབ་མར་བདག་མེད་མས། །དྲིས་པར་བསམ་ཞིང་ལན་འདི་གདབ། །བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་ཅིས་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པ། །བདག་ནི་ཅི་དགར་སྤྲོ་གྱུར་ཏོ། །སློབ་མས་དེ་སྐད་ལན་བཏབ་པས། །དེ་མཉེས་དེ་ཡི་གོས་བྲལ་ནས། །དྲི་མེད་པདྨ་ཁ་ཕྱེ་སྟེ། །བྷ་གའི་དཀྱིལ་འཁོར་ལེགས་པར་བསྟན། །དེ་ཡི་ཞལ་ནས་འདི་སྐད་གསུངས། །ཨེ་མ་འོ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཇི་ལྟར་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །བྱ་བ་པདྨར་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་དེ། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །དེ་སྐད་ཕན་ཡོན་ཉེས་དམིགས་དང༌། །བཅས་པས་སྤྲོ་བ་བསྐྱེད་བྱས་ནས། །སློབ་མའི་ཕྱག་རྒྱ་དང་བཅས་པ། །སྐུ་གསུམ་དུ་ནི་བྱིན་བརླབས་ཏེ། །དེ་ལྟར་སྐལ་བ་མཉམ་པར་བྱས། །གལ་ཏེ་ཉོན་མོངས་ཤས་ཆེ་ན། །འདུ་ཤེས་བྱིན་རླབས་དགོས་པ་དང༌། །ཐབས་ལ་མཁས་པའི་ཁྱད་པར་ཏེ། །ཆོས་བཞི་རྟོགས་པར་བྱས་ནས་སུ། །ཚུལ་མིན་ཡིད་བྱེད་སྤང་བར་བྱ། །དེ་ལྟའི་སྦྱོར་བ་ལ་མཁས་པས། །སྙོམས་ཞུགས་དབང་གི་དྭངས་མ་རྣམས། །དབུ་མའི་ལམ་ནས་རིགས་བདག་ཁར། །བབས་ནས་ཡུམ་གྱི་རཀྟ་དང༌། །བཅས་པ་འདྲེས་པས་གཟས་ཟིན་དུས། །དེ་ཡི་རླུང་གི་ནུས་པ་ཡིས། །བྱང་སེམས་རིམ་གྱིས་དབང་དུ་བསྡུ། །གནད་གསུམ་མན་ངག་ཤིན་ཏུ་གཅེས། བདུད་རྩིས་བསྲུང་ཞིང་གདོང་གཡོགས་དབྱེ། །ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ནི། །དཀྱིལ་འཁོར་མཐོང་བའི་བརྡ་ཞེས་བསྟན། །དབུགས་དབྱུང་གསུམ་པའི་མཐའ་རྟེན་ཏེ། །ཆོས་སྐུའི་རྟེན་འབྲེལ་འགྲིགས་པ་ཡིན། །དབང་བསྐུར་བཞི་པ་བྱ་བའི་ཕྱིར། །ཕྱག་སོགས་སྔོན་སོང་གསོལ་བ་གདབ། །བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ལན་གསུམ་གསོལ་གདབ་གདོང་གཡོགས་བཅིང༌། །འབྲུ་གསུམ་བརྗོད་ཅིང་བདུད་རྩིས་གཏོར། །ལུས་ཀྱིས་འཁྲུལ་འཁོར་ལྡན་བྱས་ནས། །དམ་པས་དེ་ལ་འདི་སྐད་བརྗོད། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །དེ་ཡང་རང་གི་སེམས་ཉིད་ཡིན། །ཐོག་མཐའ་མེད་ཅིང་སྐྱེ་འགག་མེད། །དངོས་པོ་ཀུན་གྱི་ཆོས་ཉིད་དེ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས། །ངོ་སྤྲོད་ཚིག་གི་བཞི་པའོ། །དེ་ཡི་ཡེ་ཤེས་སྐྱེ་བ་ནི། །དོན་གྱི་བཞི་པ་ཕྱག་རྒྱ་དང༌། །བཅས་པ་རྟེན་ཅན་དུས་ཀུན་ཏུ། །གོམས་བྱེད་ལམ་གྱི་བཞི་པའོ། །འགྲོས་བཞི་ཐིམ་ནས་གྲུབ་པ་གང༌། །མངོན་དུ་བྱེད་པ་བཞི་པ་སྟེ། །དེ་ལྟར་ཡེ་ཤེས་ངོ་སྤྲད་ནས། །འབྲུ་གསུམ་བརྗོད་ཅིང་བདུད་རྩི་ཡིས། །གཏོར་ནས་སློབ་མ་བསྲུང་བར་བྱ། །གདོང་གཡོགས་ཕྱེ་ལ་དོན་དམ་པ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། །མཐོང་ངོ་ཞེས་ནི་བརྗོད་པར་བྱ། །གཟེངས་བསྟོད་བཞི་པའི་མཐའ་རྟེན་ཏེ། །སྐུ་བཞིའི་རྟེན་འབྲེལ་བསྒྲིགས་པ་ཡིན། །མཇུག་གི་ཆོ་ག་གཞན་དུ་གསལ། །དེ་ལྟར་སྨིན་པར་བྱས་པ་ཡི། །མཆོག་དབང་རྣམ་པ་གསུམ་པོ་འདི། །བླ་མའི་ཕྱག་ལེན་ཇི་ལྟ་བར། །བློ་དམན་གཞན་ལ་ཕན་པའི་ཕྱིར། །ཉུང་ངུས་རྟོགས་བྱེད་ཁོ་བོས་བགྱིས། །འདི་ལ་ཉེས་པ་མཆིས་གྱུར་ན། །དཔལ་ལྡན་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བརྩེ་བས་བཟོད་པར་མཛད་དུ་གསོལ། །དགེ་དེས་འགྲོ་བ་མ་ལུས་རྣམས། །སྲིད་དང་མྱ་ངན་འདས་སྤངས་ནས། །སྐུ་གསུམ་འབྲས་བུ་ཐོབ་པར་ཤོག །དབང་གོང་མ་གསུམ་གྱི་ལག་ལེན་གྱི་རིམ་པ། བླ་མས་ཇི་ལྟར་མཛད་པ་བཞིན་དུ། རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*