ཀྱཻ་རྡོ་རྗེའི་བདག་འཇུག་གི་ཆོ་ག་དབང་ལ་འཇུག་པ།

༼པ༽

༄༅། །ཀྱེ་རྡོ་རྗེའི་བདག་འཇུག་གི་ཆོ་ག་དབང་ལ་འཇུག་པ་བཞུགས།།

༄༅། །དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དབང་ལ་འཇུག་པ་ཞེས་བྱ་བ། བླ་མ་དང་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྐྱབས་མཆོག་དཀོན་མཆོག་གསུམ་རང་བཞིན། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །དབང་ཉིད་ལམ་དུ་བྱ་བའི་ཕྱིར། །དེ་ཡི་ཆོ་ག་བཤད་པར་བྱ། །དབང་ཐོབ་དམ་ཚིག་རྣམ་དག་ཅིང༌། །རྣལ་འབྱོར་གཉིས་ལ་མཉམ་པར་གནས། །བསྙེན་པ་སྔོན་དུ་སོང་བ་ཡིས། །བདག་ཉིད་འཇུག་པའི་ཆོ་ག་བརྩམ། །དེ་ཡང་མཚན་ཉིད་དང་ལྡན་པའི་གནས་སུ། འདིར་དགོས་པའི་ཡོ་བྱད་རྣམས་བསགས་ནས། སའི་ཆོ་གའི་དོན་དུ་ཕྱག་གཉིས་པའི་རྣལ་འབྱོར་ལ་གནས་པས། དཀྱིལ་འཁོར་གྱི་གཞིར་བ་བྱུང་དང་དྲི་བཟང་གིས་བྱུགས་པའི་མཎྜལ་གྱི་དབུས་སུ། ཨོཾ་པྲི་ཐི་ཝཱི་དེ་ཝཱི། ཞེས་པས་མེ་ཏོག་གི་ཚོམ་བུ་བཀོད་ལ། པདྨ་དང་ཟླ་བའི་སྟེང་དུ་བྃ་ལས་སའི་ལྷ་མོ་སེར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་འཛིན་ཞིང༌། བདག་ལ་ཕྱོགས་པར་བསྐྱེད་པའི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿསྙིང་གར་ཧཱུྃ་བཀོད་ནས། རང་གི་སྙིང་ག་ནས་འོད་ཟེར་འོག་ཏུ་འཕྲོས་པས་སའི་ལྷ་མོ། འཁོར་ཀླུ་དང་ས་བདག་གི་ཚོགས་དང་བཅས་པ་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿས་ལྷ་མོ་མདུན་བསྐྱེད་ལ་བསྟིམ་པ་ལ། འཁོར་གཞན་གྱིས་བསྐོར་བར་བསམས་ནས། ཡང་འོད་ཀྱི་སྣང་བས་དབང་བསྐུར་གྱི་ལྷ་སྤྱན་དྲངས་ནས་མཆོད་ལ། འདི་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། བུམ་པའི་ཆུས་དབང་བསྐུར། དྲི་མ་ཐམས་ཅད་དག རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམས་ནས། ལྷ་རྫས་སུ་བྱིན་གྱིས་བརླབས་པའི་ཕྱིའི་མཆོད་པ་རྣམས་ཨོཾ་པྲྀ་ཐི་ཝཱི་དེ་ཝཱིའི་སྔགས་སྔོན་དུ་འགྲོ་བའི་སོ་སོའི་སྔགས་ཀྱིས་རིམ་པ་བཞིན་དུ་དབུལ། ནང་མཆོད་ཀྱིས་ཀྱང་མཆོད་ནས། གཏོར་མ་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ལ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་སྔོན་དུ་འགྲོ་བའི་ཨ་ཀཱ་རོ་གསུམ་མམ་བདུན་གྱིས་ཕུལ་ལ། རྡོ་རྗེ་དྲིལ་བུ་འཛིན་པས། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་ནས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སའི་ཕྱོགས་འདིར་ཀྱེ་རྡོ་རྗེའི་དཀྱིལ་འཁོར་བཞེངས་ནས། བདག་ཉིད་འཇུག་ཅིང་དབང་ལེན་པར་འཚལ་བས། སའི་ཕྱོགས་འདིར་བདག་ལ་གནང་ཞིང༌། ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ཀྱི་བུ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་པར་བསམ་མོ། །གཏོར་མ་གཉིས་པ་དཀར་པོའི་ཕྱོགས་སྣོད་དུ་རུང་བ་རྣམས་ལ་བྱིན་ནས། བདག་གི་དགེ་བའི་སྟོང་གྲོགས་མཛོད་ཅིག་ཅེས་བསྒོ། གསུམ་པ་ནག་པོའི་ཕྱོགས་སྣོད་དུ་མི་རུང་བ་རྣམས་ལ་བྱིན་ནས། ས་ཕྱོགས་འདིར་ནི་སློབ་དཔོན་བདག །དཀྱིལ་འཁོར་རྒྱལ་པོ་ཀྱེ་རྡོ་རྗེ། །བཞེངས་ཀྱིས་འདི་ནི་གནས་པའི་བགེགས། །འདི་ནས་གཞན་དུ་འགྲོ་བར་གྱིས། །སློབ་དཔོན་ཁོ་བོས་དཔལ་ཧེ་རུ་ཀའི་རྣམ་པར་འཕྲུལ་པ་ལས་བྱུང་བ། གསང་བ་ཆེན་པོའི་ལས་བརྩམ་གྱི། དཀྱིལ་འཁོར་ཆེན་པོ་བལྟ་བར་མི་དབང་བའི་བགེགས་ཀྱི་ཚོགས་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་སོང་ཤིག ཅེས་པའི་མཐར་དྲག་པོའི་སྔགས་བརྗོད་ཅིང་གུ་གུལ་གྱི་དུད་པ་དང༌། རོལ་མོའི་སྒྲ་དྲག་ཏུ་བྱས་པས། བགེགས་ཐམས་ཅད་བྱེར་བར་བསམས་ནས། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་བཛྲ་མུཿཞེས་བརྗོད་པས། སའི་ལྷ་མོ་འཁོར་བཅས་རང་གི་གནས་སུ་གཤེགས་པར་བསམས་ནས་ལས་ཀྱི་རྗེས་བསྡུའོ། །ས་བསླང་བའོ། །དེ་ནས་གྱོ་མོ་དང༌། སོལ་བ་དང༌། རུས་པ་ལ་སོགས་པའི་ཟུག་རྔུ་རྣམས་ཕྱུང་ནས། ས་བརྙན་བཟང་པོས་བཀང་ལ་འཐས་པར་བརྡུང་ངོ༌། །དེ་མ་གྲུབ་ནའང་ས་བརྙན་བཟང་པོ་དྲི་བཟང་དང་སྦྱར་བས། ཤར་དང་བྱང་དུ་གཞོལ་ཞིང༌། མེ་ལོང་གི་ངོས་ལྟར་འཇམ་པའི་ས་སྟེགས་གྲུ་བཞི་པ་བྱས་པའི་སྟེང་དང་ཁོར་ཡུག་ཀུན་ཏུ་ལག་པ་གཉིས་གཞག་ཅིང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ་ཅེས་བརྗོད་ཅིང༌། ལག་མཐིལ་ལས་འོད་འཕྲོས་པས་ཟུག་རྔུ་ཐམས་ཅད་སྦྱངས་པར་བསམ། ཡང་ཨོཾ་བྷུ་ཁཾ་ཞེས་བརྗོད་པས་ས་ཕྱོགས་ཐམས་ཅད་ནམ་མཁར་གྱུར་པར་བསམ། ཡང་ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་ཅིང༌། ལག་མཐིལ་ལས་འོད་འཕྲོས་པས་ཕྱོགས་ཐམས་ཅད་རྡོ་རྗེའི་ས་གཞིར་གྱུར་པར་བསམ་མོ། །སྐྱོན་སྦྱང་བའོ།།  །།དེ་ནས་ས་ཕྱོགས་དེ་ཉིད་དུ་ཁ་ཤར་དུ་བལྟས་པས་བདག་ཉིད་འདུག་ལ་ཐུན་མོང་གི་སྲུང་བའི་འཁོར་ལོ་བརྟན་པར་བསྒོམས་ནས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་ཡང་དང་ཡང་དུ་བརྗོད་དོ། །དེ་ནས་རང་གི་སྙིང་ག་ནས་གཡོན་པས་རྡོ་རྗེ་ཕུར་བུ་དང༌། གཡས་པས་རྡོ་རྗེ་ཐོ་བ་འཛིན་པའི་ཁྲོ་བོ་བཅུ་འཕྲོས་པས། ཕྱོགས་སྐྱོང་བཅུས་གཙོ་བྱས་པའི་བགེགས་ཀྱི་ཚོགས་ཐམས་ཅད་བཀུག དཀར་པོའི་ཕྱོགས་སྐྱབས་འགྲོ་སེམས་བསྐྱེད་ལ་བཀོད། རང་གི་གྲོགས་བྱེད་དུ་བཅུག ནག་པོའི་ཕྱོགས་རྣམས་ཀྱི་སྤྱི་བོར་རྡོ་རྗེ་ཕུར་བུ་བཏབ་པར་བསམ་ཞིང༌། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཧཱུྃ་ཕཊ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། སརྦ་བིགྷྣཱན་ཀཱ་ཡ་ཝཱཀྩིཏཱ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ནས། རྡོ་རྗེ་ཐོ་བས་བརྡུང་བར་བསམ་ཞིང༌། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་ལུས་ཐམས་ཅད་བཅོམ། སྡིག་པ་ཐམས་ཅད་བསྲེགས། རྣམ་པར་ཤེས་པ་མི་བསྐྱོད་པའི་ཞིང་དུ་སངས་རྒྱས་ནས། ཁྲོ་བོ་རྣམས་རྡོ་རྗེ་རྭ་བའི་ཁ་ཁྱེར་ལ་འཁོད་དེ། དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་སྲུང་བ་མཛད་པར་བསམ་ཞིང་སྲུང་བའི་སྔགས་ཡང་ཡང་བརྗོད་དོ། །བགེགས་སྦྱང་ཞིང་བསྲུང་བའོ། །དེ་ནས་སའི་ཕྱོགས་འདིར་དཀྱིལ་འཁོར་བཞེངས་པར་བྱའོ་སྙམ་དུ་བློས་གཟུང་ངོ༌། །སའི་ཆོ་གའོ།།  །།དེ་ནས་སྟ་གོན་ལ་འཇུག་པའི་ཚེ། བ་བྱུང་དང་དྲི་བཟང་གིས་བྱུགས་པའི་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པས་བསྐོར་ཞིང༌། གོས་ཟུང་དང༌། ནང་མཆོད་དང༌། གཏོར་མ་དང༌། རྡོ་རྗེ་དྲིལ་བུ་དང༌། ཅོད་པན་ལ་སོགས་པ་དབང་རྫས་རྣམས་བསགས་ནས། ཕྱི་མ་རེད་ཀྱི་ཚེ་སྒྲུབ་པའི་གྲོགས་དང་བཅས་པ་འཁོད་ལ། སྔོན་དུ་འགྲོ་བའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱིས་དེར་གནས་པའི་འབྱུང་པོ་རྣམས་ལ་བསྔོས་ནས། སྣོད་མ་ཡིན་པ་བསྐྲད་ཅིང༌། སྣོད་དང་ལྡན་པ་རྣམས་ལ་གྲོགས་བཅོལ་ལ། གནས་དང་ཡོ་བྱད་རྣམས་དྭངས་ཤིང་ཐོགས་པ་མེད་ལ་རྒྱ་ཆེ་བར་བྱིན་གྱིས་བརླབ་ཅིང་རོལ་མོའི་སྒྲ་རྒྱ་ཆེར་བྱས་ལ། ཨོཾ་བཛྲ་དྷརྨ་ར་ཎིའི་སྔགས་བརྗོད་དོ། །དེ་ནས་ལས་ཀྱི་སློབ་མས་རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་ནས་ཡི་གེ་བརྒྱ་པས་རྒྱུད་སྦྱངས་ལ། སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བའི་རིམ་པ་གཉིས་བསྒོམས་ནས་བཟླས་པ་ཅི་རིགས་པ་བྱས་ལ། བདག་ཉིད་ཕྱག་གཉིས་པར་བསྡུས་ཏེ། མཆོད་རྫས་རྣམས་ཨ་མྲྀ་ཏས་བསང་ཞིང༌། སྭ་བྷཱ་ཝས་སྦྱངས་པའི་ངང་ལས། ཧཱུྃ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་པ། ས་དང་ནམ་མཁའ་དང་བར་སྣང་གང་བར་བསྐྱེད་ནས་སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །དེ་ནས་ས་བསླང་བའི་སྐབས་ལྟར་སའི་ལྷ་མོ་འབའ་ཞིག་གི་ཆོ་གས་ས་ལྷག་པར་གནས་པར་བྱས་ནས་ཚོམ་བུའི་དཀྱིལ་འཁོར་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། རོལ་མོའི་བར་གྱི་ཕྱི་མཆོད་སྒྲུབ་ཐབས་ནས་འབྱུང་བ་ལྟར་བྱས་ནས། ལྷ་རྫས་ལས་གྲུབ་པའི་གོས་ཟུང་ལྷ་རེ་རེ་ལའང་དཔག་ཏུ་མེད་པ་ཕུལ་བར་བསམ་ཞིང༌། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བྷ་ག་ཝཱན་ལ་སོགས་པའི་མཐར་ཨོཾ་བཛྲ་ཝསྟྲཱ་ཨཿཞེས་པས་གོས་ཕུལ་ནས། ནང་བདུད་རྩི་དང་ཡིད་ལས་བྱུང་བས་ཀྱང་མཆོད་ནས། བསྟོད་པ་རྒྱས་པར་བསྟོད་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཐུགས་རྗེའི་རང་བཞིན་ཅན། །མགོན་པོ་བདག་ནི་འདྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སེམས་ཅན་བསྟན་ལ་དགའ་བ་དང༌། །གང་སུ་རྡོ་རྗེའི་སྤྱན་ཅན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཧེ་ཞེས་བྱ་བའི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པ་དག་གིས། །འགྲོ་བ་དག་ཕྱིར་བདག་འདྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཐུགས་དཔག་མཛད་ནས་སུ། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེས་དགོངས་ནས་གནང་བར་མཛོད། །ཅེས་ལན་གསུམ་གསོལ་བ་བཏབ་པས་རྗེས་སུ་གནང་ཞིང་བྱིན་གྱིས་བརླབ་པར་བསམ་པ་ནི་ལྷ་སྟ་གོན་ནོ། །སྦྱིན་སྲེག་དང་འབྲེལ་ན་སྐབས་འདིར་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་མཚན་ཉིད་དང་ལྡན་པའི་བུམ་པ་གཉིས་པྲོག་ལྔའམ་བདུན་དང་ལྡན་པའི་མགུལ་ཆིངས་ཀྱིས་བཅིངས་ཤིང༌། བཅུད་རྣམས་དང་བཅས་པའི་ཆུས་ཡོངས་སུ་བཀང་བ་ལ། ལོ་མ་དང་འབྲས་བུར་བཅས་པའི་ཤིང་གི་ཡལ་གས་ཁར་བརྒྱན་ནས། རྣམ་རྒྱལ་གྱི་བུམ་པའི་སྟེང་དུ་དྲིའི་ཆུས་གང་བའི་དུང་ཆོས་གཟུངས་ཐག་དང་ལྡན་པའི་རྡོ་རྗེ་དང་བཅས་པ་གཞག་ཅིང༌། གཙོ་བོའི་ཕྱག་མཚན་གདགས། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་བཏགས་པ་བསང་ཞིང་སྦྱངས་པའི་ངང་ལས། པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། དཔག་བསམ་གྱིས་ཤིང་གིས་ཁར་བརྒྱན་ཞིང༌། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་གཡོག་པར་བསྐྱེད་ནས། རྣམ་རྒྱལ་གྱི་བུམ་པར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ལྷ་དགུ་སོ་སོའི་གདན་དང༌། ལས་ཐམས་ཅད་པར་པདྨ་དང་ཉི་མའི་གདན་དམིགས་པ་རྣམས་ཀྱི་སྟེང་དུ། ཨཱ་ལི་ཀཱ་ལི་ལས་ཟླ་བ་དང་ཉི་མ་ཁ་སྦྱོར་ཕྲག་བཅུ་བསྐྱེད་ལ། རྣམ་རྒྱལ་གྱི་དབུས་མ་མངོན་བྱང་ལྔས་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པའི་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་རྣམས་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ་བའི་ཐིག་ལེ་དགུ་ཕྱོགས་མཚམས་བརྒྱད་དང་ལས་ཐམས་ཅད་པའི་ཉི་ཟླའི་བར་དུ་འཕྲོས་པ་རྣམས། སོ་སོའི་ཕྱག་མཚན་ས་བོན་གྱིས་མཚན་པར་གྱུར་ཅིང༌། སོ་སོ་འདྲེས་པ་ལས་ལྷ་མོ་བརྒྱད་དང༌། ལས་ཐམས་ཅད་པར་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ། ཞལ་གཅིག་ཕྱག་གཉིས་པ། གཡས་པ་སྣ་ཚོགས་རྡོ་རྗེ་ཐུགས་ཀ་དང༌། གཡོན་པ་དྲིལ་བུ་དཀུར་འཛིན་ཞིང༌། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྐྱེད་ནས། ཐམས་ཅད་ལ་ཡན་ལག་བཞི་རྫོགས་སུ་བྱས་ཏེ། བདུད་རྩི་འཁྱིལ་པ་ལ་ནི་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་དེ་རྣམས་ལ་མཆོད་ཅིང་བསྟོད་ནས་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་འཕྲོས་པས་ལྷ་སོ་སོའི་རྒྱུད་བསྐུལ་ནས། སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང༌། གཙོ་བོ་ལ་སྙིང་པོ་དང༌། ལྷ་མོ་རྣམས་ལ་སོ་སོའི་སྔགས་དང༌། ལས་ཐམས་ཅད་པ་ལ་ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་པ་རྣམས་ཅི་རིགས་པ་བཟླས་ནས་སླར་ཡང་མཆོད་ཅིང་བསྟོད་ལ། དུང་ཆོས་ཀྱི་ཆུ་བླུགས་པས་ལྷ་རྣམས་ཞུ་བ་ལས་བྱུང་བའི་ཆུར་བསམ་མོ། །བུམ་པ་སྟ་གོན་ནོ། །དེ་ནས་གཏོར་མ་དང་པོ་ཀྱེ་རྡོ་རྗེའི་ལྷ་ཚོགས་དང༌། གཉིས་པ་ཆོས་སྐྱོང་དང༌། གསུམ་པ་མཁའ་འགྲོ་སྤྱི་གཏོར་གྱིས་འབྱུང་པོའི་ཚོགས་ཐམས་ཅད་ལ་དབུལ་ལོ། །དེ་ནས་ཡུལ་གྱི་བྱ་བ་རྣམས་གཙོ་བོ་དང་བླ་མ་ཐ་མི་དད་ཀྱིས་མཛད་པར་བསམ་ཞིང༌། རང་དང་འབྲེལ་པ་རྣམས་བདག་ཉིད་ཀྱིས་བྱས་ནས། སྟ་གོན་གྱི་ཆོས་རྣམས་ཀྱང་བྱས་ན་འགལ་བ་མེད་པར་བསམ་མོ། །དེ་ནས་ཚོགས་ཀྱིས་ཕྱི་ནང་གི་ལྷ་རྣམས་མཆོད་ཅིང༌། ལྷག་མའི་བར་བྱས་ནས། འདས་པའི་མ་གཏོགས་པའི་གཏོར་མ་རྣམས་གཏང་ཞིང༌། ཚོམ་བུའི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་ནས། ཨོཾ་བཛྲོ་ཏིཥྛའི་སྔགས་དང་ཕྱག་རྒྱས་ནམ་མཁའ་ལ་བཏེག་ནས་བཞུགས་པ་ལ་མཆོད་པ་རྒྱུན་མི་འཆད་པར་བྱའོ། །དེ་ནས་ཉལ་བའི་རྣལ་འབྱོར་གྱིས་གནས་པར་བྱའོ། །སྟ་གོན་ནོ། །ནང་པར་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་དག་པ་གསུམ་དྲན་པར་བྱས་ནས་སྟ་གོན་གྱི་ལྷ་ནམ་མཁའ་ལ་གནས་པ་ལ་མཆོད་པ་བྱའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའི་ཚུལ་གཞན་དུ་ཤེས་པར་བྱ་ཞིང༌། འདིར་རས་བྲིས་ལ་བརྟེན་པའི་ཚུལ་ནི། ཕྱི་མ་རེད་ཀྱི་ཚེ་ཚོམ་བུའི་གཞི་དེ་ཉིད་ཀྱི་ཁོར་ཡུག་དང་བཅས་པ་བ་བྱུང་ལྔ་དྲི་བཟངས་བདུད་རྩི་དང་བཅས་པས་ལེགས་པར་བྱུགས་པར་གཞི་བཟང་པོའི་སྟེང་དུ་དཀྱིལ་འཁོར་ཞལ་ཤར་དུ་ཕྱོགས་པར་བཀྲམ་ལ། ཁོར་ཡུག་ཀུན་ཏུ་མཆོད་པ་དང༌། གཏོར་མ་ལ་སོགས་པ་སྔར་བཞིན་དུ་དགྲམ་མོ། །དེ་ནས་སྔོན་དུ་འགྲོ་བའི་གཏོར་མ་ནས་བཟླས་པའི་བར་སྔར་བཞིན་དུ་བྱས་ནས། མཆོད་པ་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་བསང་ཞིང་སྦྱངས་པའི་ངང་ལས་ཐུན་མོང་གི་སྲུང་འཁོར་རང་གི་བསྒོམས་པ་ལྟར་བསྐྱེད་པའི་དབུས་སུ། ལུགས་འབྱུང་གི་འབྱུང་བ་བཞི་འདྲེས་པ་ལས་གཞལ་ཡས་ཁང་དུར་ཁྲོད་གདན་དང་བཅས་པ་བསྐྱེད་ནས། གདན་རེ་རེའི་སྟེང་དུ་སོ་སོའི་མངོན་བྱང་ལྔ་ལྔས་ལྷ་དགུ་རྫོགས་པར་བསྐྱེད་པ་དང༌། བདག་གིས་བསྒོམས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གཉིས་སུ་མེད་པར་བསྲེས་ནས་བདག་ཉིད་གཙོ་བོར་གནས་པའི་མཁའ་གསང་བྱིན་གྱིས་བརླབས་ཏེ། སྙོམས་པར་ཞུགས་པའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས་ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ། ཡུམ་གྱི་མཁར་བབས་པ་ལྷ་དགུའི་དཀྱིལ་འཁོར་དུ་གྱུར་པ་ལྷ་རེ་རེ་ནས་སྦྱོར་མཚམས་ནས་སྤྲོས་ནས་ནམ་མཁའི་ཁམས་ཐམས་ཅད་ཁྱབ། རང་རང་གི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད། སླར་འདུས་པ་གཞིའི་ལྷ་སོ་སོ་ལ་ཐིམ། ཡང་རྟེན་གྱི་དཀྱིལ་འཁོར་སྤྲོས། སྣོད་ཐམས་ཅད་སྦྱངས་པ་རྟེན་གྱི་དཀྱིལ་འཁོར་དུ་གྱུར་པའི་ནང་དུ། གོང་དུ་སྨིན་པར་བྱས་པའི་སེམས་ཅན་རྣམས་ལྷ་དགུའི་རྣམ་པས་བཞུགས་པར་བསམས་ནས། འཕྲོས་པ་སླར་འདུས་པ་རྣམས་རང་གི་རྟེན་གྱི་དཀྱིལ་འཁོར་ལ་ཐིམ་པར་བསྒོམ་མོ། །དེ་ནས་རྩ་བའི་དཀྱིལ་འཁོར་གྱི་སྐྱེ་མཆེད་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། རྩ་བའི་སྔགས་བརྗོད་ཅིང་རྡོ་རྗེ་གསོར་ལ། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཀྱིས་སྲུང་བའི་འཁོར་ལོ་ཁ་ཕྱེ་བའི་སྒོ་ནས། སྟ་གོན་གྱི་ལྷ་ལ་མཆོད་ཅིང་བསྟོད་ལ། གཽ་རཱི་ལ་སོགས་པའི་ལྷ་མོ་བཞིས་རང་ལ་བསྟིམ་མོ། །སླར་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ་ནས། རིགས་བདག་གི་རྒྱས་གདབ་པའི་བར་སྒྲུབ་ཐབས་ལྟར་བྱས་ནས། ལྷ་རྣམས་བྱིན་གྱིས་བརླབ་པའི་ཕྱིར་རེ་རེ་ལ་དམིགས་ཤིང༌། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་དང༌། ནཾ་བཛྲ་ནཻ་རཱིཏྨྱ་ལ་སོགས་པ་ལྷ་སོ་སོའི་མཚན་སྔོན་དུ་འགྲོ་བའི་ཡི་གེ་བརྒྱ་པ་བརྗོད་དོ། །སྒྲུབ་པའོ། །དེ་ནས་བདག་ཉིད་གཙོ་བོའི་ཐུགས་ཀ་ནས་ཕྱག་གཉིས་པའི་ང་རྒྱལ་གྱིས་བྱེ་བ་ཤར་ཕྱོགས་སུ་གནས་པའི་ཆོ་ག་རྣམས་བྱ་སྟེ། ཐོག་མར་མཆོད་པ་དང་བསྟོད་པ་སྟ་གོན་ལྟར་བྱས་ལ། སྒྲུབ་པའི་གྲོགས་འགའ་ཞིག་གིས་རྩ་བའི་སྔགས་བརྗོད་པས་དཀྱིལ་འཁོར་གྱི་གནས་བསྲུང་དུ་བཅུག་ནས། བདག་ཉིད་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ། དཀྱིལ་འཁོར་ལ་བལྟ་བར་མི་དབང་བའི་འབྱུང་པོ་རྣམས་ལ་ཕྱི་རོལ་གྱི་གཏོར་མ་སྦྱིན་པར་བྱ་སྟེ། མགྲོན་གྱི་སྐབས་སུ་པདྨ་དབུས་མའི་དབུས་སུ་ཐུགས་རྡོ་རྗེ་ཡབ་ཡུམ་བསྐྱེད་ཅིང༌། དབུལ་བའི་སྔགས། ཨོཾ་ཨིནྡ་མན་ཆད་གསུམ་ལ་སོགས་པས་ཕུལ་ནས་མི་བསྐྱོད་རྡོ་རྗེ་མན་ཆད་ཀྱིས་བསྟོད་ཅིང༌། ཕྲིན་ལས་གཞོལ་བ་ལ་སོགས་པ་བྱའོ། །བྱེ་བྲག་ཏུ་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པར་མཛོད་ཅེས་ཁྱད་པར་གྱི་ཕྲིན་ལས་བཅོལ་ནས། ཨོཾ་ཧྲཱིཿབི་ཤུདྡྷའི་སྔགས་ཀྱིས་འཐོར་འཐུང་བྱིན་ལ། ཡི་གེ་བརྒྱ་པའི་མཐར་མུཿདང་ལག་པ་ས་ལ་གཏུག་ཅིང་སེ་གོལ་བརྡབས་ལ། སརྦ་བྷཱུ་ཏ་གཙྪཿསརྦ་དུཥྚཱན་གཙྪཿཞེས་བརྗོད་ལ་མགྲོན་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། གཏོར་མ་རོལ་མོ་དང་བཅས་པས་གཞི་མདོའམ་ཆུ་བོར་བསྐྱལ་ལོ། །དེ་ནས་རྩ་བའི་སྔགས་བརྗོད་པས་བསྲུངས་ནས། ཡི་གེ་བརྒྱ་པ་བརྗོད་ཅིང༌། དཀྱིལ་འཁོར་ལ་བསྐོར་བའམ། བསྐོར་བར་དམིགས་ལ་དེ་ཡན་ཆད་ཀྱི་འགལ་འཁྲུལ་རྣམས་བཟོད་པར་གསོལ་ལོ། །སྦྱིན་སྲེག་དང་འབྲེལ་ན་སྐབས་འདིར་བྱ་སྟེ། དེའང་སྟ་གོན་གྱི་ཚེ་ཞི་བ་དང༌། དངོས་གཞི་ལ་རྒྱས་པའི་བྱའོ། །དེ་ནས་ཤར་ཕྱོགས་སུ་འདུག་ལ། བདག་ཉིད་འཇུག་ཅིང༌། གཙོ་བོ་དང་བླ་མ་ཐ་མི་དད་པ་ལས་དབང་བླང་བར་བྱ་སྟེ། བླ་མས་མཛད་རྒྱུའི་ཆོ་ག་རྣམས་དེས་མཛད་པ་དང་གསུང་བར་བསམ་ཞིང་བྱ། ལས་ཀྱི་བྱ་བ་རྣམས་དེའི་ཐུགས་ཀ་ནས་བྱེ་བའི་ཧེ་རུ་ཀ་ཕྱག་གཉིས་པ་གཅིག་གིས་མཛད་པར་བསམ། སློབ་མའི་བྱ་བ་རྣམས་རང་གིས་དངོས་སུ་བྱ་སྟེ། ཐོག་མར་མཎྜལ་ཕུལ་ལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་ཙོག་པུར་འདུག་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པ་ལན་གསུམ་གྱིས་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་བསྐྱེད། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་པ་ལ་སོགས་པ་ལན་གསུམ་གྱིས་སྡོམ་པ་བཟུང་ནས། ཨ་ཁཾ་ཝཱི་ར་ཧཱུྃ་གིས་གདོང་གཡོགས་བཅིང༌། མེ་ཏོག་གི་ཕྲེང་བ་གཏད། བདུད་རྩི་འཁྱིལ་བའི་སྔགས་དང་ལས་ཐམས་ཅད་པའི་ཆུས་བསང༌། བདུད་རྩི་ལྕེ་ལ་གཞག་ཅིང༌། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། བླ་མས་བུ་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་པས་དྲིས་པར་བསམ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ་ཞེས་པས་ལན་གདབ། དེ་ཡིས་བུ་ལ་ཅི་ཞིག་བྱ་ཞེས་དྲི། སངས་རྒྱས་མཆོག་གི་དམ་ཚིག་གོ་ཞེས་པས་ལན་བཏབ་པས། རིགས་དང་མོས་པ་ངེས་པར་བྱ། དེ་ནས་རང་གི་སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་དམིགས་པའི་སྟེང་དུ། རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་དམིགས་ནས། དངོས་སུ་རྡོ་རྗེ་གཏུག་ཅིང༌། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུདྦཱ་ད་ཡཱ་མི་སུ་ར་ཏི་ས་མ་ཡ་སྟཾ་ཧོ། སིནྡྷྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་བྱིན་གྱིས་བརླབས་ནས། སྤྱི་བོར་རྡོ་རྗེ་གཏུགས་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཧཱུྃ་ཞེས་པས་གསང་བར་གདམས་ནས། གཽ་རཱི་ལ་སོགས་པ་བཞིས་ཡོལ་བའི་ནང་དུ་ཁྲིད་པར་བསམ་ཞིང༌། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །ཕྱིའི་འཇུག་པའོ། །དེ་ནས་རང་ཉིད་ཤར་ཕྱོགས་ཀྱི་སྒོ་ཁང་དུ་གནས་པ་ལ། གཙོ་བོས་སྤྱི་བོར་རྡོ་རྗེ་བཞག་ནས། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའི་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་ཕན་ཡོན་གྱི་སྒོ་ནས་དང༌། སྙིང་གར་རྡོ་རྗེ་བཞག་ནས། ཧཱུྃ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཡང་སྤྱི་བོར་རྡོ་རྗེ་བཞག་ནས། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་འགས་པར་འགྱུར་རོ། །ཞེས་ཉེས་དམིགས་ཀྱི་སྒོ་ནས་དང༌། བདུད་རྩིའི་རྒྱུན་བླུད་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཋཿཋཿཧཱུྃ་ཞེས་གཉི་གའི་སྒོ་ནས་དང༌། སྤྱི་བོར་རྡོ་རྗེ་བཞག་ནས། དེང་ཕྱིན་ཆད་བུ་ཁྱོད་ཀྱིས་དཔལ་ཧེ་ར་ཀ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་བུ་ཁྱོད་ཀྱིས་བྱ་དགོས་སོ། །ང་ལ་ཡང་བརྙས་པ་མ་བྱེད་ཅིག བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏ་རེ། ཞེས་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་གཞག་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་དུ་གསོལ་ཞེས་ལན་གསུམ་གསོལ་བ་བཏབ་ནས། ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་རང་བཞིན་མེད་པར་ཤེས་པའི་རྟོགས་པ་བརྟན་པོ་བསྐྱེད་པས། དངོས་པོ་ལ་མངོན་པར་ཞེན་པ་དང་བྲལ་བའི་ངང་ནས། རང་ཉིད་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུའི་སྟེང་ན་གནས་པའི་ཧེ་རུ་ཀ་ཞབས་གཉིས་བགྲད་པར་བསམས་ནས། དེའི་རྐང་མཐིལ་གཉིས་སུ་ཛྷཻཾ་ལྗང་གུ་གཉིས། སུམ་མདོ་མེའི་རང་བཞིན་དམར་པོ། སྙིང་གར་ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཧཱུྃ་གིས་མཚན་པ། མགྲིན་པར་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཨཱཿས་མཚན་པ། སྤྱི་བོར་ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ལྗང་གུ་ཧས་མཚན་པ་རྣམས་དམིགས་ནས། འོག་གི་རླུང་གཡོས་ཤིང་གཙུབས་ཛྷཻཾ་མེར་གྱུར་པ་རྐང་པའི་ནང་ནས་ཞུགས་ཤིང་གྱེན་དུ་སོང་བས་ནང་གི་སུམ་མདོའི་མེ་དང་འདྲེས་ཤིང་ཆེར་འབར་བས། ལུས་ཐམས་ཅད་གང་བས་སྡིག་པ་དང་རྟོག་པ་ཐམས་ཅད་ཚིག སྙིང་གའི་ས་བསྲེགས། མགྲིན་པའི་ཆུ་བསྐོལ། སྤྱི་བོའི་རླུང་གིས་མནན། རྐང་པའི་རླུང་གིས་བཏེག དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆར་ཆེན་པོ་འབབ་པ་ལྟར་བབས་ཤིང༌། དབང་པོ་དང་བ་སྤུའི་སྒོ་ཐམས་ཅད་ནས་ཞུགས་ཏེ་ཐིམ་པས་ཧེ་རུ་ཀའི་རང་བཞིན་དུ་གྱུར་པར་བསྒོམ་ཞིང༌། བྱི་ལའི་བྲུན་དང་ཟླ་མཚན་ཅན་གྱི་འདོམ་དཀྲིས་ཀྱི་རས་དང་བཅས་པའི་གུ་གུལ་བསྲེགས་པས་བདུག་ཅིང༌། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས། ཨོཾ་ཏིཥྛ་མཧཱ་ཀྲོ་དྷ་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ། སྟྭཾ་བྷ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུྃ་ཨ་ཧཱ་ཛྷཻཾ་ཞེས་འབྲུག་གི་སྒྲ་ལྟར་བསྒྲགས་པར་བསམ་ཞིང་ཡིད་གཟུང་ངོ༌། །དེས་ཡེ་ཤེས་བབས་པའི་རྟགས་ཅི་རིགས་པ་འབྱུང་ཞིང༌། དེ་བརྟན་པའི་ཕྱིར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ནས། ཨོཾ་ཏིཥྛ་བཛྲ་ཞེས་གསུང་བར་བསམ་མོ། །ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བའོ། །དེ་ནས་བླ་མས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་ལན་གསུམ་གྱིས་གསོལ་བ་འདེབས་པར་བསམས་ནས། རང་ཉིད་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འདུག་པའམ། འདུག་པར་བསམས་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། ལ་སོགས་པས་གསོལ་བ་བཏབ་ནས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་ནས་མེ་ཏོག་གང་ལ་ཕོག་པའི་ལྷ་ལ་ཕུལ་ལ། ཨོཾ་པྲ་ཏི་གྲིཧྣ་སྟྭཾ་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ་ཞེས་པས་སླར་ཡང་བྱིན་གྱིས་བརླབ་པའི་ཕྱིར་སྤྱི་བོར་བཞག་ནས། མིག་འབྲས་ཨོཾ་དུ་དམིགས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ་ཞེས་པས་གདོང་གཡོགས་ཕྱེ་ནས། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ཧེ་རུ་ཀ །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་པས་དཀྱིལ་འཁོར་བསྟན་པ་བལྟས་ལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྤྱི་དང་བྱེ་བྲག་ངེས་པར་བྱས་ནས། ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་བདག་གིས་དེ་རིང་མཐོང༌། །ཨོཾ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོཿཞེས་བརྗོད་དོ། །འཇུག་པའོ། །དེ་ནས་དབང་གི་དོན་དུ་མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེས་སངས་རྒྱས། །མཆོད་ཆེན་ཅི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། རང་ཉིད་དབང་སྟེགས་ཀྱི་དཀྱིལ་འཁོར་གྱི་ནང་དུ་རིན་པོ་ཆེའི་ཁྲི་པདྨ་དང་ཉི་མར་བཅས་པའི་གདན་ལ། མེ་ཏོག་གང་ལ་ཕོག་པའི་རྣམ་པས་གནས་པའི་སྟེང་དུ། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ། ས་དང་བར་སྣང་ཐམས་ཅད་མཆོད་པའི་སྤྲིན་གྱི་གང་བས་རང་ཉིད་ལ་མཆོད་ཅིང༌། ལས་བྱེད་པའི་ཧེ་རུ་ཀས་བདག་གི་བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཏིལ་ལ་བསྟིམ་པ་མེར་བསྲེགས་ནས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ་ཞེས་མེའི་ཤིས་པ་དང༌། ཆུས་བཀྲུས་ཤིང༌། ཨོཾ་ཧཱུྃ་ཌ་ཌི་ཏ་ཕཊ་ཅེས་ཆུའི་ཤིས་པ་དང༌། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུྃ་གིས་སྐྱོར་ཆུ་བྱིན་ནས་བྱུར་བསལ་བ་མཛད་ནས། སྤྲུལ་པའི་དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་བཅད་གསུང་བར་བསམ་ཞིང་དངོས་སུ་ཡང་བཀྲ་ཤིས་བརྗོད་དོ། །ཤེས་པའི་ཆོ་གའོ། །དེ་ནས་རིག་པའི་དབང་ལྔ་ནི། བདག་དང་དབང་རྫས་བུམ་པ་སྭ་བྷཱ་ཝས་མི་དམིགས་ཏེ་སྟོང་པའི་ངང་ལས། པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས་སླར་འདུས་པ་ལས། མི་བསྐྱོད་པ་དགྱེས་པའི་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་པ། ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ། གཡོན་པ་རྣམས་ཀྱིས་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀཱི་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། རུས་པ་དང་རིན་པོ་ཆེས་བརྒྱན་པ་བསྐྱེད་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། སྙིང་གའི་ས་བོན་གྱི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་བསྐྱོད་པའི་རྣམ་པས་སྤྱན་དྲངས། དམ་ཚིག་པ་གཉིས་ལ་གཉིས་སུ་མེད་པར་བསྟིམ། དབང་རྫས་ཀྱི་ལྷ་ལ་དབང་བསྐུར་ཞིང་རིགས་བདག་གི་རྒྱས་བཏབ་ནས། དེ་སྙོམས་པར་ཞུགས་པས་ཞུ་བ་ལས་བྱུང་བའི་དབང་རྫས་སུ་བལྟས་ལ། གདན་གསུམ་ཚང་བའི་དབང་གི་ལྷ་རྣམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་རིགས་ལྔས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང༌། བུམ་པའི་ཆུས་དབང་བསྐུར། རིག་མས་རྡོ་རྗེའི་གླུ་བླངས། བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད། ཁྲོ་བོས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པར་བསམ། དབང་གི་ཆུ་རྒྱུན་གྱིས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུར་བརྒྱན་པ་ལ། སླར་ཡང་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཞེ་སྡང་དག རྣམ་པར་ཤེས་པ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་བག་ཆགས་རྒྱུད་ལ་བཞག་ཅེས་དོན་ལྔའི་རྟོགས་པ་དྲན་པར་བྱའོ། །དེ་ལྟར་ཚུལ་གཉིས་ལ་ཡན་ལག་བཞི་རྫོགས་སུ་བྱ་བ་འདི་ནི་འོག་མ་རྣམས་ལའང་སྦྱར་རོ། །ཨཱཾ་ལས་རིན་པོ་ཆེ་ཨཱཾ་གིས་མཚན་པ་ལས། རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་རྣམས་འཛིན་ཞིང༌། ཡུམ་རིན་ཆེན་སྒྲོལ་མ་དང་མཉམ་པར་སྦྱོར་བ་ལ། དབང་གི་ལྷས་སངས་རྒྱས་རྣམས་ནི་ལ་སོགས་པའི་མཐར། རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན། ཨོཾ་བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩཱ་མི་བཛྲ་ར་ག་ཏ་བཛྲ་ཤ་ལི་ཧོཿཞེས་པས་དབུ་རྒྱན་གྱི་དབང་བྱིན་ནས། བུམ་པའི་ཆུས་ཀྱང་དབང་བསྐུར་ལ། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ལ་མཆོད་ནས། ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག ཚོར་བ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་བག་ཆགས་རྒྱུད་ལ་བཞག་ཅེས་དྲན་པར་བྱའོ། །ཛྲཱིཾ་ལས་པདྨ་ཛྲཱིཾ་གི་མཚན་པ་ལས་འོད་དཔག་མེད་དམར་པོ་པདྨ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་རྣམས་འཛིན་ཞིང༌། ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བ་ལ་དབང་གི་ལྷས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་རྡོ་རྗེའི་དབང་བྱིན་ནས་བུམ་པའི་ཆུས་ཀྱང་དབང་བསྐུར་ལ། འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ་མཆོད་ནས། རྡོ་རྗེའི་དབང་ཐོབ། འདོད་ཆགས་དང༌། འདུ་ཤེས་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་བག་ཆགས་རྒྱུད་ལ་བཞག་ཅེས་དོན་དྲན་པར་བྱའོ། །ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས། དོན་ཡོད་གྲུབ་པ་ལྗང་གུ རལ་གྲི་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་ཞིང༌། ཡུམ་དམ་ཚིག་སྒྲོལ་མ་དང་གཉིས་སུ་མེད་པར་སྦྱོར་བ་ལ་དབང་གི་ལྷས། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་པས་དྲིལ་བུའི་དབང་བྱིན་ནས། བུམ་པའི་ཆུས་ཀྱང་དབང་བསྐུར་ལ། དོན་ཡོད་གྲུབ་པས་དབུར་བརྒྱན་པ་ལ་མཆོད་ནས། དྲིལ་བུའི་དབང་ཐོབ། ཕྲག་དོག་དག འདུ་བྱེད་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་བག་ཆགས་རྒྱུད་ལ་བཞག་ཅེས་དྲན་པར་བྱའོ། །མིང་གི་དབང་འདི་ལ་ནི་དབང་རྫས་མེད་དེ། བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་ཞིང༌། ཡུམ་སངས་རྒྱས་སྤྱན་མ་དང་གཉིས་སུ་མེད་པར་སྦྱོར་བ་ལ་དབང་གིས་ལྷས། ཨོཾ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་པས་རང་གི་མིང་གི་དབང་བྱིན་ནས་བུམ་པའི་ཆུས་ཀྱང་དབང་བསྐུར་ལ། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པ་ལ་མཆོད་ནས། མིང་གི་དབང་ཐོབ། གཏི་མུག་དག གཟུགས་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་བག་ཆགས་རྒྱུད་ལ་བཞག་ཅེས་དྲན་པར་བྱའོ། །དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོག་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་བླ་མས་གསུང་བར་བསམ་ཞིང་དེའི་དོན་ཡང་དྲན་པར་བྱའོ། །རིག་པའི་དབང་ལྔའོ། །དེ་ནས་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བ་ལ་དབང་གི་ལྷ་རྣམས་ཀྱིས། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ་ཨེ་ཥ་བྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། ཞེས་པས་རྡོ་རྗེའི་བརྟུལ་ཞུགས་བྱིན་པ་ལག་པ་གཡས་པས་སྙིང་གར་བཟུང་ནས། སྙིང་གི་ནང་དུ་ཡང་རང་དང་འདྲ་བའི་རྡོ་རྗེ་སེམས་དཔའ་བསམ་པ་ནི་བརྟུལ་ཞུགས་ཀྱི་དབང་སྟེ། སློབ་མའི་བྱ་བ་ལ་དབང་བར་བྱས་པས། རྡོ་རྗེ་སློབ་མའི་དབང་ངོ༌། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་པོས་བདག་ལ་སྩལ་ནས་ཀྱང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་ཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པའང་བླ་ན་མེད་པ་གསུངས། །ཞེས་ལན་གསུམ་གསོལ་བ་བཏབ་ནས། རང་དབང་སྟེགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང༌། ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས། རྡོ་རྗེ་འཆང་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བར་དམིགས་པའི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཡེ་ཤེས་པ་དང་གཉིས་སུ་མེད་པར་བྱས་ནས། སྟེང་དུ་གདུངས་དཀར་པོ་གསེར་གྱི་ཡུ་བ་ཅན་དང༌། ཕྱོགས་ཀུན་ཏུ་རྒྱལ་མཚན་དང་བ་དན་བསྒྲེང་བ་དང༌། མཆོད་པའི་སྤྲིན་གྱིས་བསྐོར་བས་བདག་ཉིད་ལ་མཆོད་ཅིང་བླ་མ་ཉིད་ཀྱིས། འདི་དེ་སངས་རྒྱས་ཐམས་ཅད་ལ་སོགས་པ་དང༌། སརྦ་ཏ་ཐཱ་ག་ཏའི་སྔགས་ཀྱིས་ལག་པ་གཡས་པར་རྡོ་རྗེ་གནང་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་རྡོ་རྗེའི་དེ་ཁོ་ན་ཉིད་གསུང་ཞིང་ཐུགས་ཀྱི་དམ་ཚིག་གནང༌། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་པས་གཡོན་པར་དྲིལ་བུ་གནང་ནས། ཨ་སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷཎྜེ་ཨཿཞེས་དྲིལ་བུའི་དེ་ཁོ་ན་ཉིད་གསུང་ཞིང༌། གསུང་གི་དམ་ཚིག་གནང༌། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་རྗེས་སུ་གནང་བ་བྱིན་ནས། ཤེས་རབ་བཅུ་དྲུག་ལོན་པ་ལ། །འཁྱུད་པའི་ཚུལ་དུ་བྱས་པ་ལས། །སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་ཟུང༌། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷ་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་དུ་ནི་མི་མཛད་པ། །ཕྱག་རྒྱ་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་ཕྱག་རྒྱའི་དམ་ཚིག་རྒྱས་པར་གསུངས་ནས། བུམ་པའི་ཆུས་ཀྱང་དབང་བསྐུར་ཞིང༌། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པ་ལ་དབང་གི་ལྷ་ཐམས་ཅད་ཀྱིས། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་གསུང་ཞིང་མེ་ཏོག་གི་ཆར་ཕབ་ནས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བར་བསམ་མོ། །དེ་ནས་དཀྱིལ་འཁོར་ཞེས་ནི་གང་བཤད་པ་ལ་སོགས་པ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། རྣམ་པར་ཤེས་པ་དག་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནི་བཅོམ་ལྡན་འདས། གཟུགས་ཀྱི་ཕུང་པོ་དག་པ་མེ་ལོང་ལྟ་བུ་ནི་གཽ་རཱི་ལ་སོགས་པ་ལྷའི་དེ་ཁོ་ན་ཉིད་དང༌། དེ་ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་ཚང་བ་སློབ་དཔོན་གྱི་དེ་ཁོ་ན་ཉིད་གསུང་བར་བསམ་ཞིང༌། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །འདི་ཡི་གཟུགས་ཀྱི་ཕུང་པོ་ནི། །བཅོམ་ལྡན་རྣམ་པར་སྣང་མཛད་དོ། །ཚོར་བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །འདུ་བྱེད་དེ་བཞིན་རྡོ་རྗེ་རྒྱལ། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཀུན་གྱི་ངོ་བོ་ཧེ་རུ་ཀ །མདོར་ན་ཕུང་པོ་ལྔ་རྣམས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །རྡོ་རྗེ་སྐྱེ་མཆེད་བདག་ཉིད་དེ། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་མ་ཞེས་བྱ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་བརྗོད་ལ་དོན་དྲན་པར་བྱས་ནས། དེ་ནས་རྗེས་གནང་གི་རྫས་རྣམས་རིམ་པ་བཞིན་གནང་ནས་ཚིག་རྣམས་གསུང་བར་བསམ་ཞིང༌། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམ་རོལ་ཕྱིར། །རྡོ་རྗེ་སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །ཨཱཿཞེས་སྒེག་པ་དང༌། སྒེག་དང་བཅས་པའི་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ་ཞེས་ཕྲེང་བ་དང༌། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་གྱིས། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་ཐོབ་པར་འགྱུར། །གཱི་ཞེས་གླུ་དང༌། དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་གྱིས། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོཿཞེས་གར་དང༌། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་བསྒོས་པ། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཧཱུྃ་ཞེས་བདུག་སྤོས་དང༌། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པ། །མཚན་དང་དཔེ་བྱད་འབར་བ་ཡིས། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུྃ་ཞེས་མེ་ཏོག་དང༌། ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མས་གསལ་བར་གྱིས། །པྲ་ཞེས་མར་མེ་དང༌། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གཿཞེས་པས་དྲི་སྟེ། ལྷ་མོ་བརྒྱད་ཀྱི་སྒོ་ནས་མཆོད་པའི་རྗེས་གནང་དང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཔྲཾ། ཞེས་ཐུར་མའི་རྗེས་གནང་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཞེས་མེ་ལོང་དང༌། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་དྲིལ་བུ་དང༌། ཧོཿདེ་བཞིན་གཤེགས་པ་ཐམས་ཅད་དང༌། །རྗེས་སུ་ཆགས་པར་བྱོས་ཤིག་ཅེས་མདའ་གཞུ་དང༌། ཨ་བཛྲ་ས་ཏྭ་རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པར་ཤེས་པར་གྱིས་ཤིག ཅེས་པས་མེ་ལོང་སྟེ། སེམས་ཅན་གྱི་དོན་བྱ་བའི་རྗེས་སུ་གནང་བ་ལྔ་དང༌། བཛྲ་ཧེ་ཏུས་རྐང་པའི་འོག་ཏུ་འཁོར་ལོ་དང༌། བཛྲ་བྷཀྵ་རྃ་གྱིས་ལག་པ་གཡས་པར་དུང་དང༌། བཛྲ་གྷཎྜེ་ཨཿས་གཡོན་པར་དྲིལ་བུ་དང༌། ཨས་པང་དུ་པོ་སྟི་བྱིན་ནས། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང༌། །ཁྱོད་ལ་རྟག་ཏུ་བསྲུང་བ་མཛད། །ཅེས་པ་དང༌། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེའི་འཁོར་ལོ། རིན་ཆེན་འཁོར་ལོ། པདྨའི་འཁོར་ལོ། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་དུང་བུས། སྒྲ་སྒྲོགས། བཤད་པ་གྱིས་ཞེས་པ་ཆོས་བཤད་པའི་རྗེས་སུ་གནང་བ་མཛད་པར་བསམ་ཞིང་བརྗོད་ལ་དོན་དྲན་པར་བྱའོ། །དེ་ལྟར་བསྐྱེད་པ་ཕྱིའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས་ཞེས་དྲན་པར་བྱའོ། །བུམ་པའི་དབང་ངོ༌། །དེ་ནས་གསང་བའི་དབང་གི་དོན་དུ། བླ་མ་ལོངས་སྐུར་དམིགས་པ་ལ། མཎྜལ་ཕུལ་ནས། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པས་རྡོ་རྗེ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགེས། །ཞེས་ལན་གསུམ་གསོལ་བ་བཏབ་ལ། གདོང་གཡོགས་ནས་འབྲུ་གསུམ་བརྗོད་ཅིང་བདུད་རྩི་གཏོར་བས་བྱིན་གྱིས་བརླབ་པར་བསྒོམས་ནས། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་པ་ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ། གསང་བའི་གནས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་རྣམ་པས་བབས་པ་བདག་གི་ལྕེ་ཐོག་དུ་གནང་བར་བསམ་ཞིང༌། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །སངས་རྒྱས་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་གསུང་བར་བསམས་ནས། དངོས་སུ་བདུད་རྩི་མྱངས་པས་ལུས་ཐམས་ཅད་གང་ཞིང༌། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགགས་ནས། གསུང་རྣམ་པར་དག་པ་འོད་དཔག་ཏུ་མེད་པར་གྱུར་པར་བསྒོམས་ལ། འབྲུ་གསུམ་བརྗོད་ཅིང་གདོང་གཡོགས་ཕྱེ་ནས། བླ་མ་ཤཱཀྱ་ཐུབ་པའི་རྣམ་པར་གྱུར་པས་མི་འཇིགས་པའི་ཕྱག་རྒྱ་སྤྱི་བོར་གཏུགས་ནས། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ། ས་འོག་ས་སྟེང་ས་བླ་རྣམས་སུ་བྷཱརྦྷུ་ཝ་སྭཿ གང་ལ་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་ལུང་བསྟན་པར་བསམ་མོ། །དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས་ཞེས་དྲན་པར་བྱའོ། །གསང་བའི་དབང་ངོ༌།།  །།དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། བླ་མ་ཆོས་སྐུར་དམིགས་པ་ལ་མཎྜལ་ཕུལ་ནས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་ལན་གསུམ་གསོལ་བ་བཏབ་ལ། གདོང་གཡོགས་ནས་འབྲུ་གསུམ་བརྗོད་ཅིང༌། བདུད་རྩི་གཏོར་བས་བྱིན་གྱིས་བརླབ་པར་བསྒོམས་ནས། རང་ཉིད་ཀྱེའི་རྡོ་རྗེར་དམིགས་པ་ལ། བླ་མས་རིག་མ་རྡོ་རྗེ་བདག་མེད་མ་གནང་བར་བསམ་ཞིང༌། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་གསུངས་པ་དང༌། རིག་མ་དེས། བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་དེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་ཙུམྦ་ན། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཞེས་དྲིས་པའི་ལན་དུ། བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་ཅིས་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་ཙུམྦ་ན། །བདག་ནི་ཅི་དགར་སྤྲོ་གྱུར་ཏོ། །ཞེས་ལན་བཏབ་པ་དང༌། ལྷ་མོ་དེ་མཉེས་ནས། གསང་བའི་དཀྱིལ་འཁོར་བསྟན་ནས། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཅི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །བྱ་བ་པདྨར་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་དེ། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་སྤྲོ་བ་བསྐྱེད་ནས་པང་དུ་བྱོན་པ་དང༌། སླར་ཡང་ལྷའི་སྐུ་གཉི་ག་གསལ་བཏབ་ནས། མཁའ་གསང་དང་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་དུ་སྙོམས་པར་ཞུགས་པས། འཁྱུད་པ་དང་ཙུམྦའི་ཚེ་སྣ་ཚོགས་པ་ལ་དགའ་བ་དང༌། མཉམ་པར་སྦྱོར་བའི་ཚེ་རྣམ་སྨིན་ལ་མཆོག་དགའ། དཔྱོད་པ་དང་ལྡན་པའི་ཚེ་རྣམ་ཉིད་ལ་དགའ་བྲལ་གྱི་དགའ་བ། བདེ་སྟོང་ཟུང་དུ་ཆུད་པའི་ཚེ་མཚན་ཉིད་དང་བྲལ་བ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ། དེ་ཉིད་ཀྱི་ཚེ་ཡས་འབབ་ཀྱི་དགའ་བ་བཞི་དང༌། མས་བརྟན་གྱི་དགའ་བ་བཞི་མངོན་དུ་བྱས་ནས་ལྷན་ཅིག་སྐྱེས་པའི་ངང་ལ་མཉམ་པར་གཞག་གོ །དེ་ནས་གདོང་གཡོགས་ཕྱེ་ནས། འདོད་ཆགས་དྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ་ཅེས་ཆགས་པ་གསུམ་གྱི་དོན་ལ་གདམས་ནས། ཕྱག་འཚལ་ཏེ་རང་གི་ལུས་ཕུལ་བ། བླ་མས་སྔགས་དང་རྒྱུད་རྣམས་འཛིན་འགྱུར་བའི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་པས་དཀྱིལ་འཁོར་དང་སངས་རྒྱས་ཐམས་ཅད་ལ་ཕུལ་ནས། སྔགས་དང་རྒྱུད་རྣམས་འཛིན་གྱུར་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །སྔགས་བཤད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་སྲུང་བ་མཛད། །ཅེས་པ་དང༌། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་འབྲས་བུའི་དབུགས་ཕྱུང་ནས། སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །ཆོས་ལ་ཡིད་གཉིས་སྤང་བྱ་ཞིང༌། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །བུད་མེད་ཉིད་ལ་སྨད་མི་བྱ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམ་སྤང་ཞིང༌། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབས་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླ་ཞིང༌། །བསམ་གཏན་ཉིད་ཀྱང་རྣམ་པར་སྤྱད། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང༌། །རྟག་པ་རུ་ནི་བཤད་པ་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལ་ལ་ཆུ་སྦྱིན་ཞིང༌། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང༌། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་ལམ་དུས་ཀྱི་དབུགས་དབྱུང་མཛད་པ་བསམ་ཞིང༌། ངག་ཏུ་བརྗོད་ལ་དོན་དྲན་པར་བྱའོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུའི་རྟེན་འབྲེལ་མངོན་དུ་བྱས་ཞེས་དྲན་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་དབང་བཞི་པའི་དོན་དུ། བླ་མ་ངོ་བོ་ཉིད་ཀྱི་སྐུར་དམིགས་པ་ལ་མཎྜལ་ཕུལ་ནས། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། གདོང་གཡོགས་ལ་འབྲུ་གསུམ་བརྗོད་ཅིང༌། བདུད་རྩིས་གཏོར་བས་བྱིན་གྱིས་བརླབ་པར་བསྒོམས་ནས་ལུས་སྐྱིལ་ཀྲུང་ལག་པ་མཉམ་གཞག་གི་ཕྱག་རྒྱ་བྱས་ལ་བླ་མས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་གསུང་བར་བསམས་པའི་དོན་དྲན་པར་བྱས་ནས། དེ་ལ་ཡིད་མཉམ་པར་གཞག་གོ །དེ་ནས་གདོང་གཡོགས་ཕྱེ་ནས། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡིས། །དེ་རིང་སྡིག་ལས་རྣམ་གྲོལ་འགྱུར། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིས་ནི་འཆི་བ་ཡོད་མིན་ཞིང༌། །མི་ཐུབ་པ་དང་མི་ཆོད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཞེས་གཟེངས་བསྟོད་པ་མཛད་པར་བསམ་ཞིང༌། བརྗོད་ལ་དོན་དྲན་པར་བྱའོ། །དེ་ལྟར་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག རྡོ་རྗེའི་རྦ་རླབས་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས་ཞེས་དྲན་པར་བྱའོ། །དབང་བཞི་པའོ།།  །།དེ་ནས་གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་གྱིས་དམ་ཚིག་དང་སྡོམ་པ་བསྡུས་ཏེ་ཁས་བླངས་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་པས་ལུས་དང་ལོངས་སྤྱོད་ཐམས་ཅད་གཏང་རག་ཏུ་དབུལ་ལོ། །དེ་ནས་དབང་བླང་བའི་ཡུལ་དང༌། ལེན་པ་པོ་དང༌། ལེན་པའི་ཚུལ་གསུམ་ཀ་རང་བཞིན་མེད་པ་སྒྱུ་མ་ལྟར་ཤེས་པའི་ངང་ནས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱང་བླང་བའི་ཕྱིར། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །ཀྱེ་ཡི་རྡོ་རྗེར་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཅེས་པ་དང༌། དེ་ནས་བདེན་པའི་སྟོབས་བརྗོད་པ་ནི། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་དབྱངས་དང་བཅས་པའམ། མེད་ཀྱང་རུང་སྟེ་ལན་གསུམ་བརྗོད་དོ། །དེ་ནས་གཏོར་མ་རྣམས་སྟ་གོན་གྱི་སྐབས་ལྟར་ཕུལ་ནས་ཕྱི་ནང་གི་ལྷ་རྣམས་མཆོད་པའི་ཕྱིར། ཚོགས་ཀྱི་འཁོར་ལོ། ལྷག་གཏོར་བཀྲ་ཤིས་དང་བཅས་པའི་བར་ཆོ་ག་ལས་འབྱུང་བ་ལྟར་བྱས་ནས། མདུན་གྱི་དཀྱིལ་འཁོར་ལ་སླར་ཡང་མཆོད་པ་དང་བསྟོད་པ་བྱས་ལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཇི་ལྟར་འདོད་པ་རྣམས་གསོལ་བ་བཏབ་ནས། ལས་བསགས་པ་འབྲས་བུ་དང་ལྡན་པའི་ཕྱིར། བསྔོ་བ་དང་སྨོན་ལམ་ཡང་རྒྱ་ཆེར་བཏབ་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་པ་དང་ཡི་གེ་བརྒྱ་པ་ཡང་བརྗོད་དོ། །དཀྱིལ་འཁོར་ལ་མ་བསྟིམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཞེས་པས་གཤེགས་སུ་གསོལ་ལོ། །རས་བྲིས་ཀྱི་དཀྱིལ་འཁོར་ལ་བསྟིམ་པ་ནི། རབ་ཏུ་གནས་པ་མཆོག་ཏུ་གྱུར་པའི་ཕྱིར། བརྟན་པར་བཞུགས་སུ་གསོལ་ནས། གཏོར་མའི་མགྲོན་རྣམས་གཤེགས་སུ་གསོལ། གཏོར་མ་ཉིད་ཀྱང་རོལ་མོ་དང་བཅས་པས་བཏང་སྟེ། བདག་ཉིད་ཀྱི་གནས་གསུམ་བསྲུངས་ནས། ལས་ཀྱི་རྗེས་བསྡུས་ལ། གནས་སྐབས་དང་རྗེས་སུ་འབྲེལ་བའི་རྣལ་འབྱོར་གྱིས་གནས་པར་བྱའོ། །ཚུལ་འདི་ལྟར་རྟག་ཏུ་བྱས་ན་དབང་ལམ་དུ་བྱས་པའི་ཕྱིར། མཐར་ཐུག་གི་འབྲས་བུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་ཏེ། དབང་བསྐུར་ཡང་ཡང་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་རྫོགས་འཚང་རྒྱ། །ཞེས་གསུངས་སོ། །དབང་སྦྱིན་པའི་ཚུལ་ཡང༌། ཐོག་མར་གཞན་གྱི་རྐྱེན་གྱིས་རྟེན་འབྲེལ་བསྒྲིག་པ་རྒྱུ་དུས་ཀྱི་དབང་དང༌། དབང་གི་ཚུལ་དེ་ཉིད་ཡང་ནས་ཡང་དུ་ལེན་པ་རྒྱུ་དབང་ལམ་དུ་བྱེད་པ་དང༌། ཆོ་ག་དེ་ཉིད་རང་གི་ཏིང་ངེ་འཛིན་གྱིས་ལེན་པ་རྒྱུ་དབང་ཏིང་ངེ་འཛིན་གྱིས་ལམ་དུ་བྱེད་པ་དང༌། འཇུག་པ་སྤངས་པའི་དབང་ཉིད་མདོ་རྒྱས་གནས་སྐབས་དང་སྦྱར་བ་རང་གིས་ལེན་པ་དབང་ཉིད་ཏིང་ངེ་འཛིན་གྱིས་ལམ་དུ་བྱེད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཅིག་ཅར་དབང་བསྐུར་བས་འབྲས་བུ་ལ་མཚམས་སྦྱོར་བ་སྟེ། དབང་སྦྱིན་པའི་ཚུལ་ལྔ་ལས་འདི་ནི་གསུམ་པའོ། །མ་བསྒོམས་པར་འཚང་རྒྱ་བ་ནི་ལམ་གཞན་ལ་འབད་པ་ཆེར་མ་བྱས་ཀྱང་འགྲུབ་པའོ། །གནས་སྐབས་ཀྱི་འབྲས་བུ་ནི་ཞར་ལས་འགྲུབ་པ་ཉིད་དེ། འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་གསུངས་སུ། དབང་གི་རྣམ་པར་གཞག་པའང་བསྟན་ཟིན་ཏོ། །སངས་རྒྱས་གྲོང་ཁྱེར་ཡིད་འོང་བར། །བདག་ཉིད་ཞུགས་ནས་དབང་བླང་བའི། །ཚུལ་འདི་དགེ་སློང་དཔལ་གྱིས་བསྐུལ། །སྔགས་འཆང་འཕགས་པ་ཞེས་བྱས་སྦྱར། །དགེ་བ་དེ་ཡིས་འགྲོ་ཀུན་གྱིས། །བླ་མ་མཆོག་ལས་དབང་ཐོབ་ནས། །ཡང་དག་ལམ་གྱིས་གྲོལ་བྱས་ཏེ། །རྡོ་རྗེ་འཛིན་པར་འཇུག་གྱུར་ཅིག །དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག དབང་ལ་འཇུག་པ་ཞེས་བྱ་བ་འདི་ནི། སྟན་གཅིག་པའི་བརྟུལ་ཞུགས་ལ་ལེགས་པར་གནས་པའི་དགེ་སློང་དཔལ་གྱི་འབྱུང་གནས་ཞེས་བྱ་བས་གསོལ་བ་བཏབ་ཅིང༌། འཕྲུལ་གྱི་ཡིག་མཁན་འཇམ་ཉེག་ཅེས་བྱ་བས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་དགེ་སློང་འཕགས་པས། མེ་ཕོ་སྟག་གིས་ལོ་ཁྲུམས་ཀྱི་ཟླ་བ་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*